Thursday, August 19, 2010

དབྱངས་གསལ་ཁྲོད་ཀྱི་མི་ལ།












ཀ་བ་བུམ་པར་ཁ་རྩོད་མ་བྱས་འཆི་ཆོས་ངོ་མ་ཞིག་གི་ཆེད།།
ཁ་བས་གཡོགས་པའི་གངས་ཀྱི་རི་སོགས་ཀུ་ཅོས་དབེན་པའི་བས་མཐའ་རུ།།
ག་འགྲོ་གདེངས་མེད་འདི་འགྲོ་དམིགས་མེད་རླུང་གིས་བདས་པའི་སྲིན་བལ་བཞིན།།
ང་འཛིན་སྤངས་པའི་ཁྱོད་ཀྱི་གཏམ་དེས་ང་ནི་དེ་རིང་ཡི་ག་འགགས།།

ཅ་དངོས་རྡོག་པོ་རུམ་ན་མེད་ཀྱང་ཕ་རྒོད་བླ་མའི་དྲུང་དུ་བསྙེགས།།
ཆ་རྒྱུས་མེད་པའི་མར་སྟོན་ལོ་ཙཱས་ཕྲུ་མ་སློག་པའི་ཟོལ་གྱིས་བསུས།།
ཇ་རྩམ་འཚོ་བ་གྲོང་ནས་བསླངས་ཏེ་སྒོ་གསུམ་བླ་མའི་དྲན་དུ་ཕུལ།།
ཉ་རྒྱས་ཟླ་བའི་དཔལ་ལ་འཁུ་བའི་དད་དང་ལྷག་བསམ་ཟོལ་མེད་ཀྱང་།།

ཏ་ལེན་ནང་དུ་འབུལ་བ་མེད་པས་དབང་གྲལ་ནང་ནས་དབང་སྐལ་བཅད།།
ཐ་དད་དབྱིབས་གཟུགས་མ་ངེས་པ་ཡི་གསས་མཁར་དགུ་ཡི་སྐྱ་རིས་བསྟན།།
ད་དུང་ཅི་མཛད་ལེགས་པར་མཐོང་བའི་ཚེ་རབས་སྔ་མའི་འབྲེལ་ཐག་ཅན།།
ན་ཚ་སྔུག་དགུ་ཁྱོད་ལ་ཕོད་པ་མར་ལོ་སྙིང་ཁམ་ཆེ་བ་ལ།།

པ་ལོ་ལན་བུས་རོ་སྟོད་ཁེབས་ཤིང་སྔོ་སྐྱ་གཅེར་བུ་སྐྱིལ་དཀྲུང་ཅན།།
ཕ་རོལ་རྔོན་པས་མིག་ལམ་ཤར་ཚེ་མི་འམ་འདྲེ་ཞེས་དཔྱངས་ཐག་འཛིན།།
བ་རི་ལོ་ཙཱའི་རྟོགས་པ་གནོན་པའི་ང་འོ་སྙམ་པའི་ང་རྒྱལ་ཅན།།
མ་སྲིང་སྔོན་ན་གཅེར་བུར་ཉལ་བའི་མི་ཡི་འགྲོ་སྟངས་ཐམས་ཅད་གཤིགས།།

ཙ་ཏུར་དབལ་ལྡན་ལྷགས་རླུང་མདའ་མོས་ཕྱི་ཡི་གཟུགས་པོ་འཁྱག་ལ་སྦྱར།།
ཚ་ཚ་འུ་འུར་ནང་གི་གཏུམ་མོས་ཤེས་བྱའི་བུད་ཤིང་ཐུལ་ཐུལ་སྲེག།
ཛ་དྲག་འབྱུང་བཞི་སྣོལ་མའི་ཁྲོད་ནས་གཉུགས་མའི་རིག་པའི་ཁྱེ་འུ་དེས།།
ཝ་ལེར་ཆོས་ཀུན་རྗེན་པར་གཟིགས་པའི་ཀ་དག་གདོད་མའི་དབྱིངས་ལ་རོལ།།

ཞྭ་གོས་ལྷམ་གསུམ་གཅིག་ལྕོགས་གྱུར་པའི་ཀ་ཤཱིའི་རས་ཀྱི་ཆུན་པོ་དང་།།
ཟྭ་མའི་སྔོ་ཚོད་དེ་གཉིས་ཙམ་གྱིས་མི་ཚེ་རིང་མོ་འབུད་རྒྱག་གཏོང་།།
འ་ཅག་ཐོས་བསམ་སྒོམ་ལོ་འདི་དག་སྐྱིད་ཉལ་རྒྱགས་ཉལ་དེ་རིང་མཐོང་།།
ཡ་མཚན་ཁྱོད་ནི་མི་རུ་སྐྱེས་ཀྱང་མི་ཡི་གྲལ་ནས་བུད་པ་ཞིག།

རྭ་རྒྱན་རུས་རྒྱན་བརྗིད་ཉམས་མི་དགོས་མཁས་གྲུབ་སྟོང་གི་རྩེ་ན་འགྱིངས་།།
ལ་ལུང་ཕཌ་ཀྱིས་སྐོང་བ་མི་དགོས་ནང་གི་རྣམ་རྟོག་རྡུལ་དུ་བརླགས།།
ཤ་ཁྲག་ཚོགས་ཀྱིས་འཁོར་ལོ་མི་དགོས་མ་དང་མཁའ་འགྲོ་སྤྲིན་ལྟར་འདུ།།
ས་ཐིགས་རོལ་མོས་ཕེབས་བསུ་མི་དགོས་སྤྲིན་དཀར་བཞིན་དུ་མཁའ་ནས་བཞུད།།

ཧ་ལའི་དུག་ལ་སོ་འབྲད་བཞིན་དུ་ཤི་གསོན་དཀོར་ལ་འཇིགས་སྣང་བྱེད།།
ཨ་དོན་སྐྱེ་མེད་ཆོས་དབྱིངས་བདེ་བས་ལྟོ་གོས་གཏམ་གསུམ་གཅིག་ཏུ་འགགས།།
ཧ་ལམ་ཀ་ཕྲེང་འགྲིགས་ཙམ་བྱས་ཀྱི་ཁྱོད་ཀྱི་ལེགས་བྱས་རྒྱ་མཚོའི་རྡུལ།།
ཨ་སྔོན་ཕར་མཐའ་མི་དཔོག་ཇི་བཞིན་དེ་རིང་འདི་ཙམ་ཉེ་བར་བསྡུ།།

ཨི་ཡིག་བཞིན་དུ་མགོ་བོ་བཀུག་ནས་ཁྱོད་ཀྱི་རྣམ་ཐར་བསམ་པའི་ཚེ།།
ཨུ་ཚུགས་རྐྱང་པའི་རྟོག་བཟོ་མི་དགོས་མགོ་རུས་གཏིང་ནས་མིག་ཆུ་འཁྲུགས།།
ཨེ་མ་དེང་གི་བསྟན་འཛིན་ཁས་མཆེ་གླིང་བཞི་དཀོར་གྱིས་བསྐོར་བ་རྣམས།།
ཨོ་ལོ་རང་ཉིད་མགོ་སྐོར་ཙམ་ལས་ཅི་ཡང་མེད་པར་ཁྱོད་ཀྱིས་གྲུབ།། །།

ཤིང་སྤྲེལ་དཔྱིད་ཆོས་ཆེན་མོའི་ཚོགས་གྲལ་ནས། ༢༠༠༤། ༣། ༡༤ ཉིན།

༢༠༠༦་ལོའི་《རྩམ་པ་》དུས་དེབ་ཏུ་བཀོད་ཅིང་དེ་རིང་བསྐྱར་ཞུས་ཕྲན་ཙམ་བྱས།

Monday, August 16, 2010

གནམ་ས་གའུ་ཁ་སྦྱར།

ཉེ་བའི་ཆར་དེང་རབས་བོད་ཀྱི་རིགས་པ་སྨྲ་བ་འགའ་ཞིག་གིས་སྔོན་གྱི་དུས་སུ་ནུབ་ཕྱོགས་ཀྱི་བསམ་བློ་བ་དང་། རྟོག་དཔྱོད་ཅན་རྣམས་ཀྱིས་ས་ཡི་གོ་ལ་འདི་རིལ་རིལ་དང། ལེབ་ལེབ་ཇི་ལྟར་འདོད་པའི་གཏམ་ལས་འཕྲོས་ནས་འབེལ་གཏམ་དང་བགྲོ་གླེང་ལྷུགས་པོ། བར་བར་དུ་རྩོད་པ་ཚ་ངར་ཅན་ཡང་མང་དུ་གནང་བར་རྗེས་སུ་ཡི་རང་ཞུ།
དེ་རིང་གུས་པས་ང་ཚོ་སྒང་པ་བོད་ཀྱི་མེས་པོ་རྣམས་ཀྱིས་འཇིག་རྟེན་འདི་ཉིད་ཀྱི་དབྱིབས་དང་གྲུབ་ཚུལ་ཇི་ལྟར་ཡོད་པའི་སྐོར་ལའང་ཅུང་ཙམ་བསམ་བློ་གཏང་རིན་ཡོད་པར་བསམ། དེ་ལྟར་ཇི་ཡིན་གསལ་བའི་རང་རེའི་ལོ་རྒྱུས་ཁུངས་མ་དང་། བྱུང་རབས་དངོས་མ་དེ་དག་ནི་སྔ་དུས་སུ་བཙན་པོ་དཀྲོངས་པ་དང་། འབངས་གྱེན་ལོག ཉེ་དུས་སུ་རིག་གནས་གསར་བརྗེ་ཆེན་པོ་སོགས་ཀྱིས་གཏན་དུ་གྱེས་མཇལ་ཞུས་ཟིན། ད་ལྟ་བཞུགས་པའི་ཆོས་འབྱུང་དང་རྒྱལ་རབས་སུ་གྲགས་པ་ཕལ་མོ་ཆེ་ནི་སྟོན་པ་བཀའ་དྲིན་ཅན་གྱི་ཆོས་ཚུལ་ཇི་ལྟར་དར་བའི་ཚུལ་ལས་འཕྲོས་ནས་གླེང་བ་ཤ་སྟག་ཏུ་སོང་གཤིས་ཆེས་གདོད་མའི་དུས་ཀྱི་བོད་ཀྱི་བྱུང་རབས་དེ་དག་ས་འོག་གི་གཏེར་བཞིན་དུ་མི་གསལ་བར་གྱུར། འོན་ཀྱང་ད་ལྟ་ཆེས་ཉུང་ཤས་སུ་གྱུར་ཅིང་ཁ་མ་གང་ཞིང་། ཆ་མི་ཚང་བའི་གཏོ་ཆོག་དང་ཤོག་ཛར་དུམ་བུ་འགའ་ཡི་སྣེ་ལ་འཇུ་ནས་གཞན་གྱི་རིག་གཞུང་གྱིས་ཁ་མ་སྐོང་བའི་གདོད་མའི་བོད་རྒན་རྣམས་ཀྱི་བསམ་པའི་ཁྱེར་སོ་དང་། འདུ་ཤེས་འཛིན་སྟངས་དེ་དག་སློག་ཙམ་རེ་བྱས་ན་བསམ། དེ་ཡང་འཇིག་རྟེན་གྲུབ་ཚུལ་ནི། མུ་མེན་ཕྱཱ་ཡི་པྲ་ཕུད་ལས།
གནའ་སྔ་སྲིད་པའི་དང་པོ་ལ།།
ཞེ་སྔ་བསྐལ་པའི་ཐོག་མ་ལ།།
ཅི་ཡང་མེད་པའི་སྟོང་པ་ལས།།
ཅི་ཡང་མཁྱེན་པའི་འོད་ཅིག་བྱུང་།།
འོད་དེ་རབ་ཏུ་རྒྱས་པ་ལས།།
ཡེ་ཤེས་ལྷ་ཡི་ཐུགས་རྗེ་དང་།།
སྤྱི་མཐུན་སེམས་ཅན་བསོད་ནམས་ལས།།
ཕྱི་ནང་སྣོད་བཅུད་འཇིག་རྟེན་ཆགས།།ཞེས་དང།
རླངས་ཀྱི་པོ་ཏི་བསེ་རུ་ལས།
དམིགས་ནི་ཕ་ལ་དམིགས་ནི་མ།།
དེ་ན་བ་མོ་དཀར་ཙམ་སྲིད།།
བ་མོ་བཞུ་པས་ཟིལ་པར་སོང༌།།
ཟིལ་པ་འགྲིལ་བས་ཆུ་བོ་སོང༌།།
ཆུ་བོའི་ཁ་དོག་སྤྲིན་དུ་ཆགས།།
ཆུ་བོའི་ཐོག་ཏུ་རྡུལ་དུ་ཆགས།།
དེ་ལ་ས་ཆེན་ཁད་ཀྱིས་ཆགས།། ཞེས་དང་ཐོག་འདི་ཡིན་གྱི་ངོས་བཟུང་མེད་པར་ཐམས་ཅད་སྐྱ་ཧང་ཧང་དུ་ཡོད་པས་འོད་དང་། བ་མོ། ཟིལ་པ། ཆུ། སྤྲིན། དེ་ནས་ས་གཞི་སོགས་རིམ་གྱིས་ཆགས་པར་བཤད།
ད་འོ་ན་དེའི་དབྱིབས་གཟུགས་དེ་ཇི་ལྟར་རིལ་རིལ་དང་། ཡང་ན་ལེབ་ལེབ་ཏུ་ཡོད་སྙམ་ན། མེས་པོ་དེ་དག་གིས་འཇིག་རྟེན་འདི་ཉིད་རིལ་རིལ་ཡིན་པ་མ་ཟད་གའུ་ཁ་སྦྱོར་ཏེ། དཀྱིལ་དུ་རྒྱ་ཆེ་ཞིང་མཐོངས་ཡངས་པ། ཕྱོགས་བཞི་མཐའ་ནས་འབྱར་བ། མདོར་ན་མདོར་ན་འབྲོག་པའི་སྦྲ་ཕུབ་ལྟ་བུའི་དབྱིབས་གཟུགས་ཅན་ཞིག་གསུངས་ཡོད་པ་ཡིན་ཏེ། དེ་ཡང་ཡོ་ག་ལྷ་གྱེས་ཅན་ལས།
དང་པོ་བསྐལ་པ་བས་བསྐལ་སྲིད་པས་མ་སྲིད་ཙམ་ན། ཕྱ་ཡེ་མཁྱེན་ཆེན་པོ་བྱ་བ་གཅིག་སྲིད་པ་ས་ཡིས་བསྐོས་ཏེ་བྱུང་། དེ་ལས་ཁོ་མ་འགྲོ་རྗེའི་ལེགས་པའི་ཧོར་དྲུག་ཅེས་པ་གཅིག་སྲིད། དེའི་ཞལ་གྱིས་ངད་པ་སྤྱན་གྱིས་སྒྲོས་མ། དབུ་སྐྲ་ཕྱག་སོར་ཙམ་གཅིག་གནས་པ་སྟེ། གནམ་ས་ཆ་མ་ཕྱེད་ཀྱི་བར་དུ་ཕུས་བཏབ་པས། གནམ་ས་ཆ་ཕྱེད་དེ། གནམ་རིམ་པ་བཅུ་གསུམ་ནི་ཁང་རིམ་ཁང་དུ་ཡས་ཕུབ། ས་རིམ་པ་བཅུ་གསུམ་ནི་གདན་རིམ་གདན་དུ་མས་གཏིང། གནམ་ས་གའུ་ཁ་སྦྱོར་དེའི་ནང་དུ་འོད་དཀར་ནག་གཉིས་སྲིད། ཅེས་དེ་ལྟ་བུའི་གནམ་ས་གའུ་ཁ་སྦྱར་གྱི་ནང་དུ་བཅུད་ཀྱི་སེམས་ཅན་དེ་དག་རིམ་གྱིས་གྲུབ་པར་གསུངས་འདུག འབྲོག་པ་སྦྲ་གུར་གྱི་ནང་དུ་བསྡད་པ་ལྟར་ཕྱིའི་གནམ་ས་གཉིས་ཀྱང་མིག་གིས་ཆོད་མཚམས་ཤིག་ནས་འདབས་འབྱར་ནས་ཡོད་པ་བསམ་ཚུལ་འདི་ན་མ་སྨིན་པའི་འདོད་ཚུལ་ཞིག་སྟེ་འགྲིམ་འགྲུལ་ཉུང་ཞིང་ཁུག་དཀྱོག་ཏུ་བསྡོད་མཁན་དག་ལ་སྐྱེ་སྲིད་པའི་དོགས་པ་ཞིག་རེད་བསམ། འདི་དག་གི་སྐབས་སུ་ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རི་ཡི་རྒྱལ་པོ་རི་རབ་ཟེར་བ་སོགས་ནི་མཐོང་རྒྱུ་མི་འདུག་པས་མཎྜལ་ལས་འབྱུང་བའི་ས་དབྱིབས་འདི་ནི་ཕྱིས་སུ་རྒྱ་གར་གྱི་འདོད་ཚུལ་ཡིན་པར་སྨོས་མེད་རེད། འོན་ཀྱང་དགེ་ཆོས་ཀྱི་《འཇིག་རྟེན་རིལ་མོའམ་ཟླུམ་པོ་》ཞེས་པའི་རྩོམ་གྱི་རྨང་གཞི་དང། རྟོག་དཔྱོད་ལ་འདེད་པའི་སྒོ་མོ་འདྲ་བ་དེ་ནི་ནུབ་ཕྱོགས་པའི་ཚན་རིག་པས་བརྙེད་པའི་གྲུབ་དོན་འཇིག་རྟེན་རིལ་རིལ་དེ་ལ་བརྟེན་པ་མ་གཏོགས་བོད་ཀྱི་ཆེས་རྙིང་མའི་གཞུང་ནས་འབྱུང་བའི་གནམ་ས་གའུ་ཁ་སྦྱར་གྱི་ལུགས་འདི་དག་ལ་བརྟེན་ཡོད་ཚོད་མི་འདུག་གོ

Tuesday, August 10, 2010

འབྲུག་ཆུ་རྫོང་དུ་རི་ལུད་པ།


ཁ་སང་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་གྱི་འབྲུག་ཆུ་རྫོང་དུ་རི་བོ་ལུད་ནས་རྫོང་མཁར་དེ་ཉིད་ཀྱི་ཕྱེད་གཤགས་བྱས་ནས་གྲོང་ཁྱེར་དེའི་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་ཐེབས་པའི་གནས་ཚུལ་གང་སར་ཁྱབ་ཡོད་པ་རེད། གསར་ལམ་ཁག་ཏུ་མི་ཤི་གྲངས་༡༢༧ཙམ་དང་། རྨས་མ་བརྒྱ་ཕྲག་ལས་བརྒལ་བ། གར་སོང་མེད་པའི་གྲངས་འབོར་སྟོང་ཕྲག་ལས་བརྒལ་ཚུལ་བཤད་བཞིན་པ་འདུག་པས་ཤི་བའི་གྲངས་ཀ་ཕལ་ཆེར་སྟོང་དུ་ལོན་ངེས་སྙམ། དེ་ནི་ངའི་ཚོད་དཔག་ཙམ་ཡིན་པས་ཁ་ངན་པ་མ་གསུང་རོགས། ཉིན་དེའི་ཕྱི་དྲོ་དེར་རྒྱ་ནག་གི་སྲིད་བློན་དབུན་ཇ་པུས་འབྲུག་ཆུ་རྫོང་དུ་དངོས་སུ་འབྱོར་ནས་ལས་དོན་བཀོད་སྒྲིག་དང་རྨས་མ་སོགས་ལ་འཚམས་འདྲི་བྱས་པར་གསར་ལམ་ཁག་ཏུ་བཤད། དེ་རིང་ནི་མྱུར་སྐྱོབས་དང་། གནས་སྤོ་རས་གུར་སོགས་གཞུང་ནས་མཐུན་རྐྱེན་འབྱོར་བཞིན་ཡོད་འདུག དེ་དང་མཚུངས་པར་བྱེས་ནས་ཀྱང་བཀའ་ཤག་གིས་ཐུགས་གསོ་འཚམས་འཕྲིན་དང་ཤི་བོ་ལ་བསྔོ་སྨོན་གནང་ཡོད་པ་རེད། ད་དུང་ཡང་འབྲེལ་ཡོད་རྣམ་པས་གསོན་པོ་རྣམས་ལ་རོགས་རམ་དང་འཚམས་འདྲི་ཤི་བོ་རྣམས་ལ་མ་ཎི་རེ་ཚ་འདོན་བྱེད་རྒྱུ་བརྗེད་མི་རུང་།
ད་ལོ་ང་ཚོ་བོད་མི་རྣམས་ཀྱི་མགོ་ལ་རང་བྱུང་ཁམས་ཀྱི་ཆག་སྒོ་ཆེན་པོ་ཡང་ཡང་འབྱུང་གིན་འདུག་པས་འདི་ཉིད་ཐན་ལྟས་ཤིག་གམ་ཡང་ན་གཞན་ཞིག དེ་སྔོན་ཁམས་སྐྱེ་དགུ་མདོ་རུ་ས་གཡོས་པའི་འཇིག་པ་དང་། ཁ་སང་ལ་དྭགས་སུ་གནམ་རལ་བའི་འཇིག་པ། དེ་རིང་འབྲུག་ཆུ་རུ་རི་ཉིལ་བའི་འཇིག་པ་འདི་དག་ཉམ་ཆུང་མི་རིགས་འདིའི་མགོ་ལ་ཚོགས་སྤུངས་སྤུངས་བྱེད་པ་འདི་ལས་རྒྱུ་འབྲས་ལ་འོས་སམ། ལྷ་དང་བླ་མའི་མངོན་ཤེས་ཀྱིས་གཟིགས་རྒྱུ་དང་། རྩིས་དང་མོ། པྲ་དང་ཇུ་ཐིག་སོགས་ཀྱིས་ང་ཚོས་འདི་དག་ལྟས་ཅི་ཞིག་ཡིན་པ་དཔྱད་པ་བྱེད་རིན་འདྲ་འདུག་གམ། ང་ནི་རྣམ་རྟོག་འདྲ་སློང་ཡོང་གིན་འདུག

ད་ཐེངས་རི་བོ་ལུད་པ་འདི་ལ་རྒྱུ་རྐྱེན་ཆེན་པོ་གསུམ་ལ་ངོས་འཛིན་བྱས་ཡོད་འདུག
༡༽ སྤྱིར་ན་འབྲུག་ཆུ་རྫོང་མཁར་ཉེ་འདབས་ཀྱི་ས་གཤིས་གྲུབ་སྟངས་ལ་འོག་གི་བྲག་རྡོ་རྣམས་བརྟན་པོ་མིན་པ་དང་།
༢༽ རྫོང་མཁར་འདི་ན་ནིང་བུན་ཁྲོན་ས་འགུལ་གྱིས་གནོད་ཐེབས་ས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན་པས། ས་འགུལ་བྱུང་བ་དེ་ལས་འབྲུག་ཆུ་རྫོང་མཁར་མཐའ་མཁོར་གྱི་རི་བོ་རྣམས་སྒུལ་ཟིན་པས་འོག་གི་བྲག་རྡོ་རྣམས་གས་ཆགས་ཤོར་བ་དང་། ས་འགུལ་གྱིས་གས་ཆག་གཏོང་བ་རྣམས་སླར་སོས་པ་ལ་ལོ་ངོ་གསུམ་ནས་ལྔ་བར་གྱི་དུས་ཡུན་དགོས་པས་ས་འགུལ་བྱུང་ནས་ལོ་ངོ་གཉིས་ལས་སོང་མེད་པས་སྲ་བརྟན་ཅན་དུ་གྱུར་མེད་པ་དང་།
༣༽ འབྲུག་ཆུ་ས་ཁུལ་ལ་ན་ནིང་གི་དུས་ཚིགས་བཞི་བ་ནས་ད་ལོའི་ལོ་སྟོད་བར་བསྟུད་མར་ཐན་པ་བྱུང་ནས། རྫོང་མཁར་མཐའ་འཁོར་གྱི་བྲག་ངོས་ལ་གས་སྲུབས་བྱུང་བའི་དབང་གིས་ཆར་ཆེན་འབབ་སྐབས་རི་ཉིལ་སླ་བ་དེ་རེད།
ཅེས་ས་གཤིས་རིག་པ་བ་རྣམས་ཀྱིས་དབྱེ་ཞིབ་བྱས་ཡོད་འདུག

Sunday, August 8, 2010

གནས་མཆོག་ཁ་བ་དཀར་པོ།


གནས་མཆོག་ཁ་བ་དཀར་པོ་ནི། ཇི་སྐད་དུ། གླིང་གཞིའི་གླིང་མཆོག་འཛམ་བུ་གླིང་།། གནས་མཆོག་ཉི་ཤུ་རྩ་བཞི་ནས།། ལྷོ་མོན་ཚ་བ་རོང་གི་ཡུལ།། འཇང་བོད་གཉིས་ཀྱི་ས་མཚམས་ན།། གནས་མཆོག་ཁ་བ་དཀར་པོ་ནི།། ཞེས་ལྷོ་མོན་ཚ་བ་རོང་དུ་ཡོད་པར་བསྟན། མིའུ་འདྲ་ཆགས་ལས། ལྡོང་ལ་ང་ཆེ་བཅོ་བརྒྱད་ཡོད།། དབུས་ལ་རིང་མོ་ཚུན་ཆད་དང་།། ཚ་བའི་དིལ་དཀར་ཡན་ཆད་དུ།། ཞེས་པའི་ཚ་བའི་དིལ་དཀར་ཞེས་པ་དེ་ཡང་འདི་ཡིན་པར་བསམ། འགའ་ཞིག་གིས་བཤད་པ་ལྟར་ན་འདི་ལས་གཞན་པའི་དེང་དུས་ཡང་ཚ་བའི་དིལ་དཀར་ཟེར་བ་ཞིག་ཡོད་པར་བཤད། གང་ལྟར་མདོ་ཁམས་ཀྱི་ཆུ་བཞི་སྒང་དྲུག་ལས་རྒྱལ་མོ་དངུལ་ཆུ་དང། ཟླ་ཆུའམ་རྫ་ཆུ་གཉིས་ཀྱི་བར་དང་། སྒང་དྲུག་ལས་ཚ་བ་སྒང་གི་ཁོངས་སུ་གནས་པའི་གཡེར་གྲགས་ཅན་གྱི་གནམ་འདེགས་གངས་ཀྱི་རི་བོ་ཞིག་རེད། དེང་དུས་ཀྱི་དབང་དུ་བྱས་ན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་དུ་ཡོད། རྒྱ་མཚོའི་ངོས་ནས་མེ་ཏྲར་༦༠༠༠ཡན་གྱི་གངས་ཀྱི་རི་བོ་དུ་མ་བསྟར་ཕྲེང་བསྒྲིགས་ནས་ཡོད་པའི་དབུས་སུ་ཀྲོང་ངེར་འགྱིངས། རྩེ་མོ་དུས་བཞིར་འགྱུར་བ་མེད་པར་གངས་དཀར་ཤེལ་གྱི་ཅོད་པཎ་སྔོ་བསངས་ནམ་མཁའི་དབྱིངས་སུ་ཟུག་ཅིང་། རི་སྐད་ལྗོན་ཤིང་སྣ་ཚོགས་ཀྱིས་སྤུད་པའི་ཤམ་བུ་གསོལ་བར་རི་དྭགས་དང་འདབ་ཆགས་དུ་མས་སྐད་སྙན་སྒྲོགས་ཅིང་བག་ཕེབས་གནས་པ། རི་མཐའ་འབྲུ་དྲུག་ཆུ་མའི་ཞིང་ཁ་ནས་འབྲས་བཟང་གཡུ་དུ་ཟ་བས་ཡུལ་མའི་རྒན་པོས་མཛུམ་མདངས་ལྷོད་པ་མེད་པར་གནས་པའི་མི་ཡུལ་གྱི་ཞིང་ཁམས་ཉམས་དགའ་བ་ཞིག་ཡིན། མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མེ་ཏྲར་རམ་ཡང་ན་ཕྲག་འདོམ་༦༧༤༠ཙམ་ཡོད་པ་རེད། ༡༩༨༧ཙམ་ནས་འཇའ་པན་དང་། ཨ་རི་སོགས་འཛམ་གླིང་ཤར་ནུབ་ཀྱི་གངས་འཛེགས་མཁས་པའི་ཚོགས་པ་མང་པོས་དེང་རབས་ཀྱི་ཡོ་བྱད་སྤྱད་ནས་རི་བོའི་འདིའི་རྩེར་མོར་འཛེགས་ཐབས་བྱས་ཀྱང་ལམ་འགྲོ་མེད་པའམ། ཡང་ན་རྐྱེན་ངན་གང་ཞིག་གིས་ད་བར་དུ་སུ་གང་ཡང་འཛེགས་མ་ཐུབ་པར་དེ་ཐམས་ཅད་ཕམ་ཉེས་སུ་གྱུར། ལྷག་པར་༡༩༩༣ལོ་ཟླ་༡ ཚེས་༣ཉིན་རྒྱ་ནག་དང་། འཇར་པན་གྱི་གངས་འཛེགས་རུ་ཁག་མི་སྣ་བཅུ་བདུན་ཅན་ཞིག་རི་བོ་འདི་ཡི་རྩེར་འཛེགས་སྐབས་ཆོ་འཁྲུལ་ཅི་ཞིག་གམ་ཡང་ན་ཆག་སྒོ་གང་ཞིག་གིས་གངས་འོག་ཏུ་ཁ་བ་བརྡིབས་པ་ལྟ་བུའི་སྣང་ཚུལ་བྱུང་ནས་འཆི་ལམ་དུ་དེད་སོང་བས་ཕུང་པོ་ཙམ་ཡང་ལག་སོན་མ་བྱུང་། དེ་ནས་བཟུང་འཛམ་གླིང་གང་སར་རི་བོ་འདི་ཉིད་སྔར་ལས་ལྷག་པའི་དོ་སྣང་དང་ཞེད་སྣང་སྐྱེས། རྒྱུ་མཚན་འདི་དག་ལ་བརྟེན་ནས་མང་ཁྲོད་དུ་གཏམ་རྒྱུད་དུ་འདི་ལྟར། ཇོ་མོ་གླང་མ་མཐོ་ཡང་གཞན་དབང་།། ཁ་བ་དཀར་པོ་དམའ་ཡང་རང་དབང་།། ཟེར། རི་བོ་ཇོ་མོ་གླང་མ་འཛམ་གླིང་ན་ཆེས་མཐོ་ཡང་རི་འཛེགས་པ་རྣམས་ཀྱིས་དབང་འོག་ཏུ་སོང་བ་དང་། ཁ་བ་དཀར་པོ་འདི་ནི་ཇོ་མོ་གླང་མ་འདི་ལ་ལྟོས་ན་དམའ་ནའང་རི་འཛེགས་པ་རྣམས་ཀྱིས་དབང་འོག་ཏུ་མ་སོང་བར་རང་དབང་དུ་གནས་པའི་སྡོམ་ཚིག་དེ་ཉིད་བཞག་པ་རེད་འདུག ཡུལ་མི་འགའ་ཞིག་གིས་ནི་རི་བོ་འདི་ལ་གནས་པའི་གཞི་བདག་དེ་ཕོ་རྒྱུད་དྲག་བཙན་ཅན་ཞིག་ཡིན་པས་རི་བོ་འདི་ལ་དོ་ཕོག་གཏང་མཁན་སུ་ཡང་ཡན་པོ་མི་གཏང་བ་དང་། ཇོ་མོ་གླང་མ་ནི་གཞི་བདག་མོ་རྒྱུད་ཡིན་པས་དེ་ལྟར་དྲག་བཙན་ཅན་ཞིག་མིན་པའི་རྒྱུ་མཚན་གྱིས་རེད་ཟེར། གང་ལྟར་མིག་སྔའི་གནས་ཚུལ་ནི་འདི་ལྟ་བུ་གྱུར། ཆོས་ཕྱོགས་ནས་བཤད་ན་གཞི་བདག་དྲག་རྩལ་ཅན་འདི་ཉིད་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དམ་ལ་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་སྲུང་མ་དང་། ཡུལ་ལུང་འདི་ཡི་དགྲ་ལྷ་ཞིག་ཏུ་མངའ་གསོལ་བར་གྲགས། དེ་བཞིན་རིས་སུ་མ་ཆད་པའི་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་རི་བྱིན་ཆེན་ཞིག་ཏུ་བརྩི། ལོ་རེ་བཞིན་དུ་བོད་ཡུལ་མདོ་དབུས་ཁམས་གསུམ་ནས་གནས་སྐོར་རྒྱུན་མི་ཆད་ཅིང་། ལྷག་པར་ལུག་ལོ་གང་ཡིན་ལ་གནས་འདི་ཉིད་ཀྱི་གཏེར་སྒོ་བྱེ་བའི་ལུགས་སྲོལ་ཡོད་པ་ལྟར་དད་ལྡན་གནས་སྐོར་བ་ཆུ་སྣ་ལུད་པ་བཞིན་དུ་རྒྱུན་མི་ཆད་ཅིང་བསངས་གཏོང་བ། གསུར་བསྔོ་བ། ཇོ་དར་སྒྲོན་པ། རླུང་རྟ་སྤུར་བ་སོགས་བྱེད་ཅིང་རང་རང་གིས་ལས་ལ་བཅོལ། རི་བོའི་འདི་ཡི་ཉེ་འགྲམ་དུ་གནས་པའི་ཡུལ་མི་རྣམས་ཀྱིས་རི་བོ་འདི་ལ་ཕོག་ཐུག་མ་ཤོར་བ་བསངས་གསོལ་སོགས་བྱས་ན་སྡོངས་གྲོགས་ཅི་བས་ཆེ་བར་བཤད་དོ།།

Friday, August 6, 2010

ག་ས་ནག་འཁྱོག

དེང་དུས་དར་ཁྱབ་ཆེའི་བོད་ཡིག་ཚགས་པར་དང་། དྲ་རྒྱ་ཁག་གི་ནང་དུ་ག་དང་ས་གཉིས་བསྡུས་པའི་ཡིག་གཟུགས་དེའི་ཚབ་ཏུ་ད་ལོག་དང་ཏ་ལོག་གང་རུང་ཞིག་བེད་སྤྱད་ནས་ནོར་འཁྲུལ་ཤོར་གྱིན་འདུག ནོར་བ་དེ་ཡང་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ནས་གླེང་སློང་མཁན་ཙམ་ཡང་མི་འདུག མ་ཟད་སྔོན་ཞིག་ཏུ་བོད་ཀྱི་བང་ཆེན་གསར་ཤོག་གི་བོད་ཀྱི་སྐད་ཡིག་ཅེས་པའི་ལེ་ཚན་དུ། ག་ས་གཉིས་བསྡུས་པའི་ཡིག་གཟུགས་འདི་ཏ་ལོག་མ་རེད་ད་ལོག་རེད་ཅེས་པའི་རྩོམ་ཐུང་ཞིག་ཀྱང་སྤེལ་འདུག་པ་དྲན། འོན་ཀྱང་གསར་ཤོག་དེ་ཉིད་འདོན་ཐེངས་ཀྱི་གྲངས་ཀ་མ་དྲན་པས་དགོངས་འགལ་མེད་པར་ཞུ།
ག་ས་གཉིས་བསྡུས་པའི་ཡིག་གཟུགས་འདི་ལ་མདོ་ཁམས་ཀྱི་ཡུལ་དུ། "ག་ས་ནག་འཁྱོག་"ཅེས་འབོད། ག་ས་ནག་འཁྱོག་གི་བྱུང་རིམ་འདྲ་བོ་ནི། སྔོན་མ་པར་བརྐོ་བའི་ལག་རྩལ་འདི་ཉིད་མ་དར་བའི་སྔོན་དེར་ཡིག་གཟུགས་ཚང་མ་ལག་པས་འབྲི་དགོས་པས་བཀའ་འགྱུར་དང་། བསྟན་འགྱུར་ལྟར་བུ་ལག་པས་འབྲི་བའི་སྐབས་སུ་བསྐུང་ཡིག་འབྲི་རྒྱུ་ལ་འབད་བརྩོན་བྱས་ཡོད་པ་རེད། དེ་ཡང་ཤོག་བུ་བསྲི་ཚགས་དང་། འབྲི་མགྱོགས་པ་བཅས་ཀྱི་དགོས་པ་ཡོད་པས་གང་མང་བསྡུས་ཐབས་བྱས་པ་རེད། གནས་སྟངས་དེ་ལྟར་བུའི་དབང་གིས་རྗེས་འཇུག་ག་ཡི་འོག་ཏུ་ཡང་འཇུག་ས་དེ་ཉིད་འདོགས་པའི་སྲོལ་ཞིག་ཆགས་པ་རེད། དཔེར་ན་སོགྶ་ལྟར་བུ།


༼ག་ས་གཉིས་ནག་འཁྱོག་ཏུ་འགྱུར་བཞིན་པའི་རྣམ་པ་དང་། གྱུར་ཟིན་པའི་རྣམ་པ།༽
དེ་ཡང་རིམ་བཞིན་དབུ་མེད་འབྲི་བའི་སྐབས་སུ་ཡང་དབུ་ཅན་དེ་ལ་དཔེ་འགེབས་བྱས་ནས་རྗེས་འཇུག་ག་ཡི་འོག་ཏུ་ས་བཏགས་པའི་ལུགས་སྲོལ་དེ་ཉིད་རིམ་གྱིས་ཡིག་གཟུགས་འགྱུར་ནས་ག་ས་ནག་འཁྱོག་ཏུ་གྱུར་པ་རེད། ག་ས་ནག་འཁྱོག་འདི་ཉིད་དབུ་ཅན་ལས་དབུ་མེད་དུ་མཐོང་རྒྱུ་མང་བ་ཡོད་པ་དང་། མིང་འདི་ཡང་དབུ་མེད་ཀྱི་ག་ས་གཉིས་བསྡུས་པའི་ཡིག་གཟུགས་ནག་འཁྱོག་འདི་ལ་ཐོག་མར་བཏགས་པར་བསམས། ཡིག་གཟུགས་འདི་ཉིད་དུ་དབུ་ཅན་དུ་བྲི་བའི་སྐབས་སུ་ཡང་གཟུགས་དམིགས་བསལ་བ་ཞིག་ཡོད་པ་ལས་ཏ་ལོག་དང་ད་ལོག་གང་ཡང་མ་རེད། ཏ་ལོག་དང་མི་འདྲ་བ་ནི་དཔུང་རྔ་འོག་ཏུ་ཐོན་མེད་པ་དང་། ད་ལོག་དང་མི་འདྲ་བ་ནི་རྐང་པ་ནང་དུ་གུག་ཡོད་པ་བཅས་ཀྱི་ཁྱད་པར་ཡོད།
སྤྱིར་ན་ཏ་ལོག་དང་ད་ལོག་འདི་དག་རྒྱ་གར་གྱི་བརྡ་ཆད་ཡིན་པས་བོད་ཡིག་གི་རྗེས་མཇུག་ཏུ་སྨྲ་ན་ལུང་རིགས་ཀྱིས་ཕྱེ་མར་འཐག་པར་འགྱུར་རོ། ། རྒྱུ་མཚན་དེ་ལྟར་བས་ན་སྔར་ནས་ཡོད་པའི་ཡིག་གཟུགས་འདི་ཉིད་གློག་ཀླད་དུ་མ་འབྱོར་བར་དུ་ག་ས་གཉིས་བསྡུ་མི་དགོས་པ་བྱེད་རྒྱུ་དང་། ག་ས་ནག་འཁྱོག་འདི་ཉིད་མྱུར་བ་ཉིད་དུ་རོ་ལངས་རྒྱག་ཐུབ་པའི་སྐྱབས་འཇུག་དང་སྨོན་ལམ་ཞུ་རྒྱུ་ཡིན།