Sunday, August 28, 2011

འཛམ་གླིང་ཤིང་རྟའི་དབྱིབས།




མཛོད་དུ། འཛམ་བུ་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཞེས་པའི་འགྲེལ་བར་འཆིམས་འཇམ་པའི་དབྱངས་ཀྱིས། འཛམ་བུ་གླིང་སྟེ་ཚད་ནི་ངོས་གསུམ་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད་ལ་ངོས་གཅིག་སྟེ་ཁོར་ཡུག་ལ་བསྟན་པ་ལ་ནི་དཔག་ཚད་ཕྱེད་དང་བཞི་ཡོད་དོ། ཞེས་སྦྱར་རོ། ངོས་དག་ཚད་མཉམ་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གླིང་འདི་ནི་ཤིང་རྟའི་དབྱིབས་སུ་ཡོད་པའི་ཕྱིར་ཏེ། མཐའ་བསྐོར་ན་དཔག་ཚད་སྟོང་ཕྲག་དྲུག་དང་ཕྱེད་དང་བཞི་ཡོད་དོ། ། ཞེས་གསུངས་འདུག


ངས་བསམ་ན་སློབ་དཔོན་དབྱིགས་གཉེན་གྱིས་རྒྱ་གར་གྱི་སྲོལ་རྒྱུན་གྱི་བཤད་སྲོལ་གཞིར་མཛད་ནས་གསུངས་པ་གོར་མ་ཆག་ལ་ཤིང་རྟའི་དབྱིབས་གཟུགས་སུ་ཇི་ལྟར་ཡོང་བ་གཏན་མི་གསལ་ཤིང་གོང་དུ་གསུངས་པའི་མཛོད་ཀྱི་ཚིག་རྐང་གསུམ་གྱི་དོན་ནི་འདིར་བྲིས་པའི་རི་མོ་ཟུར་གསུམ་ལྟ་བུ་ཞིག་ལས་མི་འོང་འདུག ད་འོ་ན་ཤིང་རྟ་ཟེར་བ་གང་ལ་ངོས་འཛིན་དགོས། འཁོར་ལོ་དང་། གཞོངས་པ། འཐེན་ཡུ། དེ་ཀུན་ཚོགས་པ་དེ་ཡིན་ན་དབྱིབས་འདི་འདྲ་བ་ཟུར་གསུམ་མགོ་ཆད་ཅིག་ཏུ་ཡོང་ཐབས་ཡོད་དམ།

ཚན་རིག་པས་བཤད་སྟངས་ལྟར་བྱས་ན་ས་ལྒང་འདི་ཉིད་རིལ་རིལ་ལྗང་མདོག་ཅན་ཞིག་ཏེ་འདི་གཉིས་ནམ་ཡང་སྦྱར་ཀྱང་མི་འབྱོར་བ་ཞིག་ཏེ་སྟག་གི་ཡ་མགོ་དང་སེང་གེའི་མ་མགོ་བཞིན་ནོ། དང་པོ་གྲུབ་པའི་དུས་སུ་ཤིང་རྟའི་དབྱིབས་ཏེ་སློབ་དཔོན་གྱི་གསུངས་པ་བཞིན་ཡོད་ནའང་མི་ལོ་ཐེར་འབུམ་མང་པོར་འཇམ་རྩུབ་ཅི་རིགས་སུ་བརྡར་བས་དེ་རིང་ཚན་རིག་པས་བཤད་པ་བཞིན་རིལ་རིལ་འདི་ཉིད་ཏུ་གྲུབ་པས་འགལ་བ་ཅི་ཡང་མེད་གསུངས། འོ་ན་རླུང་གིས་ཕྱོགས་ཀུན་ནས་བརྡར་འགྲོ་བས་དེ་རིང་ཚན་རིག་པས་མཐོང་བའི་འཛམ་གླིང་འདིའང་ཟུར་གསུམ་ཟད་པོ་ཞིག་ཏུ་མངོན་དགོས་སྟེ། དཔེར་ན་གཟུགས་པོ་ཁྲུས་བྱེད་ཡིས་ཙི་ཟད་པའི་སྐབས་སུའང་སྔར་གྱི་ནུར་ནུར་དང་། གྲུ་བཞིའི་རྣམ་པ་ལས་རིལ་རིལ་བྱ་སྒོང་ལྟ་བུ་མི་ཡོང་བ་ང་ཚོ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེས་ན་ཆོས་ཚན་གཉིས་ཀྱི་རང་རང་གི་ལུགས་ཀྱིས་འཇིག་རྟེན་ཆགས་རབ་དེ་དག་ཞིབ་ཅིང་ཕྲ་བས་གཏན་ལ་ཕབ་པའི་རྗེས་སུ་ཆོས་ཚན་གཉིས་ཀྱི་བཤད་སྟངས་ཐོད་ཐུག་ཡོད་ན་རབ་དང་། གལ་ཏེ་ཐོད་མ་ཐུག་ནའང་གང་ཉིད་རིག་པ་མི་འགལ་ཞིང་སྒྲུབ་བྱེད་མང་བ་དེ་ཉིད་ཁས་ལེན་བྱེད་ན་འོས་པར་སེམས། གཞན་དང་པོ་ཉིད་ནས་མངོན་པ་ནས་བཤད་སྟངས་འདི་དག་ཚན་རིག་དང་འགལ་མི་ཡོང་ངམ་སྙམ་པའི་སྐྲག་སྣང་གིས་ཞིབ་འཇུག་བྱས་ན་མི་མངོན་པའི་ཟུར་ནས་ཆོས་ཚན་གཉིས་ཀྱི་གྲུབ་དོན་གཅིག་ཏུ་སྒྲུབ་པ་ལ་གཞོལ་བར་དོགས་སོ། དེ་ལྟར་དུ་སོང་ན་གཟུར་གནས་བློ་ལྡན་ཟེར་བ་སོགས་ཀྱང་ཡོང་མིན་ཐེ་ཚོམ་རེད།

Monday, August 8, 2011

མ་ཎིའི་རྫོངས་པ།


གཅེས་ཉར་ཁྱི་ཕྲུག་ཅིག་ཤི་བའི་དུར་འཇུག་སྐབས།

ཨོཾམཎིཔདྨེཧཱུཾ།

ཕྱི་ཐག་རིང་བའི་གྲུམ་ཕྲུག་ཁྱོད།།
མ་ནུ་ལྕེ་ཡིས་མ་འཇིབ་གོང་།།
མིག་ལྕེབས་གྱེན་དུ་མ་བཏེགས་གོང་།།
ང་ཡི་ཁྱིམ་དུ་བཙན་གྱིས་བླངས།།

བལ་གྱི་རྩེ་ནས་འོ་མ་ལྡུད།།
རྐན་གྱི་ཕུགས་ནས་ཟས་ཀྱིས་གསོས།།
གཅིན་དང་ཕྱི་སའི་གནོད་པ་བསལ།།
ལས་ཀྱི་ཕ་མ་ང་ཡིས་བྱས།།

ནམ་ཞིག་ཁོ་ལག་རྫོགས་པའི་དུས།།
མིག་གིས་ཟུར་ནས་ང་ལ་བལྟས།།
གདོན་དང་གནོད་པ་བསྲུང་བའི་ཕྱིར།།
གྲོང་དང་ཁྱིམ་མཚེས་ཟིང་ལ་སྦྱར།།

འདི་སྣང་དགྲ་འདུལ་གཉེན་སྐྱོང་བའི།།
ལས་གཞི་ཉིན་མཚན་ཡུག་ལ་སྦྲེལ།།
ཁྱོད་ལ་ཐོབ་ཤོེར་མེད་ན་ཡང་།།
ཁོ་བོ་མགུ་བའི་ཆེད་དུ་ལོ།།

ཤ་ཞོ་གཉིས་ལ་ངོམས་པ་མེད།།
ཇ་འོ་གཉིས་ལ་ཚིམས་པ་མེད།།
ལྟོ་བ་འགྲངས་ན་གཉིད་ལ་ཡུར།།
ཉི་མ་དྲོ་ན་འུར་ཟིང་ཆེ།།

རྡོ་རྗེ་འཁྲེག་ཅིང་ལས་རུང་ཡང་།།
གློག་ཞགས་འདྲ་བའི་ཚེ་ཐུང་འདིར།།
འགྲོ་བ་གཞན་དང་མ་འཁྲིག་པའི།།
ང་དང་ཁྱོད་གཉིས་མཚུངས་ཆོས་མང་།།

སྒོ་གསུམ་སྤྱོད་པ་ང་ལ་བསྟུན།།
བསླད་མེད་ཁྱོད་ཀྱི་སེམས་ཁམས་འདི།།
སྔོན་བྱོན་དམ་པས་རབ་བསྔགས་ཤིང་།།
བཤེས་གཉེན་བསྟེན་ལ་སྦྱར་སྐད་ལོ།།

དེ་ཡང་ཟས་དང་སྐོམ་གྱི་ཆེད།།
རྔ་མ་གཡུག་པ་ཙམ་མིན་པར།།
རང་ཤེད་མེད་པའི་བསམ་ཤེས་འདི།།
དམ་པ་རྣམས་ཀྱིས་རྟོགས་པ་འདྲ།།

དེ་ལྟར་ཕན་ཚུན་གུ་ཡངས་དང་།།
ལྷག་བསམ་ཟོལ་མེད་བྱས་པའི་མཐུས།།
ཁྱོད་ཉིད་མེད་པའི་ཁྱིམ་གཞིས་འདི།།
རེ་ཞིག་གྲང་རླུང་ཤུར་ཤུར་ལྡང་།།

རྒ་དང་ན་བའི་གནོད་པ་རྣམས།།
གྲིབ་སོ་བཞིན་དུ་འོང་བའི་དུས།།
གནའ་དེངས་གཉིས་ཀྱི་གསོ་དཔྱད་ཕལ།།
མ་བཀོལ་བྱ་བ་ཡེ་མ་དམིགས།།

སྐྱེ་རྒ་ན་འཆིའི་རྒྱལ་ཁྲིམས་འདི།།
ས་ཐོབ་སངས་རྒྱས་བྱང་སེམས་ཡང་།།
ཡུར་ཆུ་བཞིན་དུ་དྲངས་སོང་ན།།
ང་དང་ཁྱོད་འདྲ་ལྟ་ཅི་སྨོས།།

ཕྱི་མིག་སྔོན་མོ་ཅེར་བཞིན་དུ།།
སྲིད་པ་གཞན་དུ་བཞུད་པ་ཡི།།
མ་ཎི་དབྱངས་རྟ་གཉོམ་པོ་ཡིས།།
ད་རིང་ང་ཡིས་རྫོངས་པ་བྱེད།།

ཚེ་རབས་སྔོན་མའི་འབྲེལ་ཐག་གམ།།
འདི་ཞེས་ཤོད་དུ་མི་བཏུབ་པའི།།
མི་མངོན་ལྐོག་གི་ཚོར་བ་འདིས།།
མགྲིན་པ་ཡངས་མོ་མཆིལ་མས་བརྣངས།།

རིགས་དྲུག་འགྲོ་ལ་གཟིགས་པ་ཡི།།
འཕགས་མཆོག་སྤྱན་རས་གཟིགས་དབང་གིས།།
གྲུ་འཛིན་རི་བོའི་ཞིང་ཁམས་སུ།།
ད་ལྟ་འདྲེན་པར་མཛད་དུ་གསོལ།། །།

༢༠༡༡ ལོའི་ཟླ་ ༨ པའི་ཚེས་ ༧ ཉིན།

Wednesday, August 3, 2011

མཛད་པ་བཅུ་གཉིས།

དང་པོ། དགའ་ལྡན་གནས་ནས་གཤེགས་པའི་མཛད་པ།
གཉིས་པ། ཡུམ་གྱི་ལྷུམས་སུ་ཞུགས་པའི་མཛད་པ།
གསུམ་པ། སྐུ་བལྟམས་པའི་མཛད་པ།
བཞི་པ། གཞོན་ནུ་རོལ་རྩེད་ཀྱི་མཛད་པ།
ལྔ་པ། བཙུན་མོ་ས་འཚོ་མ་ཁབ་ཏུ་བཞེས་པའི་མཛད་པ།
དྲུག་པ། རབ་ཏུ་བྱུང་བའི་མཛད་པ།
བདུན་པ། དཀའ་ཐུབ་སྤྱད་པའི་མཛད་པ།
བརྒྱད་པ། ཏིང་ངེ་འཛིན་ལས་ལྡང་བའི་མཛད་པ།
དགུ་པ། རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ།
བཅུ་པ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ།
བཅུ་གཅིག་པ། ཆོས་འཕྲུལ་བསྟན་པའི་མཛད་པ།
བཅུ་གཉིས་པ། སྐུ་མྱ་ངན་ལས་འདས་པའི་མཛད་པ།

Tuesday, July 5, 2011

རྒྱལ་སྲིད་སྣ་བདུན་དང་སྦྱར་བའི་བསྟོད་གླུ།



1. རྣམ་དག་ངེས་འབྱུང་དྲག་པོའི་ལྟེ་བ་ཟླུམ།།
མཐའ་བྲལ་བྱང་ཆུབ་སེམས་ཀྱི་མུ་ཁྱུད་འཁྱིལ།།
འཛིན་མེད་ལྟ་བའི་སོ་ཁ་ཕྱོགས་སུ་འཁོར།།
ཟླ་མེད་བསྟན་པའི་འཁོར་ལོ་རིན་པོ་ཆེ།།

2. ཡིད་གཉིས་ཐེ་ཚོམ་མེད་པའི་མིག་བཙུམ་ནས།།
དད་པའི་ལག་ཟུང་སྙིང་གི་ཕྱོགས་སུ་སྦྱར།།
ཅི་གསུང་བཀའ་སྒྲུབ་རྒྱལ་མཚན་རྩེར་བཀོད་ན།།
དགོས་འདོད་ཀུན་འབྱུང་ནོར་བུ་རིན་པོ་ཆེ།།

3. ཕ་མཁར་བྲག་རི་དཀར་པོ་ཐོག་ལྕེས་བཅོམ།།
ཤུལ་ལུས་འགྲོ་རྣམས་སྒྱིད་པ་འདར་ཆོམ་ཆོམ།།
ཅི་བྱ་གཏོལ་མེད་གྱུར་པའི་དྭ་ཕྲུག་ཚོགས།།
བརྩེ་ལྡན་མ་མ་བཙུན་མོ་རིན་པོ་ཆེ།།

4. བྱང་ཐང་བྱིས་པ་ལྟ་བུའི་གདོང་དམར་བ།།
ནང་དུ་འདུག་ཆོས་གྲ་སྒྲིག་སྡུག་སར་བྱེད།།
ཕྱི་ཡི་འགྲོ་ཆོས་རེ་བ་བཟང་སར་བྱེད།།
དུས་གསུམ་དཔྱོད་ལྡན་བློན་པོ་རིན་པོ་ཆེ།།

5. ཤར་གྱི་སྲིད་དོན་འདམ་བུ་ཐོང་གྱིས་བརྒལ།།
ནུབ་ཀྱི་ཚན་རིག་ཚང་ཚིང་ཧར་གྱིས་གཤགས།།
ཞི་བདེ་སྣ་ཞགས་རིང་པོ་ཕྱོགས་བཅུར་བརྐྱངས།།
མཐོ་སྒང་བོད་ཀྱི་གླང་པོ་རིན་པོ་ཆེ།།

6. སྟེང་ནས་གནམ་རལ་འོག་ནས་མཚོ་བརྡོལ་བའི།།
རེ་བ་རྨང་ནས་ཟད་པའི་ལམ་གོལ་བ།།
གང་འདོད་ཡུལ་དུ་སྐད་ཅིག་གཅིག་སྐྱལ་བ།།
ཐུགས་རྗེ་མི་གཡོལ་རྟ་མཆོག་རིན་པོ་ཆེ།།

7. སྲིད་གསུམ་འགྲོ་འདི་ད་ཀོ་ཆེར་ཁྲོས་ནས།།
སྣ་ཚོགས་མཚོན་གྱི་ཐང་ཐང་དུ་བཏབ་ཀྱང་།།
བྱམས་པའི་སེམས་ཀྱིས་ལྷག་པར་བརྩེ་བ་ཁྱོད།།
ཐུབ་པའི་རྟུལ་ཞུགས་དམག་དཔོན་རིན་པོ་ཆེ།།


8. དེ་ལྟར་རྒྱལ་སྲིད་དམ་པ་རིན་ཆེན་བདུན།།
མ་ལུས་རྫོགས་པའི་ཡོངས་འཛིན་དྲིན་ཅན་རྗེ།།
སྐུ་ཚེ་མི་ཤིག་རྡོ་རྗེ་དག་པའི་ཁམས།།
བསྐལ་པ་རྒྱ་མཚོར་གཡོ་བ་མེད་གྱུར་ཅིག། །།
ཅེས་༸ སྤྱི་ནོར་གོང་ས་མཆོག་བོད་ལུགས་དགུང་གྲངས་དོན་དྲུག་ལ་ཕེབས་པའི་འཁྲུངས་སྐར་ཏེ། ཕྱི་ལོ་༢༠༡༡ ལོའི་ཟླ་༧ པའི་ཚེས་༦་ཉིན་མི་རྐང་གླིང་བུར་འབོད་པས་གསོལ་བ་བཏབ་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།

Monday, June 13, 2011

ཁོར་ཡུག་སྲུང་སྐྱོབ་པ། རྗེས་བཟང་བསོད་ནམས་དར་རྒྱས།




འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོ་འདིར་ས་སྒང་འདིར་འཁོད་པའི་འགྲོ་བ་མིའི་རིགས་ཕལ་མོ་ཆེས་རང་ཉིད་གནས་སྡོད་བྱེད་ས་འདི་ཉིད་བདག་གཉེར་ལེགས་པོ་མ་བྱུང་བས་ཆེས་འཇིགས་སུ་རུང་བའི་གཡང་གཟར་ཞིག་ཏུ་གནས་བཅས་ཡོད་པར་ཤེས། དེའི་ཆེད་དུ་ལྗོན་ཤིང་འདེབས་འཛུགས་དང་། གད་སྙིགས་གཙང་བཟོ། ཆུ་བེད་ཉུང་སྤྱོད་སོགས་སྣོད་ཀྱི་འཇིག་རྟེན་འདིར་ཕན་པོའི་ལས་ཀ་མང་པོ་ཞིག་གཉེར་དང་གཉེར་བཞིན་འདུག དེ་དང་དུས་བསྟུན་ནས་ང་རང་ཉིད་ཀྱི་འཚོ་སྡོད་བྱེད་སའི་བོད་ཡུལ་སྣོད་བཅུད་སྤྱི་དང་། ལྷག་པར་འབྲི་ཟླ་ཟལ་མོ་སྒང་གི་ཁོར་ཡུག་དེ་དག་ཡིད་ལ་ཡང་ཡང་ཤར། ལྷག་པར་ཟལ་མོ་སྒང་གདོད་མའི་སྲོག་ཆག་དེ་དག་གི་འཚོ་གནས་དང་། རིན་ཆེན་གྱི་གཏེར་དངོས་སོགས་ལ་བསུབ་མི་ཐུབ་པའི་གོད་ཆགས་དེ་དག་དྲན། དེའི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་ཁ་རྗེ་དབང་ཐང་ཆ་ཚང་བློས་གཏོང་བྱེད་མྱོང་བའི་མི་བུ་སྐོར་ཞིག་སེམས་ངོགས་ནས་ལྷང་ངེར་ཐོན།
དེ་ལས་དང་པོ་ཁོར་ཡུག་འདིའི་ཆེད་དུ་གཡུལ་སར་རང་སྲོག་ཤོར་བའི་རྗེས་བཟང་བསོད་ནམས་དར་རྒྱས་རྗེས་དྲན་དང་ངོ་སྤྲོད་ཐུང་ངུ་ཞིག་བྱེད་རྒྱུ་ཡིན།
རྒྱས་བཟང་བསོད་ནམས་དར་རྒྱས་ནི། གནའ་དུས་སུ་བཤད་སྟངས་བྱས་ན་ཡུལ་ཤུལ་དང་། རག་ཤུལ། དགེ་ཤུལ་གསུམ་ལས་ཡུལ་ཤུལ་ལུང་པར་དང་། དེང་སང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། འབྲི་སྟོད་རྫོང་། བསོད་རྒྱལ་ཞང་གི་འབྲོག་སྡེར་ཕྱི་ལོ་༡༩༥༤་ལོར་སྐྱེས།
ཆུང་དུས་ནས་སློབ་གྲྭར་འགྲིམ་པའི་གོ་སྐབས་ཕྲན་བུ་རེག་ཅིང་༡༩༧༤་ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ནས་སློབ་མཐར་ཕྱིན། སྐབས་འདི་དག་དུ་མཐོ་སྒང་འདིའི་གདོད་མའི་སྲོག་ཆགས་དེ་དག་རྩ་སྟོང་དུ་གཏོང་བཞིན་པའི་གནས་སྐབས་དང་། གཏེར་རྐུན་པ་དང་། ལྐོག་རྔོན་པ་རྣམས་ཀྱིས་གཏེར་ཁ་གང་བྱུང་སྔོགས་འདོན་བྱེད་ནས་ཡུལ་མིའི་འདི་དག་བསུན་ཚེར་ཆེས་ཆེར་བྱེད་བཞིན་པའི་དུས་རབས་ཤིག་རེད། གོང་རིམ་ནས་ཇག་རྐུན་འདི་དག་གདོང་བྱེད་ཀི་མེད་པས་ས་གནས་ཡུལ་མི་རང་རང་གིས་རང་གི་ཁོར་ཡུག་དེ་དག་སྲོག་བསྡོས་བྱེད་ནས་སྲུང་སྐྱོབ་བྱེད་བཞིན་པ་རེད། བསོད་ནམས་དར་རྒྱས་ཀྱིས་སྙིང་སྟོབས་ཞུམ་མེད་ཀྱིས་ཇག་རྐུན་རྣམས་གདོང་ལེན་ཚ་ནན་བྱས་པས་མི་མང་གིས་རིམ་གྱིས་མགོ་དཔོན་དུ་བསྐོས་ནས་མཐར་འབྲི་སྟོད་རྫོང་ཏང་གི་དྲུང་ཆེ་གཞོན་པའི་གོ་སར་སླེབས། དེ་དང་མཉམ་དུ་ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་གདོང་ལེན་མི་སྣ་རུ་འདེམས་ཐོན་བྱུང་། ཁོས་བཤད་དོན། "ཁོར་ཡུག་འདིའི་ཆེད་དུ་མི་བུ་འགའ་ཞིག་མ་ཤི་བར་དུ་ཐག་ཆོད་མི་ཐུབ།" ཅེས་སྔ་ནས་ཁོར་ཡུག་འདིའི་ཆེད་དུ་རང་སྲོག་བློས་གཏོང་བྱེད་ཀྱིན་ཡོད།


༡༩༩༤་ལོའི་ཟླ་བ་དང་པོའི་ནང་དུ་ཟི་ལིང་ཚོགས་འདུས་སུ་ཡོད་པའི་སྐབས་དེར། ཨ་ཆེན་གངས་རྒྱབ་ཏུ་རི་དྭགས་ལྐོག་རྔོན་པ་ཡོད་པའི་གནས་ཚུལ་ཏར་འཕྲིན་འབྱོར་རྗེས། ལས་རོགས་དང་། ལག་ཆ་མཐུས་ཚང་བྱེད་ལོང་མེད་པར་གྲང་ངར་ཧ་ཅང་ཆེ་བའི་ནམ་ཟླ་དེར་བོད་པ་རྣམས་ཀྱི་ཨ་ཆེན་གངས་རྒྱབ་དང་། སོག་སྐད་དུ་ཁི་ཁི་ཤིས་ལི་ཟེར་བའི་ས་གནས་དེར་རི་དྭགས་གཙོད་སྲུང་སྐྱོབ་ཀྱི་ཆེད་དུ་བསྐྱོད། ལམ་བར་ནས་ལྐོག་རྔོན་པ་ཚོ་ཁག་སྔ་ཕྱི་དུ་མ་གཏོར་ནས་རི་དྭགས་གཙོད་ཀྱི་པགས་པ་ཆིག་སྟོང་བརྒྱད་བརྒྱ་ལྷག་ཙམ་དང་། གཞན་ཡང་མེ་མདའ་ཆེ་ཆུང་གྲངས་བཅུ་ཕྲག་ལས་བརྒལ་བ་དང་། མདེའུ་སྟོང་ཕྲག་མང་པོ་འཕྲོག མཐའ་མ་དེར་ཇག་པ་བཅོ་བརྒྱད་ཅན་གྱི་རྔོན་ཇག་ཚོ་པ་གཅིག་དང་ཐུག་སྟེ་འཐབ་འཁྲུག་དྲག་པོ་ཇ་ཡུན་ཙམ་བྱས་པས་རྨས་སྐྱོན་འགའ་ཞིག་བྱུང་ནའང་ཕན་ཚུན་སྲོག་སྐྱོན་མ་བྱུང་བར་ཇག་པ་དེ་དག་འཛིན་བཟུང་བྱས། གཡུལ་དུ་ཞུགས་ནས་ཉིན་གྲངས་བཅོ་ལྔ་ཙམ་སོང་ཞིང་ཇག་པ་འཛིན་བཟུང་བྱས་པ་རྣམས་དེད་ཡོང་བའི་ལམ་བར་ནས་རོགས་པ་འགའ་ཞིག་གི་ལག་ནས་ཇག་པས་མེ་མདའ་འཕྲོག་རྗེས་ཕན་ཚུན་མེ་མདའ་རྒྱག་རེས་ཀྱིས་དམར་འཛིང་བྱས་ཏེ་༡༩༩༤ཟླ་བ་༡་ཚེས་༡༨ཉིན། ཕྲག་འདོམས་༥༠༠༠། ཙམ་གྱི་མཐོ་ཚད་ཡོད་པའི་ཉི་མའི་མཚེའུ་འགྲམ་ངོགས་སུ་རང་སྲོག་ཤོར།
སྐབས་དེར་ཉེ་འཁོར་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱིས་བསྔགས་བརྗོད་ཀྱིས་མེ་ཏོག་འཐོར་དཔའ་བོ་འདི་ཉིད་ཀྱི་ཕྱོགས་སུ་ལངས། གུས་པས་ཀྱང་སེམས་ཚོར་ཁྲག་ལ་བསྲེས་ནས།༼རྟོགས་བརྗོད་ཨུདྤལ་དམར་པོའི་ཕྲེང་བ་༽ཞེས་པའི་རྗེས་བཟང་བསོད་ནམས་དར་རྒྱས་ཀྱི་མཐོ་སྒང་འདི་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་གཡུལ་ངོར་དཀྲོངས་པའི་དངོས་བྱུང་གི་ལོ་རྒྱུས་དང་སྦྱར་ནས་ཚིགས་སུ་བཅད་པའི་ལུགས་སུ་བྲིས་ཡོད་ཀྱང་རི་དྭགས་བཞིན་དུ་མི་ཡུལ་འཁྱར་སོང་བའི་ཤུལ་ནས་རྟོག་ངོ་ན་ཚིག་དུམ་འགའ་ཞིག་ལུས་པ་ཙམ་རེད། དྲན་སོས་པ་ལ། དམར་འཛིང་གི་སྐབས་དེར།
"ཁ་བའི་འདབ་མས་ཡོངས་སུ་གཡོགས་པའི་ཀུན་བཟོད་སྒེགས་མོའི་དཀྱིལ་འཁོར་རུ།།
ཤུལ་ལུས་གངས་ལྗོངས་ཤེས་ལྡན་འགྲོ་ལ་རཀྟའི་རི་མོས་འདི་ལྟར་གདམས།། " སོགས་ཚིགས་བཅད་རུང་ཐུང་ཅི་རིགས་ཅན་ཞིག་ཡོད།


རྗེས་དྲན་གྱི་རྡོ་རིང་འདི་ནི་རྒྱ་མཚོ་ངོས་ནས་མཐོ་ཚད་ཕྲག་འདོམ་༤༧༦༧ཙམ་དུ་ཡོད་པའི་ཁུ་ནུ་ཉག་ཁར་རུ་བཞེངས། འོན་ཀྱང་ས་འགུལ་དང་། ཁོར་ཡུག་གྱི་གནོད་འཚེས་གས་སྐྱོན་འབྱུང་བཞིན་ཡོད་པས་སྐྱར་བཞེངས་བྱེད་རྒྱུ་ཐག་བཅད་ཡོད་སྐད་འདུག

Sunday, May 8, 2011

ཡང་སྙིང་བསད་བཟུང་ག་རེ་བྱས་པ་རེད།



ཁ་སང་ཕྱི་ཟླ་༥་པའི་ཚེས་༡་རེས་གཟའ་ཉི་མ་ཉིན། ཨ་རི་སྲིད་འཛིན་ཨོ་བྷ་མས་མཚན་གུང་དུ་འཇིགས་སྐུལ་དྲག་སྤྱོད་པའི་གཏེ་བོ་བྷིན་ལ་དྷིན་བསད་པའི་གསལ་བསྒྲགས་བྱས། འཛམ་གླིང་གསར་ལམ་གང་སར་ཁྱབ་ཅིང་དཔྱད་གླེང་སྣ་ཚོགས་བྱས། ངས་གནད་དོན་གཉིས་ཀྱི་ཐོག་ནས་བལྟས་ན་ད་ཐེངས་ཨ་མེ་རི་ཁས་བྷིན་ལ་དྷིན་བསད་པའི་སྐོར་ནས་འཕྲ་འཕྲུལ་འདྲ་ཞིག་བྱེད་ཀྱིན་མེད་དམ་སྙམ།

དང་པོ་ནི། བྷིན་ལ་དྷིན་བསད་ཚར་ནས་ཕུང་པོ་ཨ་རབ་རྒྱ་མཚོ་ནང་དུ་གཡུག་ཟིན་པ་ཡིན་ཞེས་བརྗོད་པ་ཙམ་ལས་དངོས་སུ་འདྲ་པར་དང་གློག་བརྙན་གང་ཡང་དཔང་རྟགས་བསྟན་རྒྱུ་མེད་པ་རེད། ད་འོ་ན་སྐད་ཆ་དེ་ཡིད་ཆེས་བྱེད་ཐུབ་ཀི་རེད་དམ། ཟེར་ན་ཨ་རི་སྲིད་འཛིན་གྱིས་རྫུན་བརྫོ་ནས་འཛམ་གླིང་མི་མང་དང་། ལྷག་པར་ཨ་རི་མི་སེར་མགོ་སྐོར་གཏང་གི་མ་རེད། ད་ཡིན་ན་བྷིན་ལ་དྷིན་བསད་ཚར་རྒྱུ་རེད། ཟེར་ནས་ཡིད་ཆེས་བྱེད་དགོས་ཀྱིན་འདུག་པས་ང་ལ་བདེ་བོ་རང་མི་འདུག ང་ལ་དོགས་པ་ནི། བྷིན་ལ་དྷིན་ཁ་སང་གསོད་པ་ལས་འཛིན་བཟུང་བྱེད་རྒྱུ་དེ་གལ་ཆེན་ཡིན་ངེས་ཏེ། ཁོ་མེ་མདའ་ཁ་ཤས་བརྒྱབ་ནས་བསད་བཞག་ན་ཁོ་སྔོན་མ་༩།༡༡ གི་དོན་རྐྱེན་གྱི་གཏེ་བོ་ཡིན་མིན་ཁུངས་གསལ་པོ་ཆོད་མེད་པས་དེ་རིང་ནས་བཟུང་ཏེ་གནད་དོན་དེ་དག་འཇུ་ས་དང་། བཙལ་ས་མེད་པ་བྱེད་ཚར་བ་རེད། མ་ཟད་མ་འོངས་པ་ཨ་ལི་ཁ་ཏའི་འཇིགས་སྐུལ་ཚོགས་པས་ལས་འགུལ་དང་། གཏོར་རྒོལ་གང་ཞིག་ཏུ་དམིགས་འབེན་བཟུང་ཡོད་མེད་སོགས་ཀྱང་སྐད་ཆ་དྲི་ས་མེད་པ་བཟོ་ཚར་བ་རེད། དེས་ན། ངས་བྷིན་ལ་དྷིན་གསོད་པ་ལས་ཀྱང་བཟུང་བ་དེ་ནོམས་པ་ཆེ་བས་ན་ཨ་མེ་རི་ཁས་ནོམ་པ་ཆེ་བ་དེ་བྱས་མེད་དམ་སྙམ། རྒྱུ་མཚན་ནི་བསད་པའི་རོ་དང་། རྗེས་སུ་ཕུང་པོ་ཆུར་གཡུག་པ་སོགས་ཀྱི་སྐབས་སུ་དཔར་དང་གློག་བརྙན་སོགས་གང་ཡང་ཕྱི་ལོག་ཏུ་བསྟན་མེད་པ་དེ་རེད།

གཉིས་པ་ནི། བྷིན་ལ་དྷིན་བསད་མ་ཐག་ཏུ་ཨ་སྒོར་གྱི་འཛའ་ཐང་ཤུགས་ཆེར་སྤར་བ་འདི་རེད། ཁྲོམ་རའི་ནང་དུ་ཨ་སྒོར་གྱི་འཛའ་ཐང་ལམ་སེང་སྤར་བ་འདིས་ཀྱང་ཨ་རི་དཔལ་འབྱོར་ཉམ་རྒུད་དུ་སོང་བ་དེ་དག་བྷིན་ལ་དྷིན་གྱིས་འཛམ་གླིང་དཔལ་འབྱོར་གྱི་ཐོག་ཁང་མཚེ་མ་གཏོར་བ་དེ་ཁོ་ན་ཐུག་པ་དང་། དེའི་རྩ་བ་བྷིན་ལ་དྷིན་ལ་ཐུག་པས་ཁོ་ཤི་མ་ཉིད་དུ་ཨ་སྒོར་གྱི་འཛའ་ཐང་འཕར་ཡོང་བ་འདིས་བྱིས་པ་མགོ་སྐོར་སྟངས་དང་མཚུངས་པར་མི་འདུག་གམ། ཨ་རི་བས་ཁ་སང་པ་ཀི་སི་ཐན་ནང་དུ་ལྐོག་འཛུལ་བྱས་པ་འདི་རྒྱལ་མཚམས་ལྐོག་བརྒལ་བྱས་པའི་ཉེས་པ་ཟེར་ན་ཉེས་པ་ཆུང་ཆུང་ཟིག་ཡིན་གྱི་མ་རེད། མ་ཟད། ཚེར་ཕུང་ཞིག་གིས་བྱིས་སྲོག་ཁེབས། བཤད་པ་བཞིན་པ་ཀི་སི་ཏན་རྒྱལ་ཁབ་ཅིག་གིས་མི་གཅིག་གིས་སྲོག་སྐྱོབས་མ་ཐུབ་པ་འདིས་པ་ཀི་སི་ཐན་གཞུང་ལ་ཁོང་ཁྲོ་དྲག་པོ་ཞིག་བསླངས་ཡོད་པ་རེད། ད་དུང་བྷིན་ལ་དྷིན་ལ་དགའ་བའི་ཁ་ཆེ་མི་མང་རྣམས་ཀྱིས་རྒོལ་ལན་དང་ཟིང་འུར་མི་ཡོང་བའི་ཆེད་དུ་ཡིན་གྲང་། རྒྱལ་སྤྱི་རང་བཞིན་གྱིས་དཔལ་འབྱོར་གྱི་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་པའི་སྐབས་སུ་བྷིན་ལ་དྷིན་བསད་པ་འདིས་དཔལ་འབྱོར་གྱི་དཀའ་ངལ་ལ་ཕན་ཆེན་པོ་ཞིག་ཐོགས་ན་སུས་ཀྱང་དེ་ལ་རྙོག་གླེང་བཟོ་དཀའ་བའི་ཕྱིར། གནད་དོན་འདི་གཉིས་ལ་འགྲེལ་བཤད་ལེགས་པར་མ་བྱུང་བར་དུ་ཡིད་ཆེས་མི་ཐུབ་པའི་ཚོད་དུ་ཡོད་དོ།།

Saturday, April 30, 2011

ནང་ཁུལ་ཚོགས་འདུ་ཞིག་གིས་དྲངས་པའི་སེམས་ཚོར།



རྫ་རི་སྨུག་པོའི་མགུལ་ན་བརྗིད་ཅིང་འཕར་སྤྱང་གཉིས་ཀྱི་སྲོག་དབུགས་འཇོམས།།
ས་མཐའ་གནམ་མཐའ་མིག་གིས་སྲུང་ཞིང་ཁ་བ་ཅན་ལ་ཁ་འཛིན་མཛད།།
བཟོད་མེད་དཀའ་སྡུག་ཐོང་གིས་གཤགས་ཏེ་གངས་རི་མགོན་པོའི་ལ་རྒྱ་འཛིན།།
སྒང་དྲུག་རི་བོའི་སྒང་ན་འཚོ་བའི་བྲེ་སེར་འབྲོང་གི་གཏམ་རྒྱུད་རེད།།

དེ་རིང་ཁྱོད་ནི་ལས་དབང་ཉམ་ནས་གཡུང་མོ་ལུག་ལ་མི་འགྲན་མོད།།
སྦྲ་ནག་ཟུར་ནས་གཅིན་ཚྭ་ལྡག་ཅིང་ནང་ཁུལ་དམེ་བའི་ཁོག་དཔུང་མཐོ།།
སྣ་ཐག་འདོམ་གང་སྣེ་ལ་འཁྲིལ་ཏེ་ཕར་ཕར་འཐེན་ཅིང་ཚུར་ཚུར་འཁོར།།
ཕ་ཁུ་དམ་པའི་རྗེས་ཤུལ་མ་ཟིན་གཡག་རྒན་དྲེད་པོའི་གཏམ་རྒྱུད་རེད།།
   


Monday, April 18, 2011

གཞུང་ས་དགའ་ལྡན་ཕོ་བྲང་ཕྱིར་བསྡུའི་སྐོར་གྱི་མཆན་བུ་གསུམ།






ཤེས་རབ་ཟིན་བྲིས་སུ་བཏབ་པའི་མཆན་བུ་གསུམ། ཟིན་བྲིས་ངོ་མ་འདིར་འདུག

མཆན་དང་པོ།༽ རྒྱལ་བ་རིན་པོ་ཆེ་ཞེས་བོས་ན་ནོར་ས་འཆུགས་ས་གཏན་ནས་མེད་པ་རེད། གཞན་སྐྱབས་མགོན་རིན་པོ་ཆེ་ལྟ་བུ་ཞུས་ན་བོད་ཀྱི་ཡུལ་ལུང་བྱེ་བྲག་པ་རང་རང་གི་བླ་ཆེན་རྣམས་ལ་སྐྱབས་མགོན་རིན་པོ་ཆེ་ཞེས་ཞུ་སྲོལ་ཡོད་པས་སྐྱབས་མགོན་སུ་ཞེས་ད་དུང་དྲི་བ་སླེབས་ངེས་རེད། མདོར་ན་སྐྱབས་མགོན་ཏཱ་ལའི་བླ་མ་ཞེས་མ་བོས་བར་དུ་སྐྱབས་མགོན་རིན་པོ་ཆེ་གཅིག་པུ་བོས་ན་ནོར་ས་དང་འཆུགས་ས་ཡོད་པ་རེད།
རྒྱལ་བ་རིན་པོ་ཆེ་ཞེས་པའི་མཚན་འདི་ནི་ཕྱོགས་ཀྱི་རྒྱལ་ཕྲན་ག་གེ་མོས་ཆེ་བསྟོད་ལྟ་བུའི་ཕུལ་ཡོང་བ་མ་ཡིན་པར་བོད་རྒྱ་ཆེ་མི་མང་མ་གྲོས་གཅིག་གྱུར་གྱིས་བོས་པའི་གཅེས་མིང་ཞིག་ཡིན་པས་སེམས་ཁོང་གི་གུས་བཀུར་ངོ་མ་དེ་མཚོན་ཡོད་པ་རེད། མ་ཟད་འདི་ལ་ཆབ་སྲིད་དང་འབྲེལ་བ་མེད་པའི་གཅེས་མིང་གཅིག་ཡིན་པས་རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་སྐུ་དབང་ཕྱིར་བསྡུ་ཟིན་ནའང་མིག་ཚིག་འདི་ཉིད་དང་འབྲེལ་བའི་རྒྱལ་བ་རིན་པོ་ཆེ་ནི་བོད་མི་མང་གི་སེམས་ཁོངས་སུ་བླ་ཆེན་མི་ཆེན་སུས་ཀྱང་མགྲན་དུ་མེད་པར་ལྷམ་མེར་གནས་ངེས་རེད། ད་དུང་རྒྱལ་བ་ཀརྨ་པ་དང༌། རྒྱལ་བ་འཕགས་པ་ལྷ་ལྟ་བུ་ལ་མཚོན་ན་རྒྱལ་བ་ཞེས་པའི་མིང་གི་མཇུག་ཏུ་ཀརྨ་པ་དང་། འཕགས་པ་ལྷ་ལྟ་བུ་མ་བསྣན་ན་རྒྱལ་བ་ཀརྨ་པ་དང་འཕགས་པ་ལྷ་སོགས་གོ་མི་ནུས་རེད། རྒྱལ་བ་ཞེས་པའི་མཇུག་ཏུ་ཏཱ་ལའི་བླ་མ་ཞེས་མིང་ཚིག་དེ་ཉིད་བསྣན་མི་དགོས་པར་རྒྱལ་བ་རིན་པོ་ཆེ་ཞེས་པ་ཙམ་གྱིས་ཁོང་ཉིད་མ་གཏོགས་གང་ལ་ཡང་མིང་འདི་ཉིད་མི་འཇུག་པ་རེད། གནད་དོན་འདིས་ག་རེ་ག་རེ་གསལ་བཤད་བྱེད་ཀྱི་ཡོད་རེད་ཅེ་ན། བོད་རྒྱ་ཆེ་མི་མང་གི་སེམས་ཁོང་གི་ཉི་མ་གཅིག་པུ་དེ་ཁོང་ཉིད་ཡིན་པར་མཚོན་ཡོད་པ་རེད་བསམ།
གཞན་༸གོང་ས་མཆོག་ཟེར་བ་འདི་ནི་ཉིད་ཀྱིས་གསུངས་པ་ལྟར་རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་སུ་འབོད་ཚིག་ཅིག་སྟེ་ཆབ་སྲིད་དང་འབྲེལ་བ་ཡོད་པར་མངོན། དེ་བཞིན་དུ་སྐུ་མདུན་ཞེས་པའི་མཚན་འདི་ཡང་ཆབ་སྲིད་དང་འབྲེལ་བ་ཅན་ཞིག་སྟེ། ངས་ནི་སྐྱབས་བཅོལ་དུ་མ་སླེབས་བར་དུ་ཐ་སྙད་འདི་ཉྀད་གཏན་ནས་གོ་མྱོང་། ཚིག་འདི་གཉིས་ཀྱང་ཆབ་སྲིད་དང་འབྲེལ་བའི་ཐ་སྙད་དེ་རྒྱལ་བ་རིན་པོ་ཆེ་གཅིག་པུའི་སྒེར་མིང་ཡིན་པ་འདྲ། ཡིད་བཞིན་ནོར་བུ་ཞེས་པའང་སྐྱབས་མགོན་རིན་པོ་ཆེ་ཞེས་པ་ལྟ་བུ་འཇུག་ས་མང་གི་རེད།
མཆན་བུ་གཉིས་པ།༽
གོང་ས་རྒྱལ་བ་རིན་པོ་ཆེས་ཐེངས་མ་མང་པོ་ཞིག་ལ་སེ་ར་དང་། དགའ་ལྡན་གཉིས་ཀར་ངའི་གཟིམ་ཆུང་ཡོད་ཀྱང་དེ་དག་གནས་ཚང་ལྟ་བུ་དང་། འབྲས་སྤུངས་སུ་ཡོད་པའི་དགའ་ལྡན་ཕོ་བྲང་དུ་སླེབས་ཚེ་ངའི་ནང་དུ་སླེབས་པ་ཡིན་ཞེས་གསུངས་ཡོད་པ་རེད། འདིས་ཅི་བསྟན་པ་རེད། ད་ལྟ་སྐུ་ཕྲེང་འདིས་བོད་ཀྱི་སྲིད་པྱོགས་དབང་ཚད་ཡོངས་རྫོགས་མང་གཙོའི་ལམ་ཐོན་པའི་དབུ་ཁྲིད་དང་། བོད་མི་མང་ལ་རྩིས་འབུལ་ཞུས་རྗེས་སྐུ་ཕྲེང་རྗེས་མ་རྣམས་སུ་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་རིས་མེད་ཆོས་ཀྱི་རྒྱལ་པོའི་མཛད་འཕྲིན་བསྐྱངས་ནས་བཞུགས་འཆར་རེད། ཕོ་བྲང་འདི་ལ་མིང་གསར་པ་ངེས་པར་བཏགས་དགོས་དོན་གང་ཡང་ཡོད་མ་རེད། གཞུང་ས་ཞེས་པའི་སྲིད་ཕྱོགས་ཀྱི་གོ་བ་ཅན་དེ་དོར་ནས་དགའ་ལྡན་ཕོ་བྲང་ཞེས་བོས་ན་དེ་གས་མཐུས་པ་རེད། རིས་མེད་ཆོས་ཀྱི་གཞེངས་པ་ཙམ་གྱིས་ཆོས་ལུགས་སམ་གྲུབ་མཐའ་བྱེ་བྲག་པའི་མིང་ཟུར་དཀོག་དགོས་པ་མཐོང་གི་མེད། འབྲོག་པ་ནི་འབྲོག་པ་རང་ཡིན།
གལ་གནད་ཆེ་ཤོས་ཤིག་ལ། གོང་ས་མཆོག་གི་སྲིད་དབང་མི་མང་ལ་གནང་རྗེས་སུ་གཞུང་ས་དགའ་ལྡན་ཕོ་བྲང་དང་འབྲེལ་བའི་བོད་ཀྱི་རྒྱལ་རྟགས་དང་།་རྒྱལ་དར། རྒྱལ་གླུ་རྣམས་བསྒྱུར་བཅོས་དགོས་དང་མི་དགོས་ངེས་པར་བསམ་བློ་གཏོང་དགོས་པ་རེད། གལ་ཏེ་བསྒྱུར་བཅོས་དགོས་ན་ད་ཐེངས་བཅོས་དགོས་པ་ལས་ཕྱིས་སུ་དཀའ་ངལ་འཕར་མ་རེད། གལ་ཏེ་བཅསོ་མི་དགོས་ན་གཅོས་མི་དགོས་པའི་གནས་ལུགས་དང་བཅས་ཏེ་གྲོས་ཆོད་བརྟན་པོ་འཇོག་དགོས་པར་སེམས། ཡི་གེ་ནོར་ན་གོ་བས་འདོན་རོགས།
མཆན་བུ་གསུམ་པ།༽

དེང་སང་འབྲོག་པ་སྐོར་ཞིག་གིས་བགྲོ་གླེང་ལྷུག་པོ་བྱུང་བར་ཡི་རངས་དང་སྤོབས་པ་བྱེད་ཀྱིན་ཡོད། ཡང་བསྐྱར་ཕྲན་བུ་ཞུས་ན། རྒྱལ་དར་དང་། རྒྱལ་གླུ། རྒྱལ་རྟགས་གསུམ་པོ་དེ་མགོ་ག་ནས་བཙུགས་འདུག་གམ། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྔོན་དུ་རྒྱལ་གླུ་དང་། རྒྱལ་རྟགས་སྐོར་གནས་ཚུལ་ཅི་འདྲ་རེད། དེའི་སྔོན་བོད་བཙན་པོའི་སྐབས་སུ་ཅི་འདྲ་རེད། བོད་བཙན་པོའི་སྐབས་སུ་རུ་སྡེ་རེ་ལ་དམག་དར་རེ་ཡོད་པ་ཡིག་ཆ་རྙིང་པ་རྣམས་སུ་གསལ་ཞིང་། ལྷག་པར་སུམ་པའི་སྟོང་ཁྱབ་བརྒྱ་ལྡན་གྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་གྱི་སྟོང་དཔོན་འགྲོ་རྒྱལ་མཚན་སེང་གེ་བྱ་བའི་རུ་དར་ལ་སེང་གེ་དཀར་པོ་གནམ་དུ་འགྲེངས་པ་ཞིག་ཡོད་པར་བཤད་ཅིང་། དེ་ལྟར་ན་ད་ལྟ་བོད་ཀྱི་རྒྱལ་དར་འདི་བོད་བཙན་པོའི་དུས་ཀྱི་རུ་དར་ཞིག་ལ་མཛེས་བཀོད་ཕྲན་བུ་བྱས་པ་འདྲ་བ་ཞིག་ཡོད་པས་ད་ཐེངས་བསྒྱུར་བཅོས་མ་བྱས་ཀྱང་ཆོག་པར་སྙམ། བཙན་པོ་སྐབས་སུ་དམག་གི་རུ་དར་བྱ་བ་ལས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་ཟེར་བ་ཞིག་ཨེ་ཡོད་ན། གང་ལྟར་ང་ནི་རྒྱལ་དར་འདི་ལ་ཕོངས་སེམས་འདྲ་བ་ཞིག་འདུག་སྔོན་མ་ཞིག་ཏུ་རང་སྲིད་རང་སྐྱོང་གི་གནས་བབས་འོག་ཏུ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་འཛུལ་རྒྱུའི་སྲིད་ཇུས་བཤད་འོངས་སྐབས་བོད་དེ་རྒྱལ་ཁབ་ཅིག་ཡིན་པའི་ངོ་བོ་མཚོན་པའི་ཅ་ལག་འདི་དག་བློ་མི་ཐོངས་པ་འདྲ་བ་ཞིག་ཡོང་གིན་ཡོད།

གཉིས་པ་རྒྱལ་གླུའི་སྐོར་འདི་རེད། འདི་ནི་ངེས་པར་བཅོས་དགོས་རྒྱུ་རེད། རྒྱལ་གླུ་དེའང་ད་ཐེངས་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ནས་ལོ་རྒྱུས་ཀྱི་དོན་སྙིང་ཅན་གྱི་རྒྱལ་གླུ་ཞིག་བརྩམས་བསྐུལ་ཞུ་དགོས་འདུག གཞན་ཟོམ་གདོང་རིན་པོ་ཆེ་གཙོས་པའི་མཁས་པ་རྣམས་ཀྱིས་རྒྱལ་གླུ་ཞིག་བརྩམས་ན་འགྲུབ་ངེས་ཀྱང་༸རྒྱལ་བ་རིན་པོ་ཆེས་བརྩོམས་ནགང་མཛད་ན་རིན་ཐང་ཅི་བས་ཆེ་ངེས་རེད། ཁྱེད་ཅག་གིས་བསམ་ན། རྒྱལ་གླུ་གསར་པ་བརྩོམ་དགོས་ན་བཅད་ལྷུག་གང་ཡིན་དང་། མང་ཉུང་། རྩོམ་གྱི་ཁ་ཕྱོགས་སམ་བརྗོད་བྱ་གང་ཞིག་ཏུ་གཞོལ་ས་རེད། དཔེར་ན། འདས་པའི་བོད་དང་། ཡང་ན་མ་འོངས་པའི་བོད། ཡང་ན་ད་ལྟའི་བོད་ཀྱི་གནས་བབས་དང་དཀའ་ངལ་སོགས་གང་ལ་ཁ་ཕྱོགས་དགོས་ངེས་སུ་འདུག་གཅིག་རྩོམས་དང་ལྟད་མོ་འོང་རྒྱུ་རེད།
གསུམ་པ་རྒྱལ་རྟགས་ཀྱི་སྐོར་རེད། དགའ་ལྡན་ཕོ་བྲང་གྱི་གོང་དུ་བོད་དུ་རྒྱལ་རྟགས་ཨེ་ཡོད་ན། སྤྱིར་ན་འཛམ་བུ་གླིང་གི་རྒྱལ་ཀབ་རེ་ལ་རྒྱལ་རྟགས་རེ་ཨེ་ཡོད་ན། དགའ་ལྡན་ཕོ་བྲང་གོང་དུ་རྒྱལ་རྟགས་མེད་ན་དགའ་ལྡན་ཕཽ་བྲང་གི་རྒྱལ་རྟགས་འདི་སུས་བཟོས་པ་ཞིག་རེད་འདུག འདིས་གང་ཞིག་དཔེ་འགེབས་བྱས་འདུག་གམ་རྒྱལ་རྟགས་ཟེར་བ་ཞིག་དགོས་པ་ག་འདྲ་བྱས་ནས་དྲན་འདུག གཞུང་ས་དགའ་ལྡན་ཕཽ་བྲང་གི་སྔོན་དུ་རྒྱལ་རྟགས་མེད་ན་ད་ཐེངས་ཀྱི་རྒྱལ་རྟགས་འདི་རྩ་བ་ནས་བརྗེ་སྤོར་བྱེད་རྒྱུ་དང་། ཡང་ན་ཡི་གེ་ཙམ་ཞིག་བསུབ་འཇུག་བྱེད་ནས་བསྐྱར་བཅོས་གནང་རྒྱུ་གང་རུང་ལས་མ་འདས་པ་རེད། རྒྱལ་དར་བཞིན་དུ་བོད་ཀྱི་རྒྱལ་རབས་གོང་མ་རྣམས་སུ་རྒྱལ་རྟགས་འདི་ཉིད་ཡོད་པའི་ཁུངས་འདྲ་བ་བརྙེད་ནས་བརྗེ་སྤོར་མི་དགོས་པ་གཏན་ཁེལ་བ་རེད་བསམ།
ངས་བལྟས་ན་འདི་དག་གི་ཕྱོགས་ཡོངས་སུ་བསམ་བློ་དང་། ཞིབ་འཇུག་ཅིག་དགོས་འདུག་བསམ། ཁྱོད་གཉིས་ཀྱི་གསུངས་པ་བཞིན་འདི་དག་བརྗེ་སྤོར་བྱེད་རྒྱུ་དཀའ་ཁག་ཡོད་པ་མངོན་གསལ་རེད། ད་རེས་རྒྱལ་ཁབ་གཅིག་གི་ངོ་བོ་བརྗེ་རྒྱུ་དེ་རེད། ངོ་བོ་བརྗེ་སྐབས་རྙིང་པ་དེ་བསྣུབས་ནས་གསར་པ་ཞིག་བརྗེ་དགོས་རྒྱུ་རེད། བཤད་སྟངས་དེ་ཅུང་ཟད་ཐལ་སོང་ངམ། ཡི་གེ་ནོར་ན་བཅོས་རོགས།

Tuesday, April 12, 2011

ཉི་ཧོང་དང་། སྐྱེ་དགུ་མདོ། དུམ་བུ་གསུམ་པ།





ད་གསུམ་པ་རོགས་སྐྱོར་རམ་བསྐྱར་འཛུགས་ཀྱི་སྐོར་འདི་རེད། སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས། "སློབ་གྲྭ་གསར་པ་ཡོད་ལ། ཁྱིམ་གཞིས་གསར་པ་ཡོད།" ཟེར་ནས་སྐད་ཅིག་མ་གཅིག་ལ་ཁྱུག་ཁྱུག་ཏུ་སྒོ་ཕྱམ་གྱི་ངོས་སུ་བྲིས་ཡོད་པ་རེད། སློབ་ཕྲུག་ཕལ་མོ་ཆེ་རྒྱ་ཡུལ་དུ་བཞུད་ཟིན་པ་རེད། ཁྱིམ་གཞིས་གསར་པ་འདི་དངོས་གནས་དཀའ་ཁག་ཅན་ཞིག་ཏུ་གྱུར་ནས་མི་མང་དང་འགལ་ཟླ་ཆགས་བསྡད་ཡོད་པ་རེད། ཅིའི་ཕྱིར་མི་མང་དང་འགལ་སོང་བ་རེད་ཟེར་ན། མི་མང་ལག་ནས་ས་ཁང་ཞིང་གསུམ་གཞུང་བཞེས་བྱེད་ནས་གཞུང་གིས་བཀོད་སྒྲིག་བྱེད་དེ་མི་ཚང་རེ་ལ་ཁ་གང་གྲུ་བཞི་མ་བརྒྱད་རེ་ཅན་གྱི་ཁང་པ་རེ་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། མགོ་འདི་ནས་ཚར་སོང་བ་རེད། དེ་ལྟར་ན་བོད་ཀྱི་གསོན་ཉམས་ཅན་གྱི་གྲོང་ཁྱེར་ཞིག་བསྐྱར་འཛུགས་བྱེད་འདོད་མེད་པར་རྒྱ་གཏིང་གི་གྲོང་ཁྱེར་དེ་དག་པར་འགེབས་བྱེད་རྒྱུ་ཡིན་པ་མངོན་གསལ་རེད། དེ་ཡང་དུམ་བུ་དུམ་བུ་ཁྲག་ལིང་གྲིས་བཅད་པ་ལྟ་བུ་ ཐོག་བརྩེགས་དུ་མ་ཅན་གྱི་ཁང་ཕྲེང་མང་པོ་བསྟར་བསྒྲིགས་ནས་བཟོས་རྗེས་མི་མང་ལ་བགོ་བཤའ་བརྒྱག་རྒྱུ་ཡིན་སྐད། ཁང་པ་གྲུ་བཞི་ཁ་གང་མ་བརྒྱད་ཅན་འདི་རྒྱ་གཏིང་གི་མི་མང་ཕ་མ་གཉིས་བུ་ཕྲུག་གཉིས་སྟེ་ཁྱིམ་མི་བཞི་ཅན་ཞིག་བསམ་བློ་གཏོང་ནས་བཟོས་ཡོད་པ་འདྲ། འདི་ནི་འཆར་འགོད་པ་དེ་དག་གིས་བོད་ཀྱི་གོམས་གཤིས་དང་རིག་གཞུང་ལ་རྒྱུས་ལོན་ཏིལ་འབྲུ་ཙམ་ཡང་མེད་པ་དང་། ཡང་ན་བསམ་བཞིན་དུ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ཀུན་སློང་ངན་པ་ཞིག་ཡོད་པ་འདྲ། ད་དུང་རྒྱ་ཡི་འཚོ་བ་སྤྱོད་སྟངས་དང་བོད་ཡུལ་གྱི་འཚོ་བ་སྤྱོད་སྟངས་ལོག་ཁ་རེད། རྒྱ་ཡི་ཉིན་རེ་ཉིན་རེ་ཟ་རྒྱུ་བཏུང་རྒྱུ་གྲོ་འབྲས་དང་སྔོ་ཚལ་ཁྲོམ་ནས་ཉོ་བ་ལས་དོ་པོ་མང་པོ་ཁྱིམ་དུ་བརྩིགས་སྲོལ་མེད་ལ། བོད་པས་ལོ་གཅིག་ཙམ་འདེངས་ངེས་ཀྱི་གྲོ་འབྲས་སོགས་སྡེབས་གཅིག་ཏུ་ཉོས་ནས་ཁྱིམ་དུ་བརྩིགས་སྲོལ་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན། ད་དུང་ཁྱིམ་གྱི་མི་གྲངས་ཀྱི་ཚོད་ནས་བཤད་ནའང་སྔོན་མ་འཆར་ལྡན་བུ་སྐྱེ་ཟེར་བའི་རྒྱ་ཡི་བཅའ་ཁྲིམས་དེ་ལག་སྟར་མ་བྱས་གོང་དེར་བོད་པ་བཟའ་མི་མང་ཤོས་བུ་ཕྲུག་བཅོ་བརྒྱད་ཕ་མ་གཉིས་དང་བསྡོམ་ན་མི་ཉི་ཤུ་ཐམ་པ་ཡོད་པའི་ཁྱིམ་ཚང་དེ་འདྲ་བ་ང་ཚོའི་རུ་སྡེ་ནང་དུ་ཡོད་པ་རེད། དཔེར་ན་བཟའ་མི་འདི་ལྟ་བུ་ཅན་ཞིག་གྲུ་བཞི་ཁ་གང་མ་བརྒྱད་ཅན་གྱི་ཁང་པ་ནང་དུ་ཇི་ལྟར་འདུག་ལོ་ཡོད་ན། ཅ་དངོས་རིགས་བཞག་ས་ཕར་བཞག་མི་ཉི་ཤུ་འདུག་ཡང་ལོ་རྒྱུ་མ་རེད། དེང་སང་ཁྲིམས་ཆད་ཁུར་བཞིན་དུ་བུ་ཕྲུག་བཞི་ལྔ་རེ་མེད་པའི་མི་ཚང་ཉུང་ཉུང་ཡིན་པས་ཁང་པ་འདི་ཧ་ཅང་ཆུང་སྐྱོན་ཡོད་པ་མ་ཡིན་ནམ། དེ་ཙམ་ག་ནས་ཚད། ཡུལ་ཕྱོགས་འདི་ལ་རྟ་མཛོ་སོགས་སྒོ་ཕྱུགས་རིགས་རྒྱུན་ལྡན་སྐྱེ་དགུ་གྲོང་ན་ཉར་མཁན་མི་ཚང་མང་པོ་ཞིག་ཡོད་ཅིང་། ལྷག་པར་བསྐོ་ཁྱི་དགྲ་གབ་ཟེར་བའི་ཁྱི་རིགས་འདིའི་ཕ་ཡུལ་གཙང་གསུམ་གྱི་མགོ་ཁུངས་འདི་ཉིད་ཡིན་པས་མི་ཚང་ཁ་ཤས་སྒོ་ཁྱི་བཅུ་ནས་ཉི་ཤུ་སོགས་ཡོད་ལ་སྒོ་ཁྱི་གཉིས་གསུམ་མེད་པ་ཧ་ལམ་དཀོན་པོ་རེད་འདུག ཐོག་བརྩེགས་ཤིན་ཏུ་མཐོ་བོ་ཅིག་གི་སྒང་དུ་རྟ་མཛོ་སོགས་ཕར་བཞག་བསྐོ་ཁྱི་ཙམ་ཡང་ཉར་ཐུབ་རྒྱུ་མ་རེད། དེང་སངས་སྤྱིའི་ཆ་ནས་ཆ་རྐྱེན་བཟང་དུ་སོང་བ་མཆོད་ཁང་ཟེར་བ་དང་། ཉལ་ཁང་། སྡོད་ཁང་། ཇ་ཁང་སོགས་སོ་སོར་མེད་ན་སྡོད་མི་ཤེས་པ་ལྟ་བུ་རེད། གཞན་རྒྱ་མི་ལས་ཀ་བྱེད་མཁན་ཡོང་བ་རྣམས་ཀྱི་བྱེད་སྟངས་ལྟ་བུ་ཀ་ཏོ་ར་གཅིག་གི་ནང་དུ་ཉིན་མོ་གྲོ་བརྫི་ས་མཚན་མོ་གཅིན་པ་གཏོང་ས་ལྟ་བུ་བྱས་ནས་ཧ་ཅང་གི་སྟབས་བདེ་དང་། ཤིན་ཏུ་བསྡུས་པའི་འཚོ་བ་ཞིག་བསྐྱེལ་ན་ཅི་ཤེས། ཡང་ན་ཉེ་འཁོར་ཆ་ཚང་ས་འོག་ཏུ་ཤི་བའི་མི་རྒན་ཁེར་རྐྱང་ལྟ་བུ་ལ་ཕན་ཐོག་ཡོད་ངེས་ཅན་ལས་མི་མང་བྱིངས་ལ་ནི་ཕན་ཐོག་མེད་པ་མངོན་གསལ་རེད། རྒྱུ་མཚན་དེ་དག་འདྲ་བའི་ཐོག་ནས་ཡུལ་ཤུལ་མི་མང་གིས་འུ་ཐུག་ཐབས་ཟད་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད་མ་གཏོགས་རྒྱས་སྤྲོས་དང་། བག་མེད་རྩེད་འཇོའི་ཆ་རྐྱེན་མ་ཚང་བ་ཟེར་ནས་ངོ་རྒོལ་ཐང་ཉལ་བྱེད་ཀི་ཡོད་མ་རེད།

མགོ་རྒྱ་ནག་གི་སྲིད་འཛིན་ཝུན་ཅ་པའོ་ནས་བཟུང་ས་གནས་ཏང་གི་དྲུང་ཆེའི་བར་གྱི་མགོ་བྱེད་ཚང་མས་མང་ཚོགས་ཀྱི་འདོད་བློ་མཐུན་པ་ཞིག་ཏུ་བྱེད་དགོས་ཞེས་ཁ་ན་ན་བར་དུ་བཤད་བཞིན་ཡོད་ཀྱང་དོན་ངོ་མའི་བྱེད་སྟངས་འདི་ལྟར་རེད། 


དཔེར་ན་ཉེ་ཆར་ཟླ་བཞི་པའི་ཚེས་པ་གཅིག་ནས་བསྟུད་མར་ཞུ་གཏུགས་བྱེད་མཁན་གྱི་གྲས་སུ་ཡོད་པའི་ཆུ་ཁ་ཀརྨ་ཟེར་བ་ཚོང་པ་ཞིག་གཙོན་འཇུག་བྱས་སོང་བ་བཤད། གལ་སྲིད་བདེན་པ་ཡིན་ན་ཆུ་ཁའི་ཀརྨ་ཁོང་གི་ཕ་མེས་ཡང་མེས་ནས་སྐྱེ་དགུ་མདོ་རུ་གནས་བཅས་པའི་མི་ཚང་རྙིང་པ་ཞིག་རེད། གནའ་དཔེར། མི་མིང་ས་ལ་ཐོགས། ས་མིང་མི་ལ་ཐོགས། ཟེར་བ་ལྟར་སྐྱེ་དགུའི་མདོའི་བྱ་ཆུ་ཟེར་བའི་ཆུ་ཁ་ན་གཏན་དུ་གནས་པས་ཆུ་ཁ་ཚང་ཞེས་ཐོགས་པ་རེད། དུས་ཟིང་སྔོན་ནས་འབྲོག་ཕྱོགས་ནས་འོངས་བའི་བརྡལ་པ་རྣམས་ཀྱི་འབབ་ཚུགས་དང་གནས་ཚང་གཡར་ས་ཡིན་འདུག་པས་མི་ཚང་ཡ་རབས་དང་། ཁྱིམ་ཚང་རྙིང་པ་ཞིག་རེད། དུས་རབས་གསར་པའི་ནང་དུའང་ཕ་མ་བཟང་པོའི་བུ་རྒྱུད་ཟེར་བ་ལྟར་ཚོང་ལས་བྱས་ནས་འབྱོར་ལྡན་ཞིག་སྟེ། སྐྱེ་དགུ་མདོ་རུ་དྲི་མི་དགོས་པར་མི་མང་པོ་ཞིག་གིས་ཤེས་ངེས་རེད། ན་ནིང་ཆག་སྒོ་དེའི་རྐྱེན་བྱས་ནས་ད་ལོ་ས་ཞིང་ཁང་པ་ཆ་ཚང་རྒྱ་གཞུང་གིས་འཕྲོག་བཅོམ་གྱི་གནས་སུ་ལྷུངས་པས་ཁོ་རང་དང་གནས་བབ་མཚུངས་པའི་མི་མང་གི་མངོན་འདོད་དེ་དག་དང་། དྲང་བདེན་དང་། སྐད་ཤུགས་ཆེན་པོས་བོས་ཏེ་གཞི་རིམ་མི་མང་སྣེ་ཁྲིད་པས་དེ་རིང་ཁྲིམས་དོང་གང་ཞིག་འགྲིམས་སོང་སྐད། ཡུལ་མི་ཕལ་མོ་ཆེ་གནས་བབས་དེ་དང་གཅིག་མཚུངས་སུ་ཡོད་པ་རེད། ཆུ་ཁའི་ཀརྨ་ལྟ་བུ་ས་ཞིང་དེ་ཉིད་གཞུང་གིས་འཕྲོག་སོང་ནའང་འདུག་ས་དང་། འཛུལ་ས་ཞིག་ཐབས་ཤེས་བྱེད་མི་ཐུབ་མཁན་མིན་ནའང་། ད་ཐེངས་གཞུང་གི་བྱེད་སྟངས་འདི་དག་གི་ནང་དུ། ཁྱོད་ཕར་རྒྱུགས། ང་འདུག་དགོས་ཟེར་བའི་གོ་བ་ཞིག་རྙེད་ཡོད་འདུག དེ་ལྟར་གཉུགས་མར་གནས་པའི་མི་རིགས་འདི་ཡིས་ནམ་ཡང་བཟོད་དཀའ་བ་ཞིག་ཡིན་སྟེ། དཔེར་ན་གྲོང་འདབས་ཀྱི་ཁྱི་ལྡོམ་ཞིག་ཡིན་ནའང་། ཁོ་རང་ཉལ་ས་དེ་ནས་རྒྱང་འདེད་བྱས་ན་ངུ་ཆོམ་དང་བཅས་ཏེ་ཉྭ་ལ་འཇུ་ངེས་རེད། དཔེ་དེ་བཞིན་དུ་ད་རེས་ཡུལ་ཤུལ་མི་མང་རྣམས་དངོས་ནས་འུ་ཐུགས་ཐབས་ཟད་ཡོད་པ་འདྲ། མི་མང་རྣམས་ན་ནིང་ལས་ད་ལོ་ངོ་མདངས་གནག་རུ་འགྲོ་གི་ཡོད་པ་དང་། ན་ནིང་ལས་ད་ལོ་སེམས་ཁམས་སྡུག་གིས་ནོན་པར་བཤད།

དཔེར་ན་ཉི་ཧོང་གིས་ལྟ་སྐོར་བ་དང་། གསར་འགོད་པ། རོགས་སྐྱོར་བྱེད་མཁན་སོགས་ནར་གཏོང་བྱེད་ཏེ་ཕྱི་གསལ་ནང་གསལ་བྱེད་བཞིན་འདུག་པས་བསྐྱར་འཛུགས་ཀྱི་སྐབས་སུའང་མང་ཚོགས་ཀྱི་སེམས་ཁམས་མི་གསོད་པའི་ཡིད་ཆེས་བྱེད་ཆོག་པ་འདྲ།

Friday, April 8, 2011

ཉི་ཧོང་དང་། སྐྱེ་དགུ་མདོ། དུམ་བུ་གཉིས་པ།







༼འདྲ་པར་འདི་ཨ་རིའི་དམག་གིས་ཉི་ཧོང་དུ་རོགས་སྐྱོར་བྱེད་ཚུལ་རེད། ༽


དེ་རྗེས་སྐྱེ་དགུ་མདོ་རུ་ས་འགུལ་རྗེས་ཀྱི་མྱུར་སྐྱོབ་ཀྱི་སྐོར་འདི་རེད། ལས་རིམ་འདིའི་ཁྲོད་དུ་སྔ་ཕྱི་བར་གསུམ་མིའི་ཚེ་སྲོག་མྱུར་སྐྱོབས་ཀྱི་ལས་ཀ་འདི་ལས་གལ་འགངས་ཆེ་བའི་ལས་ཀ་ཞིག་མེད་པ་དང་། ལས་ཀ་འདི་ཤུལ་དུ་ལྷག་པའི་ས་གནས་མི་མང་རྣམས་སེམས་ཁ་གང་བ་ཞིག་དང་། འཛམ་གླིང་མི་མང་སུས་བལྟས་ནའང་འདོད་བློ་ཁེངས་པ་ཞིག་བྱུང་མེད་པ་རེད། ལས་ཀ་འདི་ལམ་ལྷོངས་མ་བྱུང་བ་དེ་ག་རང་གིས་ས་འགུལ་ཁྲོད་ཀྱི་ལས་ཀ་འདི་ལ་འདོད་མོས་མེད་པ་དང་། སེམས་ཁ་མ་གང་བ། དོགས་པ་བྱེད་དགོས་བྱུང་བ་སོགས་གྲ་མ་འགྲིག་པ་ཐམས་ཅད་ཀྱི་རྩ་བ་འདི་ནས་བསླངས་ཡོད་པ་རེད།


སྤྱིར་བཏང་ད་རེས་ཡུལ་ཤུལ་མི་མང་གི་རེ་བ་ཆེན་པོ་ཞིག་བྱས་ཡོད་པ་རེད། རྒྱུ་མཚན་ནི། འཛམ་གླིང་འདིའི་ཐོག་ཏུ་ཀྲུང་གོ་ཡར་དར་གྱི་དུས་རབས་ཡིན་པའི་ཁབ་འགྲོ་འབིགས་འགྲོ་སྔ་དགུང་བར་གསུམ་དུ་གློག་བརྙན་དང་། ཚགས་པར། ཆེན་པོ་རྣམས་ཀྱི་གཏམ་བཤད་སོགས་གང་ལ་ཉན་ན་འཇིག་རྟེན་འདིའི་ཐོག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་ལྷག་པའི་རྒྱལ་ཁབ་གཅིག་ཀྱང་མེད་པར་དངོས་ཤུགས་རྒྱུད་གསུམ་ནས་ཁྱབ་བསྒྲགས་དང་། འཛམ་གླིང་གི་སྣེ་ཁྲིད་མྱོང་བའི་ཨ་རི་ནི་རྒས་ཤིང་འཁོག་འགྲོ་ཡི་ཡོད་པ་དང་། དེ་མཚུངས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཕལ་ཆེར་ཉམས་དམས་འགྲོ་མུས་དང་། ཤར་ནས་ཉི་ཧོང་ཚུན་ཆད་རང་ཁ་རང་སོས་ཙམ་ལས་ཅི་ཡང་མེད་པས་ད་ནི་འཛམ་གླིང་འདི་ཀྲུང་གོས་སྣེ་ཁྲིད་བཞིན་ཡོད་པའི་གནས་ཚུལ་ཁོ་ན་འུད་སྒྲོགས་བྱེད་བཞིན་ཡོད་པས་ཡིད་ཆེས་ཆེན་པོ་བཅངས་ཡོད་པ་རེད། དོན་དངོས་ལ་བྱེད་སྟངས་ལས་སྟངས་འདི་ལྟར་རེད། དེ་ལྟར་འཇིག་རྟེན་ན་འགྲན་ཟླ་དང་བྲལ་བའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ན་རང་གི་མི་སེར་ས་འོག་ཏུ་མནན་དུས་དབུགས་གིས་འདེངས་ལ་མ་འདེངས་བའི་དམག་མི་འགའ་ཞིག་གཏང་བ་ཙམ་མ་ཡིན་པར་ཐད་འཕུར་གནམ་གྲུ་བྱ་ཁྱུ་འཕུར་འཕུར་བྱེད་ཅིང་དེང་རབས་ཀྱི་ལག་ཆ་བེད་སྤྱད་ནས་ཞིག་རོའི་འོག་ནས་མི་སེར་རྣམས་འཕྲལ་མ་ཉིད་དུ་སྲོག་སྐྱོབ་དགོས་རྒྱུ་མ་རེད་དམ། དེང་སང་ས་གནས་རྫོང་དཔོན་ཙམ་ཞིག་དང་། ཡང་ན་དམག་སྡེ་ག་གེ་མོའི་རུ་དཔོན་ཙམ་ཞིག་ཕྱོགས་བསྐྱོད་བྱེད་པ་ལའང་ཐད་འཕུར་གནམ་གྲུ་བཀོལ་བཞིན་ཡོད་པ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་དུ་རྒྱུན་ལྡན་གྱི་འཚོ་བ་སྤྱོད་སྟངས་ཙམ་སྟེ། འབྲོག་པས་རྟ་དང་སྣ་ལོ་ཞོན་པ་ལྟ་བུ་རེད། གང་ལྟར་གནམ་གྲུ་ནང་དུ་ཡོང་ན་ཆེ་རྒྱུ་དང་། རླངས་འཁོར་ནང་དུ་ཡོང་ན་ཆུང་རྒྱུ་གང་ཡང་མེད་ཀྱང་འདི་གཉིས་ལ་མགྱོགས་དལ་གྱི་ཁྱད་པར་ཡོད་པ་རེད། ངས་བཤད་འདོད་པ་ནི། དུས་ཚོད་རིང་པོ་འགོར་ན་ས་འོག་ཏུ་གནས་པའི་མི་སེར་རྣམས་ཚེ་སྲོག་གི་སྒུགས་ཀྱིན་མེད་པས་ཆེས་མགྱོགས་མྱུར་ཅན་གྱི་བྱེད་ཐབས་དེ་བེད་སྤྱད་དགོས་པ་རེད། སྲིད་བློན་ཝུན་གྱིས། མིག་མཐའ་འཆིལ་མས་སྐོར་ཞིང་། "རེ་བ་ཕྲན་ཙམ་ཞིག་ཡོད་ནའང་མིའི་ཚེ་སྲོག་སྐྱོབ་རྒྱུ་གཙོ་འདོན་བྱེད་དགོས།" ཟེར་བ་སོགས་ནི་གནས་སྐབས་ཚོར་འདུ་རགས་པ་ཙམ་ཞིག་ལས་ཁོ་རང་གི་གྲིབ་གཟུགས་དང་ལྷན་ཅིག་ཏུ་ཡལ་སོང་བ་ལག་ལེན་དངོས་ཀྱི་ཁྲོད་ནས་གསལ་ཡོད་པ་རེད།


༢༠༠༨ལོར་རྒྱ་ནག་ཝུན་ཁྲུན་དུ་ས་འགུལ་བྱུང་རྗེས་དམག་སྡེ་འབོར་ཆེན་གཏོང་བ་དང་། ཐད་འཕུར་གནམ་གྲུ་ཐད་འབབ་བྱས་པ་ལ་བསམ་ནའང་བོད་རིགས་ས་ཁུལ་གྱི་གོད་ཆག་འདི་ལ་མཐོང་ཆེན་དང་དོ་སྣང་དེ་ཙམ་བྱས་མེད་པ་ཇེ་གསལ་རེད་ལ་ཡང་ན་མི་རིགས་དབྱེ་འབྱེད་བྱས་ནས་བསམ་བཞིན་དུ་ང་ཚོ་ལ་མྱུར་སྐྱོབ་མ་བྱས་པ་རེད།


གནས་ཚུལ་དེ་ཙམ་མ་ཡིན་པར་གྲྭ་པ་རྣམས་ཀྱིས་ལྟོགས་སྐོམ་དང་། ཉིན་མཚན་ལ་མ་ལྟོས་པར་མྱུར་སྐྱོབས་ཐོག་མར་མགོ་བཙུགས་ཤིང་། བར་དུ་ཤུགས་རྒྱོབས། ཐ་མ་མཇུག་བསྡུ་ལོངས་མེད་པར་དམག་གིས་རྒྱངས་འདེད་བྱས་ནས་བཙན་ཐབས་ཀྱི་རང་རང་གི་དགོན་པར་སྤྲད་ཡོད་པ་དང་། ད་དུང་ཤི་བའི་གྲངས་འབོར་བཅོག་ཐབས་དང་། རྨས་མ་མྱུར་སྐྱོབས་བྱས་པའི་གྲངས་འབོར་སྤར་སྣོན་བྱས་པ་སོགས་མི་ཤི་ཁྱིམ་སྟོང་གི་སྡུག་བསྔལ་བཟོད་དཀའ་བ་འདི་འདྲ་བའི་ནང་དུ་ད་དུང་དེ་ཙམ་ཤི་ཡོད་པ་མ་རེད། གྲྭ་པ་རྣམས་ཀྱི་འུར་བརྒྱབ་པ་རེད། ཟེར་བ་ལྟ་བུ་ཤུལ་ལུས་མི་མང་གི་སེམས་ནང་ལ་རྨ་ཁ་ཆེན་པོ་བཟོས་ཡོད་པ་རེད། ད་ལྟ་ཤི་བའི་གྲངས་འབོར་ཚོད་རྩིས་བྱེད་དུ་ཡོད་པ་ལུང་པ་འདི་ནག་འཇོམས་སུ་མ་སོང་བ་དེ་ནི་གྲྭ་པ་འདི་ཚོས་བཀའ་དྲིན་རེད། ཐོག་མར་རྫ་སེར་ཤུལ་དགོན་པ་ས་འགུལ་བྱུང་ནས་ཆུ་ཚོད་འགའ་ཞིག་གི་རྗེས་སུ་གནོད་ཐེབས་ཀྱི་གནས་འདིར་སླེབས་ཤིང་མྱུར་སྐྱོབས་ཀྱི་མགོ་འཛུགས་ཡོད་པ་རེད་ལ་འདི་ནི་ཡུལ་ཤུལ་མི་མང་གི་ཚེ་སྲོག་ལ་ལག་པ་འཆང་མཁན་ཐོག་མ་དེ་ཆགས་ཡོད་པས་ཡུལ་འདི་མི་མང་གི་སེམས་ཁོང་ན་ལྷམ་མེར་གསལ་ཡོད་པ་རེད།


དཔེར་ན་ཉི་ཧོང་ལྟ་བུ་མཚོན་ན་ས་འགུལ་དང་། ཆུ་རླབས་ཤོར་ནས་གནོད་འཚེ་ཕོག་པའི་རྫོང་ཁག་གཉིས་ཀྱི་ནང་དུ་མི་གྲངས་ག་ཚོད་ཡོད་པ་དང། དེ་ལས་ཕུང་པོ་ག་ཚོད་ལག་སོན་བྱུང་བ། དེ་ལས་གཞན་པ་བོར་བརླག་སོང་བ་སོགས་གསལ་གསལ་ཐིང་ཐིང་ཉིན་རེ་ནས་ཉིན་རེ་གྲངས་འདྲེན་བྱེད་བཞིན་ཡོད་པ་རེད། གཞུང་གིས་མ་དངུལ་གཏོང་ནས་ཁྲོམ་རའི་ཅ་དངོས་རྣམས་སྔར་རྒྱུན་བཞིན་དུ་བེད་སྤྱོད་ཐུབ་པ་སོགས་མི་མང་གི་འཚོ་ལ་རོགས་སྐྱོར་ཚད་མེད་བྱས་པ་དང་། གཞན་ཨ་རི་སོགས་ཡར་ཐོན་གྱི་རྒྱལ་ཁབ་རྣམས་ཀྱི་རོགས་སྐྱོར་རུ་ཁག་རྣམས་དང་ལེན་དང་། རྒྱལ་སྤྱི་གསར་འགོད་པ་སོགས་རང་དབང་གིས་སྐོར་བསྐྱོད་བྱས་ནས་ལས་ཀ་ཕྱི་ནང་བར་གསུམ་དུ་ཁ་གསལ་གཏིང་གསལ་བཟོས་པས་མི་མང་རྣམས་སུ་ལའང་ཁག་འདེད་དང་ལེ་གདའ་བྱེད་ས་མེད་པ་རེད། ན་ནིང་ཡུལ་ཤུལ་དུ་རྒྱལ་སྤྱིའི་གསར་འགོད་པ་དང་། མྱུར་སྐྱོབས་རོགས་ཚོགས་སོགས་སྐོར་བསྐྱོད་བྱེད་མ་བཅུག་པར་རང་གིས་ཀྱང་མ་འཇོན་གཞན་ལའང་བྱེད་དུ་མ་བཅུགས་ནས་ཡུལ་ཤུལ་བ་ལ་དཀའ་སྡུག་ལྡབ་འགྱུར་གྱི་ཇེ་ལྕི་ལ་བཏང་ཡོད་པ་རེད།


དཔེར་ན་ད་རེས་ཉི་ཧོང་གི་ས་འགུལ་གྱི་གནོད་འཚེ་འདི་འདྲ་བ་ཅིག་ཡུལ་ཤུལ་སོགས་བོད་ཀྱི་ལུང་པ་ག་གེ་མོ་ཞིག་ཏུ་བྱུང་བ་ཡིན་ན་དེ་ག་རང་ཡུལ་དེ་ཉིད་ནག་འཇོམས་སུ་གཏོང་འགྲོ་བ་ལས་ཕལ་ཆེར་གཅིག་ཀྱང་སྲོག་སྐྱོབས་ཐུབ་རྒྱུ་མ་རེད། ས་འགུལ་གྱི་ཁང་པ་རྡིབས་པ་འདི་ཙམ་གྱིས་སྐྱེ་དགུ་གྲོང་གི་ཡུལ་མི་བརྒྱ་ཆ་སུམ་ཅུ་ཙམ་ཞིག་ཕལ་ཆེར་སྲོག་སྐྱོན་བྱུང་བ་ཡིན་ན་དེའི་སྟེང་སུ་མཚོ་སྐྱོམས་པ། དེ་ནས་ཉིང་རྡུལ་གས་འཐོར་གྱིས་མེ་སྐྱོན་བྱུང་བ་སོགས་འཇིག་པ་གཅིག་མཐུད་གཉིས་མཐུད་དུ་བྱུང་ན་དུ་ཙམ་བྲོས་ཐར་ཡོང་བ་ང་ཚོས་སྔོན་དཔག་བྱེད་ཐུབ་ངེས་རེད། དེ་ལྟར་བལྟས་ན་རྒྱལ་ཁབ་གང་ཞིག་སྔོན་ཐོན་ཡིན་པ་དང་། གང་ཞིག་ཏུ་མི་སེར་རང་དབང་དང་དྲངས་བདེན་གྱིས་འཚོ་བཞིན་པ་ང་ཚོས་རྟོགས་ཐུབ་ངེས་རེད།

Monday, April 4, 2011

ཉི་ཧོང་དང་། སྐྱེ་དགུ་མདོ། དུམ་བུ་དང་པོ།



ཕྱི་ཟླ་༤་པའི་ཚེས་༣ ཉིན་སྐྱེ་དགུ་མདོའི་བདེ་སྡུག་ཞུ་འབོད་བྱེད་མཁན་གྱི་མི་སེར་རྣམས་བདེ་འཇགས་མི་སྣས་ས་གནས་གང་ཞིག་ཏུ་དབོར་འདྲེན་བྱས་ནས་ལས་འགུལ་དེ་བཙན་ཤེད་ཀྱིས་མཚམས་བཅད་ཡོད་པ་རེད། ད་ལྟའི་སྐབས་སུ་མི་སེར་རྣམས་གནས་བབ་ག་འདྲ་ཞིག་གི་འོག་ཏུ་ཡོད་མེད་སུས་ཀྱང་མི་ཤེས་པའི་ཚོད་དུ་ཡོད་འདུག སུ་ཞིག་ལ་རྟ་ལྕག་གཞུ་གིན་ཡོད་དམ། སུ་ཞིག་ལས་ཁྲག་བཞུར་བཞིན་ཡོད་དམ། ཡང་སྙིང་མི་མང་འདི་དག་གིས་ནག་ཉེས་གང་ཞིག་བསགས་ནས་ཁྲིམས་འོག་ཏུ་ལྷུང་སོང་བ་ཡིན་ནམ། རང་གི་ས་ཞིང་རང་ལ་མི་དབང་བའི་ང་རང་སུ་ཞིག་གི་མི་སེར་རེད། སུ་ཞིག་གིས་ཡུལ་མི་རེད། རྫོགས་མི་ཚར་བའི་དྲི་བ་འདི་དག་ཤུལ་དུ་ལྷག་པ་རྣམས་ཀྱིས་སེམས་ངོ་ན་ཡོམ་ཡོམ་དུ་གཡོ་བཞིན་ཡོད་པ་རེད། འདི་ལྟར་བསམ་ན་ཕྱི་ཡི་དཔལ་འབྱོར་དང་ནང་སེམས་ཁམས་དང་འབྲེལ་བའི་བཟང་སྤྱོད་ཚང་མ་ཡར་རྒྱས་དེང་རབས་ཅན་དུ་མངོན་གྱུར་ཟིན་པའི་རྒྱལ་ཁབ་རྣམས་ལ་ཡིད་སྨོན་གཏིང་ནས་ཤོར་འགྲོ་གི་འདུག དཔེར་ན་ཉེའི་ཆར་ཉི་ཧོང་དུ་ས་འགུལ་ཆུ་ཤོར་གྱི་གོད་ཆག་ཁྲོད་གི་གནས་ཚུལ་དང་། ན་ནིང་སྐྱེ་དགུ་མདོ་རུ་ས་འགུལ་གྱི་གནས་ཚུལ་བྱུང་བའི་བར་གྱི་ཧེ་བག་རྣམས་ཡིད་ལ་འགོག་མེད་དུ་འཆར་ཡོང་བ་ཞིག་རེད།
༡༽ ཐོག་མར་ན་ནིང་སྐྱེ་དགུ་མདོ་རུ་ཞོགས་པའི་དུས་ཚོད་ལྔ་པའི་སྐོར་དུ་ས་འགུལ་ཤུགས་ཆེར་བྱུང་ནའང་སྡོད་མཁར་རྡིབས་པ་དང་མི་ཤི་གོད་ཆག་གི་གནས་ཚུལ་མ་བྱུང་བ་རེད། དེ་ནས་ཆུ་ཚོད་བདུན་དང་སྐར་མ་བཞི་བཅུ་ཙམ་ནས་ས་འགུལ་ཤུགས་ཚད་ཆེ་བ་དེ་རྒྱབ་ནས་སྣོད་བཅུད་གཉིས་ཀ་ནག་གོར་རེ་བཟོས་སོང་བ་རེད། དེའི་བར་དུ་ཆུ་ཚོད་གཉིས་ཙམ་གྱི་དུས་ཚོད་ཡོད་པས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ན་མི་མང་ལ་སྔོན་བརྡ་བཏང་ངེས་རེད། གལ་སྲིད་སྔོན་བརྡ་བཏང་ན་ཞི་བའི་མི་སེར་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་རེད། དེ་ནས་ས་འགུལ་རྒྱབ་ཟིན་རྗེས་སུའང་ཅི་བྱེད་དང་འདི་དགོས་ཀྱི་སློབ་སྟོན་རྩ་བ་ནས་མེད་པར་ད་དུང་རྟགས་དཔྱད་ཡེ་ནས་མེད་པར་"ཁྲ་འགུའི་ཆུ་མཛོད་ཤོར་གི་འདུག་"ཟེར་ནས་མི་མང་ཟང་ཟིང་འུ་འུར་ཏུ་བཟོས་ནས་ཁང་ཞིག་འོག་ཏུ་མནན་ནས་ཡོད་པ་རྣམས་ཀྱང་སྐྱོབས་ལོངས་མེད་པར་ལ་འུར་རི་མགོར་བྲོས་པའི་བརྡ་ལོག་སྤྲད་དེ་མི་སེར་མང་པོའི་ཚེ་སྲོག་གཡང་ཁ་རུ་དེད་སོང་བ་རེད། འདི་ཐམས་ཅད་རྒྱལ་ཁབ་ལ་ཡར་རྒྱས་མེད་པ་དང་། ཚན་རིག་གི་ཤེས་ཚད་ཧ་ཅང་གི་དམའ་བོ་ཡིན་པ། རང་བྱུང་གི་འཇིགས་པ་ལས་སྐྱོབས་པའི་གྲ་སྒྲིག་ཏིལ་འབྲུ་ཙམ་ཡང་མེད་པར་བསྟན་ཡོད་པ་རེད། ད་དུང་ས་འགུལ་རྗེས་ཀྱི་ཆུ་མཛོད་ཤོར་ཡོང་བའི་བརྡ་ལན་སྤྲད་སྟངས་འདི་ལ་བསམ་བཞིན་དུ་བྱས་པ་རེད་ཅེས་བཤད་མི་ཤེས་ནའང་བརྟག་དཔྱད་མེད་པར་ཧོལ་རྒྱུགས་བྱས་པ་དེས་མིའི་ཚེ་སྲོག་གི་རིན་ཐང་ལ་རྩིས་མེད་གཏོང་བ་མངོན་གསལ་རེད།

ཉི་ཧོང་ལ་མཚོན་ན་ས་འགུལ་དང་། མཚོ་རླབས་མ་ཡོང་པའི་སྔོན་ནས་ས་འགུལ་ཡོང་ངེས་པས་མི་མང་རྣམས་ལེ་དབར་ཉི་ཤུ་ཚུན་ཆད་དུ་བསྡད་ན་གནོད་པ་འབྱུང་སྲིད་པའི་སྔོན་བརྡ་གཏོང་ཡོད་པ་རེད། ད་དུང་ཉིང་རྡུལ་གྱི་གློག་ཁང་འཐོར་ཞིག་ཕྱིན་པ་འདི་ཧ་ཅང་ཉེས་ཚབས་ཆེ་བའི་གནད་དོན་ཞིག་ཡིནའང་མི་མང་ལ་དེ་ཙམ་གསལ་བཤད་བྱས་མེད་པ་འདིས་མི་ཤི་ཁྱིམ་བརླག་གྱི་སྐབས་སུ་མི་མང་རྣམས་བླ་འཐོར་བ་ལྟ་བུ་གནས་ཡོད་པས་སེམས་ཁམས་ལྷོད་དུ་ཡོང་རེས་སྤྱི་སྒྲགས་མ་བྱས་པ་ཡིན་སྲིད་པ་ལྟ་བུ་རེད། ཉེས་ཚབས་ཅན་གྱི་གློག་ཁང་དེ་འཐོར་ཉེ་སུ་ཡོད་མུས་ཧྥ་རན་སི་སོགས་དེང་རབས་ཉིང་རྡུལ་གྱི་གློག་ལས་ལ་ལག་རྩལ་བྱང་བའི་མི་སྣ་དང་དཔུང་པ་གཅིག་སྒྲིལ་གྱིས་མི་རིགས་དེ་དང་། རྒྱལ་ཁབ་དེ། ཡར་གླིང་གི་སྣོད་བཅུད་འདི་འཆི་ཁ་ལས་སྐྱོབས་ཐུབ་པ་བྱུང་བ་སོགས་གོད་ཆག་དེ་འདྲ་བའི་ཁྲོད་ནས་བླ་ན་མེད་པའི་འགན་ཁུར་དང་། བྱས་རྗེས་བཞག་ཡོད་པ་རེད།

Sunday, April 3, 2011

སྒ་སྐྱེ་དགུ་མདོ་མི་མང་གིས་ཞུ་འབོད།


ཁ་སང་ཟླ་བཞི་པའི་ཚེས་པ་གཅིག་ཉིན་ནས་བཟུང་སྒ་སྐྱེ་དགུ་མདོ་མི་མང་གིས་གཡག་ཐང་ཆེན་དུ་འཛོམས་ནས་རྒྱ་ནག་དབུས་གཞུང་ལ་ཞུ་འབོད་བྱེད་བཞིན་ཡོད་འདུག
དེ་ཡང་སྒ་སྐྱེ་དགུ་མདོའི་བསྐྱར་འཛུགས་བྱེད་པའི་ལས་རིམ་ཁྲོད་མི་མང་གི་འདོད་བློ་དང་མ་མཐུན་པ་ས་ཞིང་སྡེབས་བཅོམ་གྱི་ལས་ཀ་འདི་ཉིད་ཀྱི་སྐོར་ཡིན་འདུག སྐྱེ་དགུ་མདོ་གོད་ཆག་ཕོག་ནས་བཟུང་མི་མང་རྣམས་གནས་བཅའ་ས་མེད་པར་གྱུར་ཡོད་པ་རེད་ལ་ཁང་པ་འགའ་ཞིག་གནས་སྐབས་རིང་བསྡད་ན་ཉེས་ཚབས་ཆེར་མེད་པ་དེ་འདྲ་བའི་རིགས་ཡོད་ཀྱང་བསྐྱར་འཛུགས་ལ་བསྙད་ནས་གྲོངས་པ་དེ་ཉིད་ཡོངས་སུ་བཤིག་སྟེ་ཐང་ཆེན་ཞིག་ཏུ་བསྒྱུར་བ་རེད། གནས་བཅའ་ས་མེད་པའི་ཡུལ་མི་ཉམ་ཆུང་དེ་དག་ས་མཐོ་ཞིང་གྲང་ངར་ཆེ་བའི་དགུན་གྱི་དུས་ཚིགས་དེའི་ཁྲོད་དུ་དཀའ་ངལ་ཚད་མེད་མྱོང་ཡོད་པ་རེད། བསྐྱར་འཛུགས་ཀྱི་ཐད་ལ་རྒྱ་ནག་གཞུང་གིས། གཙང་གསུམ་དེང་རབས་ཡུལ་སྐོར་གྲོང་ཁྱེར་ཟེར་བ་ལྟ་བུའི་དེང་རབས་ཀྱི་གྲོང་ཁྱེར་ཞིག་གསར་བཟོ་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེང་རབས་ཀྱི་གྲོང་ཁྱེར་དེ་ཚུལ་ཇི་ལྟར་དུ་བཟོ་རྒྱུ་ཡིན་པའི་ཐད་ལ་རིམ་པ་གོང་མའི་མགོ་ཁྲིད་རྣམས་ཀྱིས། དེ་སྔོན་རང་གི་ས་ཞིང་རྣམས་རང་ལ་གཏན་ནས་དབང་ཚད་མེད་པར་གཞུང་ལ་འབུལ་དགོས་པ་དང་། གཞུང་གིས་ཀྱང་ཁྱིམ་ཚང་རེ་ལ་གྲུ་བཞི་ཁ་གང་མ་བརྒྱད་ཅན་གྱི་ཁང་པ་རེ་བཀོད་སྒྲིགས་བྱེད་རྒྱུ་ཡིན་པའི་འགྲེལ་བཤད་དང་བཅས་ས་བཀྲ་རེ་བཟོས་ཏེ་མང་ཚོགས་ཀྱི་མདུན་དུ་བཤམས་ཡོད་ནའང་མང་ཚོགས་ཀྱིས་དེ་ཉིད་འདོད་མོས་མེད་པའི་སྙན་ཞུ་ཡང་ཡང་ཞུས་ནས་ས་བཀྲ་ཐེངས་མ་གསུམ་མམ་བཞི་ཙམ་ཞིག་ཡར་སློགས་བྱས་ནས་བཟོ་བཅོས་བྱས་ཡོད་པ་རེད། ལས་འཆར་གྱི་ས་བཀྲ་དེ་ཐམས་ཅད་ཀྱང་མི་མང་གི་ལག་ནས་ས་ཞིང་བཀོག་སྟེ་དབུས་གཞུང་གི་དེང་རབས་ཀྱི་གྲོང་ཁྱེར་ཞིག་འཛུགས་རྒྱུ་ཐད་ལ་འབད་བརྩོན་བྱེད་པ་ལས་མི་མང་དཀྱུས་མའི་རེ་འདུན་གྱི་སྐོར་ལ་འགྱུར་བ་གཏན་ནས་གཏོང་མེད་པ་རེད།

འདི་ཟླ་ཚེས་པ་བཅུ་བཞི་སྟེ་གོད་ཆག་ཕོག་ནས་ལོ་ངོ་གཅིག་འཁོར་བའི་ཉིན་ནས་བསྐྱར་འཛུགས་ཀྱི་ལས་ཀ་དངོས་སུ་མགོ་འཛུགས་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པས་ལས་འཆར་འདིས་མི་མང་གི་མངོན་འདོད་བསྐོང་མི་ཐུབ་པའི་བསམ་ཚུལ་བྱུང་སྟེ་རྒྱ་ཆེ་མི་སེར་རྣམས་གཡག་ཐང་ཆེན་ཟེར་བའི་ལམ་གྱི་གཞི་མདོ་ཆེ་བ་དེར་འཛོམས་ནས་འཕྲེད་དར་དཔྱངས་ཤིང་། འཕྲེད་དར་གྱི་ངོས་སུ། ཁང་ས་རང་ལ་དབང་བའི་རེ་འདུན། ཞེས་པའི་ཡིག་ཆ་བྲིས་ཡོད་པ་རེད། གཞན་ཡང་སྲིད་ཇུས་དང་མཐུན་པར་ལས་ཀ་ལག་བསྟར་བྱེད་དགོས་ཞེས་འཁོད་པའི་ཡིག་ཆ་བཀྲམ་ཏེ་མི་མང་རྣམས་ཀྱིས་མངོན་འདོད་བཤད་བཞིན་ཡོད་པ་རེད། མི་མང་ནས།  རྩ་ཁྲིམས་ལ་བསྙད་ནས་མི་མང་གི་འདོད་པ་རྡོག་བརྫི་གཏོང་མི་རུང་། ཟེར་བ་ལྟ་བུའི་སྲིད་བློན་ཝུན་ཅ་པའོ་ཡིས་གཏམ་བཤད་དུམ་བུ་དེ་འདྲ་དྲངས་ནས་གནས་ལུགས་བཤད་བཞིན་ཡོད་པ་རེད། ས་ཁུལ་དེའི་དཔོན་རིགས་ཁག་དེར་ཡོང་ནས་བསམ་འཆར་ཉན་གི་ཡོད་འདུག་ལ་འབྲེལ་ཡོད་ལས་ཁུང་ཁག་གིས་ཀྱང་འདོད་མོས་ཇི་ཡོད་ཐོ་འགོད་བྱེད་ནས་མིང་རྟགས་བསྡུ་བཞིན་ཡོད་འདུག མི་སེར་ཕལ་མོ་ཆེས། ང་ཚོའི་ས་ཞིང་ང་ཚོ་ལ་དགོས། ང་ཚོ་རོགས་སྐྱོར་གང་ཡང་མེད་ནའང་འགྲིག ཟེར་ནས་མིང་རྟགས་བཀོད་པ་དང་། འགའ་ཞིག་ནས། རོགས་སྐྱོར་ཡང་དགོས་ལ་ས་ཞིང་ངེས་པར་དགོས། ཞེས་འབོད་སྐུལ་དང་མིང་རྟགས་བཀོད་ཡོད་འདུག མདོར་ན་དེ་རིང་ཐང་ཆེན་དེར་འདུ་འཛོམ་བྱས་ནས་ཉིན་གསུམ་པ་དེ་འགྲོ་གི་ཡོད་འདུག་ལ་མཚོ་སྔོན་ཞིང་ཆེན་སོགས་རིམ་པ་མཐོ་བའི་དཔོན་རིགས་འགའ་ཞིག་སླེབས་རྒྱུར་ཡིན་པའི་སྐད་ཅ་ཡོད་འདུག མི་མང་གི་ཡར་ཞུ་ཁྲོད་ནས། ཆུ་ཁའི་ཀརྨ་ཟེར་བའི་ཚོང་པ་རྒན་པོ་ཞིག་གིས་སྡུག་གི་ཐོག་ལ་སྡིག་པ་ཚབས་ཆེན་འདི་འདྲ་བཟོད་ཐུབ་ཀྱིན་མི་འདུག་ཟེར་ནས་མི་མང་གི་མངོན་འདོད་ཤུགས་ཆེར་བཤད་པས་མདང་ནུབ་ཆུ་ཁའི་ཀརྨ་གཙོས་པའི་ཞུ་འབོད་བྱེད་མཁན་སྐྱ་སེར་འགའ་ཞིག་བཀག་ཉར་བྱས་སོང་བའི་སྐད་ཆ་བཤད་བཞིན་ཡོད་འདུག ད་དུང་ཡང་མུ་མཐུད་ནས་ཐང་ཆེན་དེར་ཞགས་ཉལ་བྱེད་བཞིན་ཡོད་འདུག ལམ་གཞུང་གི་རླངས་འཁོར་རིགས་ཆ་ཚང་བཀག་ཅིང་མཐའ་སྐོར་ནས་དམག་གིས་བསྐོར་ནས་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག
ད་དུང་གནས་ཚུལ་ཁ་གསལ་པོ་བྱུང་ཚེ་མུ་མཐུད་དུ་འགོད་རྒྱུ་ཡིན།

Wednesday, March 30, 2011

སེམས་ཚོར་ལྕི་མོ།







ཉི་མ་སེར་པོས་ཕྱི་མིག་མེད་པའི་གནམ་ཡིག་སྔོན་མོ་པང་ལ་ལྷུང་།།
ཕྱེ་ལེབ་སྒེགས་མོ་བློ་བཀོད་མེད་པས་ཞུ་འབོད་གནམ་གྱི་མཐོངས་སུ་སྙེགས།།
ད་དུང་འགའ་ཞིག་ཅི་དགོས་མ་ཤེས་འབར་བའི་མེ་ལྕེ་ཀློང་དུ་བཞུད།།
ད་ཀོ་ང་ནི་སྔ་ནུབ་འདི་དག་སེམས་པ་ལྷོད་ལ་འབབ་ཀིན་མེད།།

Sunday, March 13, 2011

ཁྱད་ཆོས་བཅུ་ལྡན་གྱི་བློ་སེང་།

བཀའ་ཁྲི་འདེམས་པ་གཟའ་འཁོར་གཅིག་ལས་མེད་པའི་སྐབས་སུ་ངའི་བཀའ་ཁྲི་ལ་འགྱུར་བ་འགྲོ་མ་སོང་། སྤྱིར་ན་བཀའ་བློན་དང་སྤྱི་མཐུས་དེ་དག་སུ་དང་གང་ལ་འོས་ཤོག་བླུགས་མིན་དེ་རང་གི་འདོད་པ་ཁོ་ནས་ཐག་གཅོད་ཆོག་པ་ཞིག་རེད། ད་རེས་བློ་བཟང་སེང་གེ་བཀའ་བློན་ཁྲི་པ་འདེམས་ཐོན་བྱུང་བ་ཡིན་ན་བོད་ཀྱི་གནད་དོན་འབྲེལ་བའི་དཀའ་རྙོག་ཚང་མ་ཐག་ཆོད་རྒྱུ་རེད་ཟེར་བཤད་མི་ཐུབ་སྟེ་ལས་ཀ་ཕལ་མོ་ཆེ་གཞོག་གཞན་ལ་བལྟོས་ནས་བསྡད་ཡོད་པས་སོ། འོན་ཀྱང་གནད་དོན་འགའ་ཞིག་ལ་ལན་ནན་པོ་ཞིག་དང་མིག་དཔེ་བཟང་པོ་འགའ་ཞིག་སྟོན་རྒྱུ་རེད་བསམ།
༡༽ གོང་ས་རྒྱལ་བ་རིན་པོ་ཆེ་གཙོས་པའི་བོད་མི་ཕལ་མོ་ཆེས་དཀའ་བློན་ཁྲི་པ་དེ་ན་གཞོན་ཤེས་ཡོན་ཅན་གྱི་སྐྱ་བོ་ཞིག་གི་ལག་པར་སླེབས་ན་སྙམ་པའི་ཐུགས་རེ་ཡོད་པའང་ཁོང་ལ་ཚང་བ།
༢༽བོད་ཀྱི་གནད་དོན་འཐབ་རྩོད་འདི་ཏཱ་ལའི་བླ་མ་གཙོས་པའི་བཙན་བྱོལ་ནང་གི་རྒན་རབས་འགའ་ཞིག་བསམ་ཚུལ་ཙམ་ལས་དེ་དག་འདས་གྲོངས་སུ་སོང་རྗེས་རང་བཞིན་གྱིས་བོད་དོན་འདི་ཉིད་འཛམ་བུ་གླིང་འདིར་གཏན་མེད་དུ་ཆགས་རྒྱུ་ཡིན་པའི་ཚོད་དཔག་ལ་ལན་ཐེབས་པ།
༣༽སྐྱབས་བཅོལ་ནང་དུ་མི་ལོ་བཞི་བཅུ་ལྷག་གི་ཡུན་དུ་བོད་གཞུང་དམངས་གཉིས་ནས་འབད་འབུངས་ཡུན་རིང་བྱས་ཀྱང་ཤེས་ཡོན་དང་སྤོབས་པ་ཅན་གྱི་རང་རིགས་ཀྱི་རྒྱུན་འཛིན་ཕྱི་མ་ཞིག་ད་ལྟ་འཛམ་བུ་གླིང་འདིར་སྟོན་རྒྱུ་མེད་པའི་འཇིགས་དངངས་ལ་ལན་ཐེབས་པ།
༤༽དེ་རིང་བློ་བཟང་སེང་གེ་དངོས་སུ་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་བ་ཡིན་ན་ནམ་རྒྱུན་སྤྱི་ཚོགས་ཀྱི་ནང་དུ་བོད་པ་ནང་ཁུལ་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་རྩ་དོན་ལ་རྡོག་རྩ་གཅིག་སྒྲིལ་མེད་པའི་བཤད་ཡམས་ལ་ལན་ཐེབས་པ་མ་ཟད་ལྷག་པར་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་མི་འབོར་མང་ཉུང་གིས་བཀའ་བློན་ཁྲི་པའི་མཚན་གནས་རྗེས་སུ་འགྲོ་ལྡོག་མ་ཤོར་བར་མི་མང་གོ་རྟོགས་གང་ལེགས་ཡོད་པ་དང་། དོན་དག་གལ་བོ་ཆེར་ཐུག་ན་བོད་པ་རྣམས་དངུལ་དང་། ཐོབ་ཐང་གྱིས་བསླུ་བྲིད་བྱེད་མི་ཐུབ་པའི་མང་གཙོའི་བེད་སྤྱོད་ཚད་ལྡན་འབྱུང་བཞིན་ཡོད་པར་གསལ་སྟོན་བྱས་པ།
༥༽ བཙན་བྱོལ་ནང་དུ་སྐྱེས་ནས་འཚར་ལོངས་བྱུང་བའི་ན་གཞོན་རྣམས་བོད་ཀྱི་གནམ་ས་མི་གསུམ་མ་མཐོང་ཞིང་བོད་ཡུལ་གྱི་འཚོ་བ་དངོས་ལ་རྒྱུས་ལོན་མེད་པས་བོད་དོན་དང་ལ་རྒྱ་ལ་དེ་ཙམ་གདེངས་འཇོག་མེད་པའི་ལྟ་ཚུལ་དང་བཤད་ཚུལ་ལ་ལན་འདེབས་ནན་པོ་བྱས་པ།
༦༽བཙན་བྱོལ་སྤྱི་ཚོགས་ནང་གི་ན་གཞོན་དེ་དག་ཨ་རི་སོགས་འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཞིག་ཏུ་སླེབས་ན་རང་གི་ནང་མི་དང་ཉེ་འབྲེལ་གྱི་ཆེད་དུ་དངུལ་དངོས་ཁོ་ན་མགོ་བོ་འཁོར་ནས་སྡོད་པ་ལས་བོད་ཀྱི་རྩ་དོན་ལ་ལག་པ་འཆང་མཁན་མེད་པའི་ལྟ་ཚུལ་དང་བཤད་ཚུལ་རྣམས་ལ་དགག་པ་ཚ་ནན་རྒྱབ་པ།
༧༽ ལྷག་པར་ཨ་རི་ནང་དུ་བཙན་ས་ཟིན་པའི་ན་གཞོན་ཞིག་མི་ཚེ་སྐྱིད་པོ་གཏོང་སྟེ་དེངས་རབས་ཀྱི་འཚོ་བ་བསྐྱལ་ནས་མི་སྡོད་པར་བོད་ཀྱི་རྩ་དོན་གྱི་ཆེད་དུ་རྒྱ་གར་གྱི་ཡུལ་དུ་སླར་ཡར་ལས་དངོས་སུ་བྱེད་པ་འདིས་མ་འོངས་པའི་མི་རབས་གསར་པ་ལ་མིག་དཔེ་ཡང་དག་ཅིག་བསྟན་པ།
༨༽ བོད་རྒྱ་གཉིས་ཀྱི་དཀའ་རྙོག་འདི་སེལ་བ་ལ་དམག་དཔུང་མང་ཉུང་དང་། མཚོན་ཆ་བཟང་ཞན་ལ་བལྟ་རྒྱུ་མ་ཡིན་པར། དྲང་བདེན་ཁྲིམས་ཀྱི་ཐོག་ནས་ཐག་ཆོད་དགོས་དུས་བློ་སེང་གི་ཆེད་སྦྱོང་སློབ་ཚན་ལ་འབྲེལ་བ་དམ་པོ་ཡོད་པས་ཁྲིམས་ཀྱི་ཤེས་ཡོན་འདིས་ད་ལྟའི་བོད་རྒྱའི་ཞི་མོལ་གྱི་སྐབས་སུ་རྒྱལ་སྤྱི་ཁྲིམས་ཀྱི་སྒྲོམ་གཞི་དང་མཐུན་པའི་ཆ་རྐྱེན་གང་ལེགས་འཛོམས་པའི་མི་སྣ་ཡིན་པ།
༩༽ དེ་སྔ་བོད་ཀྱི་བཀའ་བློན་ཁྲི་གདན་ཟུར་སོགས་བོད་ཀྱི་ལས་གནས་གལ་ཆེན་མང་པོ་བཟུང་ནས་རང་གི་ལེགས་སྐྱེས་བོད་མི་རིགས་ཀྱི་ཆེད་དུ་ཕུལ་ཟིན་པ་ཁུ་བ་ཕྱུངས་པའི་ཇ་རོ་ལྟ་བུ་མ་ཡིན་པར་སྙིང་སྟོབས་དང་སྤོབས་པས་ཕྱུག་པའི་གཞོན་སྐྱེས་ཞིག་བཀའ་ཁྲིར་སླེབས་ན་འཛམ་གླིང་མི་མང་གིས་དོ་སྣང་དང་། གདེངས་འཇོག་ངེས་ཅན་ཡོང་བ། བོད་གཞིས་བྱེས་གཉིས་སུ་སེམས་ཤུགས་འཕར་བའི་ཆ་རྐྱེན་དུ་འགྲོ་ངེས་ཡིན་པ།
༡༠༽ སྤྱི་ཚོགས་ཀྱི་ནང་དུ་སློབ་གྲྭ་འགྲིམས་ཤིང་ཤེས་ཡོན་ཚད་ལྡན་ཡོད་པའི་མི་སྣ་རྣམས་ལམ་ཁ་མ་བཀག་པར་རང་གི་སྙིང་སྟོབས་དང་སྤོབས་པ་མཚུངས་པའི་ལས་གནས་ཕུལ་ན་ན་གཞོན་རྣམས་བོད་ཀྱི་ལས་ཀ་ལ་སྤྲོ་བ་ཡོང་བ་དང་། མི་རབས་གསར་རྙིང་བར་དུ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཡོང་བའི་འགག་རྩ་ཡོད་པ་བཅས་ཞིབ་ཕྲ་བསམ་ན་གནད་འགག་མང་པོ་ཞིག་འདུག་ཀྱང་རགས་བསྡུས་བྱས་ན་དོན་ཚན་བཅུ་ཡི་ཐོག་ཏུ་ཡོང་གི་འདུག
རྒྱུ་མཚན་དེ་ལྟར་བས་ན་ངའི་བཀའ་ཁྲི་དེ་བློ་བཟང་སེང་གེ་ཁོང་ཉིད་གདམས་རྒྱུ་ཡིན། དེང་སང་སྐད་ཆ་ཕྱེད་བདེན་ལ་ཕྱེད་མི་བདེན་པ་མང་པོ་ཞིག་བཤད་བཞིན་འདུག་པས་བོད་མི་རྣམས་ཀྱི་རང་གི་མང་གཙོ་ཁེ་དབང་དེ་གཞན་གྱི་དབང་འོག་དང་གཡོ་སྒྱུའི་དྲ་བར་མ་ཚུད་པར་རེམ།

Sunday, March 6, 2011

མེ་ཏོག་སྤྲུ་མའི་ཁོར་ཡུག


དེང་སང་རྒྱ་སྤྱི་གསར་ལམ་ཁག་ན་དབྱིན་མིང་དུ་(jasmine)ཞེས་མེ་ཏོག་ཞིག་གི་མིང་ལས་འཕྲོས་ནས་གསར་བརྗེའི་རྦ་རླབས་ཞིག་དཀྱིལ་ཤར་ཡར་གླིང་གི་དབུས་སུ་ཁྱབ་ནས་མེ་ལྩེ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་མཆེད་བཞིན་དུ་ཡོད་པ་རེད། ཞི་བའི་ལས་འགུལ་འདིས་གཉའ་ནས་གནོན་པའི་གཏེ་བོ་འགའ་ཞིག་གན་སྐྱལ་དུ་བསྒྱེལ་ནས་ཉམ་ཆུང་འགྲོ་བ་རྣམས་རང་དབང་དང་ཞི་བདེའི་ས་ཚིགས་ཤིག་ཏུ་བསྐྱེལ་བའི་ཕོ་ཉ་ཞིག་ཡིན་པ་རེད། ང་ཚོ་ཁ་བ་བོད་པ་ཚང་ལ་མཚོན་ན་ཞི་བའི་མེ་ལྕེ་འདི་འདྲ་བ་ཞིག་གང་ནས་ཐོག་མར་མགོ་འབུས་པ་དང་། བར་དུ་ཚ་རླབས་ཇི་ལྟར་ཆེ་བ། ཐ་མ་འབབ་ས་གང་ཞིག་ཏུ་ཡོང་བ་སོགས་བསམ་གཞིག་བྱེད་མཁན་ཉུང་ཉུང་ཙམ་དུ་མ་ཟད་ཉིན་ཤས་རིང་གི་སྔོན་ནས་གསར་འགྱུར་འདི་འདྲ་དྲ་ངོས་སུ་འགོད་མཁན་རྣམས་ལ་མེ་ཏོག་འདི་ཉིད་ཀྱི་བོད་མིང་རྣལ་མ་ཞིག་མ་རྙེད་ནས་བ་སྤྲུ་དང་། ཡང་འགའ་ཞིག་གིས་བ་སྤུ་ཡང་ཟེར། ཁ་ཤས་ཀྱིས་མ་ལི་ཀ་ཞེས་ལེགས་སྦྱར་གྱི་ཐ་སྙད་དེ་དག་བཀོད་པ་སོགས་གཅིག་གྱུར་བརྡ་ཆད་ཞིག་བཀོལ་ཐུབ་མེད་པ་རེད། དེ་རིང་གུང་སེང་དང་བསྟུན་ནས་མེ་ཏོག་འདི་ཡིས་དངོས་མིང་གང་ཡིན་ལ་ཞིབ་འཇུག་ཕྲན་ཙམ་བྱས་པའི་གྲུབ་དོན་འདི་ཉིད་ལོ་སར་གྱི་ལེགས་སྐྱེས་ཀྱི་ཚོད་དུ་དྲ་གྲོགས་རྣམས་ལ་འབུལ་བ་ཡིན་པས་ཧབ་ཐོབ་མེད་པར་དགྱེས་བཞེས་གནང་རོགས།
དབྱིན་མིང་དུ་གོང་དུ་གསལ་བ་བཞིན་(jasmine)དང་། འདི་ནི་་མཛམ་གླིང་ཤར་ནུབ་གང་སར་སྐྱེ་བའི་མེ་ཏོག་ཅིག་ཡིན་པས་རང་རང་གི་ཡུལ་དུ་མིང་སྣ་ཚོགས་པ་དང་། མེ་ཏོག་འདི་ཉིད་བེད་སྤྱོད་བྱེད་སྟངས་ཀྱང་སྣ་ཚོགས་པ་ཞིག་ཡོད་འདུག ནུབ་ཕྱོགས་ཀྱི་ཡུལ་གྲུ་རྣམས་སུ་ནི་མེ་ཏོག་འདི་ཉྀད་ལ་ལས་སྣོན་བྱས་ནས་སྐུད་མཉེ་བྱུགས་སྣུམ་གྱི་རིགས་དང་། དྲི་བཟང་གཏོར་ཆུ་རིན་གོང་མཐོ་བོ་ཅན་དང་། གདུག་སྤོས་རིགས་དུ་མ་བཅས་བཟོ་གིན་ཡོད་འདུག

བོད་སྐད་དུ་སྤྲུ་མ་ཞེས་འབོད། འདི་ལ་རིགས་དཀར་ནག་སེར་གསུམ་ཡོད། དེ་དག་ངོས་འཛིན་སྟངས་ནི།

Saturday, March 5, 2011

ཐོག་མའི་ཁ་གཡང་།















༄༅།། བཀྲ་བ་མཁའ་ལྟར་ཡངས་པའི་འཇིག་རྟེན་ཁྱོན།།
ཤིས་པའི་སྒོ་བརྒྱ་འབྱེད་པའི་ཡིད་བཞིན་ནོར།།
བདེ་སྐྱིད་སྣང་བས་ཁྱབ་མཛད་ཐུབ་པའི་བསྟན།།
ལེགས་ཚོགས་འདོད་རྒུའི་དཔལ་དུ་འབར་གྱུར་ཅིག།

རྒྱུ་སྐར་ལྟར་བཀྲ་གཞིས་བྱེས་བོད་རིགས་ཀུན།།
མི་ཤིས་རྒུད་པའི་མུན་པ་ཡོངས་སངས་ནས།།
དགའ་བདེ་གནམ་ལོ་གསར་པ་འདི་ཡི་ནང་།།
དགེ་ལེགས་ལྷན་འཛོམས་ལག་གདང་སྦྲེལ་གྱུར་ཅིག།།

བོད་རྒྱལ་ལོ་༢༡༣༨རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ཀྱི་གནམ་ལོ་གསར་དུ་བཞད་པའི་ཐོག་མའི་བཀྲ་ཤིས་པའི་ཉིན་མོ་འདིར་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།