Wednesday, October 31, 2012

འཚམས་འཕྲིན་ངག་གི་ངང་མོ།



ངག་གི་རང་གཟུགས་དབྱངས་ཅན་ལུས་ཕྲ་མ།།  
སྐྱེངས་དང་ཞུམ་པའི་ཟོལ་ལ་མ་བརྟེན་པར།།  
རིང་ནས་དུངས་པའི་རྒྱལ་ཁམས་རིག་པ་བའི།། 
སྙན་པའི་འདེགས་འཇོག་མགྲོན་ལ་བྱོན་པར་མཛོད།། 

འཁོར་འདས་མི་རྟག་གློག་གི་དོ་ར་ན།། 
མཛའ་བཤེས་འབྲེལ་ཐག་ཆུ་ཡི་ལྦུ་བ་བཞིན།། 
སྐད་ཅིག་ཡལ་བའི་དུས་ཀྱི་ཁུགས་སོ་ན།། 
མི་འགྱུར་གསེར་གྱི་ཕ་བོང་ཁྱོད་ཉིད་དྲུང༌།། 

ལྟེ་ཁྲག་དྭངས་མ་བྱོ་བའི་འདབས་དེ་ནས།། 
ཁོ་བོས་གོམ་ཁ་གཞན་དུ་བསྒྱུར་རྗེས་སུ།། 
ཁྭ་དང་འུག་པ་འགའ་ཡིས་གཡུལ་གཤམས་ཏེ།། 
ཉམས་ཆུང་འདབ་ཆགས་བདེ་བའི་སྐབས་མེད་སྐད།། 

དེ་ལྟར་ན་ཡང་མཁྱེན་རབ་རྩལ་རྫོགས་པའི།། 
སྒོ་ངའི་སྦུབས་ཀྱི་མཁའ་ལྡིང་ཕྲུ་གུ་ཁྱེད།། 
སྡེར་ཆགས་རྒྱལ་པོས་སྟེགས་པའི་ཆོས་ཀྱི་ཁྲིར།། 
སྟལ་གྱིས་འཁོད་པའི་རྟེན་འབྲེལ་དེ་རིང་ཞུ།། 

བཙན་པོས་རལ་གྲི་སོ་ཡིས་བསྡུས་པའི་ཆེན་པོའི་རྒྱལ་ཁམས་རླུང་གིས་ཁུར།། 
ལོ་པཎ་རིན་ཆེན་སྲོག་གིས་བླུས་པའི་ཐུབ་པའི་བསྟན་པ་ནང་ནས་རུལ།། 
སློབ་དཔོན་མཆོག་གིས་ལེགས་པར་བཅོས་པའི་ཀ་མད་སུམ་ཅུའི་དུང་ཕྲེང་འཐོར།། 
མདོར་ན་རང་ཅག་ལས་དབང་ཐམས་ཅད་ཐུར་དུ་འབབ་པའི་ཡུར་ཆུ་བཞིན།།

 དེས་ན་བློ་གྲོས་ནམ་མཁའི་མཐོངས་མཉམ་ཞིང༌།། 
རང་གི་རིགས་ལ་སེམས་ཁམས་དྭངས་མ་ཁྱོད།། 
སྨག་གི་གླིང་དུ་སྒྲོན་མེ་སྦར་དགོས་ཀྱི།། 
གཞན་དུ་ཤེས་རིག་སྒྲོན་མེ་ཨ་དགོས་ཆུང༌།། 

ལྷག་པར་རག་ཤུལ་གཡང་གི་ར་བ་ན།། 
ཐན་གྱིས་བཅོམ་པའི་ན་གཞོན་རྐང་འཐུང་འབུམ།། 
རིག་གཞུང་བདུད་རྩི་མངར་མོ་ལྷ་ཡི་ཆར།། 
ད་ལྟ་འབེབ་པར་སྙིང་གི་དཀྱིལ་ནས་རེམ།། 

གློ་སྙིང་བྲང་གསུམ་གྱེན་དུ་གཏོད་པའི་རག་ཤུལ་སུང་ཅང་ནག་རིལ་ང༌།། 
རང་གི་སྒོ་གསུམ་ལེགས་ཚོགས་ཅི་མཆིས་འབྱུང་འགྱུར་ཆོས་སྡེ་འདི་ཉིད་ཀྱི།། 
བཤད་སྒྲུབ་རླབས་ཕྲེང་གསོས་སུ་འགྱུར་བའི་རྨི་ལམ་དག་པའི་ཞིང་ཁམས་ན།། 
ཡོད་ཚད་བདེན་པའི་ལྷ་རུ་སྒོམ་ཏེ་ད་ཀོ་འདི་ན་བདེ་བར་བདོག །

དེ་སྐད་འཚམས་འཕྲིན་ངང་མོ་དཀར།། 
ཤེས་རིག་རྦ་རླབས་ཆེར་འཁྲུགས་པའི།། 
འབྲས་སྤུངས་ཆོས་ཀྱི་རྒྱ་མཚོ་ནས།། 
གངས་ཅན་རི་ཡི་ངོགས་སུ་འཕུར།།   །།
 ༢༠༠༧།༩ ༡༨ ཉིན།། 

Monday, October 29, 2012

རྒྱལ་སྤྱིའི་བོད་སྨན་བགྲོ་གླེང་། ཉིན་གསུམ་པ།


དེ་རིང་ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ནས་ལངས་ཏེ་ཁྲུས་དང་གཙང་སྦྲ་བྱས། གོས་གསར་པ་གྱོན། ཁ་དར་དང་མཎྜལ་རྟེན་དོད་གྲ་སྒྲིག་བྱས་ནས་དྲུག་དང་ཕྱེད་ཀའི་ཐོག་ཏུ་ཕོ་བྲང་གི་རྒྱལ་སྒོ་རུ་འཛོམས། དེ་ནས་ལུས་གཤེར་དང་ལྟ་རྟོགས་བྱས་རྗེས་ནང་དུ་འཛུལ་ནས། ཆུ་ཚོད་བདུན་པ་ལྷག་ཙམ་བྱིན་འདུག ཚང་མ་གདན་ལ་འཁོད་ཅིང་། གྲྭ་པ་རྣམས་སྔོན་གྲལ་གྱི་ཕྱོགས་སུ་རེད། དེ་ནས་༸རྒྱལ་བ་རིན་པོ་ཆེ་ཞལ་འཛུམ་མདངས་དང་དགྱེས་ཚོར་ཆེན་པོས་ཞིབ་གཟིགས་མཛད། གོ་སྒྲིག་ཚོགས་པས་ལས་བསྡོམ་གྱི་ཚོད་ལྟ་བུའི་སྙན་ཞུ་ཞིག་ཕུལ་བར་གཟིགས་རྗེས། སྨན་པའི་འདུ་འཛོམས་ཆེ་ཤོས་སུ་གྱུར་པ་་་་་་་་་་་་་་་སོགས་ཀྱི་ཐད་དུས་རབས་གསར་པའི་ནང་དུ་བོད་ཀྱི་སྨན་པའི་འདུ་འཛོམས་ཆེ་ཆོས་སུ་བྱས་ཏེ་བྲིས་ན་དོན་ལ་གནས། འདི་སུས་བྲིས་པ་སོགས་དྲི་བ་གནང་།  དེ་ནས་རྒྱལ་ཁབ་ག་ཚོད་ཀྱི་སྨན་པ་སོགས་འདུག་མིན་གཟིགས་ཤིང་། ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་འབྲུག་དང་། ལ་དྭགས་སོགས་ཀྱི་སྨན་པ་ལ་འཚམས་འདྲི་གནང་། དེ་རྗེས་རྒྱ་གར་དང་། རྒྱ་ནག་པེ་ཅིན་ནས་ཐོན་པའི་སྨན་པ་ལ་དམིགས་བསལ་འཚམས་འདྲི་ཡོད་གསུངས། དེ་ནས་དངུལ་ཆུའི་སྐོར་ལ་བཀའ་འདྲི་གནང་བར་རྒྱ་གར་ལྷོ་ཕྱོགས་ནས་ཡིན་ཞིང་དྷེ་ར་དྷུན་དུ་ཚེའི་རིག་བྱེད་ཀྱི་སྨན་པས་དངུལ་ཆུའི་འདུལ་སྦྱོང་སྐོར་གྱི་བཀའ་ལན་ཕུལ། དེ་ནས་སོག་པོའི་སྨན་པར་འཚམས་འདྲི་མཛད། དེ་ནས་བཀའ་སློབ་ཕེབས་དོན། བོད་ཀྱི་གསོ་བ་རིག་པ་འདི་གནའ་བོའི་ཞང་ཞུང་གི་གསོ་རིག་ལ་རྒྱ་དཀར་ནག ཏག་ཟིག་སོགས་མཐའ་ཡི་རྒྱལ་ཕྲན་རྣམས་ཀྱི་སྨན་གྱི་ལེགས་ཆ་བླངས་ནས་གདོད་ཕུན་སུམ་ཚོགས་པའི་བོད་ཀྱི་གསོ་བ་རིག་པ་འདི་ཉིད་བྱུང་བར་གསུངས།
དེ་ནས་དུས་ཟིང་གི་རྗེས་སུ་སྨན་པ་ཡེ་ཤེས་དོན་ལྡན་དང་། སྨན་པ་འཇམ་དབྱངས་བཀྲ་ཤིས་སོགས་ཀྱི་དཀའ་ལས་རྒྱབ་ནས་སྨན་རྩིས་རིག་གནས་འདི་ཉིད་རྒྱ་གར་དུ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཐུབ་པར་གསུངས། འོན་ཀྱང་ད་ལྟ་སྔ་མ་ལྟར་སྨན་ཉུང་ངུ་ཞིག་བསྡུས་སྦྱོར་བྱས་ན་འགྲིག་གིན་མེད་ཅིང་། སྨན་གྱི་ཁོར་ཡུག་ཆེ་བའི་དབང་གིས་རྒྱ་སྐྱེད་གང་འཚམས་བྱས་ཡོད་ཀྱང་། ད་ཐེངས་བོངས་ཆེན་པོ་གཟོ་དགོས་པས་འདིའི་ཐོག་ཏུ་བསམ་གཞིག་དགོས།
ཡང་རྩྭ་སྨན་གྱི་རིགས་རྣམས་ཀྱང་གཅིག་གིས་གསུངས་བཞག་པ་ཙམ་མ་ཡིན་པར་དོན་ལ་རྒྱུད་དང་མཐུན་མིན་དབྱེ་ཞིབ་དགོས་ཤིང་། དཔེར་ན་ཨུདྤལ་ཟེར་བའི་སྨན་དེ་འབྲས་སྤུངས་དགེ་འཕེལ་རིའི་ངོས་སུ་སྐྱེས་པ་དེ་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། རྩྭ་སྨན་དེ་རྒྱ་གར་ཡུལ་དེ་སྐྱེ་དཀའ་བས་ཨུདྤལ་དེ་ཡང་རྒྱ་གར་ཡུལ་དུ་སྐྱེས་པ་ཞིག་ཡིན་དགོས་པས་འདིས་འཚོན་པའི་སྨན་ངོས་འཛིན་གྱི་སྐོར་ལའང་ཏན་ཏན་བསམ་བློ་གཏོང་དགོས་པར་སོགས་བཀའ་སློབ་ཟབ་རྒྱས་སྩལ།
དེ་རྗེས་ད་ཐེངས་ཚོགས་འདུ་ག་འདྲ་བྱུང་བའི་སྐོར་ལ་སྨན་རྩིས་ཁང་གི་འགན་འཛིན་གྱིས་དྲི་ལན་ཕུལ། དེ་ནས་འདྲ་པར་སྒྲོན་ཞིང་ཐམས་ཅད་བདེ་དགའི་ངང་ནས་གྲོལ།
ཆུ་ཚོད་དགུ་པ་གསུང་ཆོས་ཀྱི་ཆེད་དུ་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་རིན་སོང་། ང་ཚོའང་ས་རཱ་རིག་གནས་མཐོ་སློབ་ཏུ་ཚོགས་འདུའི་ཆེད་དུ་འགྲུལ་འཁོར་ལ་བསྡད་དེ་སོང་། དེ་ནས་གསོལ་ཇ་དང་ངལ་བ་ཅུང་ཞིག་བསོས་ནས།
བགྲོ་གླེང་མགོ་འཛུགས་ཞུས། སྨན་པ་པདྨ་འགྱུར་མེད་ཀྱིས་ལ་དྭགས་ནང་དུ་བོད་ཀྱི་གསོ་བ་རིག་པའི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་བྱས།
དེ་རྗེས་ཧོའོི་ལན་ནས་འབྱོར་བའི་སྨན་པ་བློ་བཟང་ཚུལ་ཁྲིམས་ཀྱིས་རྩ་དཀར་མ་ལག་གི་ནད་བཅོས་ཐབས་ཞེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་བྱས་ཤིང་། རྩ་དཀར་གྱི་ནད་ངོས་འཛིན་དང་། དབྱེ་བ། བཅོས་ཐབས་སོགས་དང་། ད་དུང་རྒྱུན་དུ་ནད་པར་སེམས་ཤུགས་སྤར་གཏང་། བྱམས་པོ་བྱེད་ནས་སེམས་པ་ལྷོད་ལ་ཕབ་སྟངས། འཕྲོད་བསྟེན་སྐོར་ལ་བསླབ་བྱ། སྨན་གཅིག་པུ་མ་ཡིན་པར་སྤྱོད་ལམ་དབུགས་སྦྱོང་སོགས་ཀྱིས་མདོར་ན་ནད་པ་དེ་ཉིད་ནད་ལས་གྲོལ་ཐབས་ཀྱི་སྒོ་ལ་བསམ་གཞིག་དགོས་པའི་ལེགས་བཤད་མང་དུ་གསུངས།
དེ་ནས་ཉིན་གུང་གསོལ་ཚིགས་ལ་རོལ།
དེ་ནས་སྨན་པ་ཟླ་བ་ལགས་ཀྱིས་སྔོ་སྨན་དང་ཁྲོག་སྨན་ངོ་སྤྲོད་ཞེས་པའི་དཔྱད་རྩོམ་སྒྲོག་སྦྱོང་གནང་། དེ་ཡང་ཁོང་གིས་དེང་དུ་བོད་ཕྱི་ནང་གཉིས་སུ་སྔོ་སྨན་ངོས་འཛིན་སྟངས་མི་འདྲ་བའི་སྐོར་དང་ལྷག་པར་ལྷ་ས་སྨན་རྩིས་ཁང་དང་། དྷ་ས་སྨན་རྩིས་ཁང་སོགས་ཕལ་མོ་ཆེར་གཅིག་མཚུངས་སུ་ཡོད་ཀྱང་། ཆབ་མདོ་ནས་སྔོ་སྨན་འཁྲུངས་དཔེར་ཤེལ་གྱི་མེ་ལོང་ཞེས་པའི་འདྲ་པར་མཉམ་སྦྱར་ཅན་གྱི་སྨན་དེབ་དེའི་ནང་དུ་རྒྱུད་དང་འགལ་ངེས་པའི་སྔོ་སྨན་མང་དུ་འདུག་ནའང་། དེ་རིང་བཅུ་བདུན་ཐམས་པ་ཚོགས་ཐོག་འདིར་ཐེར་འདོན་བྱས། གཙོ་བོ་ཤེལ་ཕྲེང་ལས་ནུས་པ་དགུ་ལ་ལྟོས་ནས་ངོས་འཛིན་དགོས་པ་སོགས་དཔྱད་གཞི་ཅན་དང་། དོགས་སློང་ངར་མ་ཞིག་བྱས།
དེ་རྗེས་སྨན་པ་འཇམ་དབྱངས་བཀྲ་ཤིས་ཀྱིས་བཙོ་ཐལ་ལག་ལེན་གྱི་སྐོར་ཞེས་པའི་ཐོག་ཏུ་དང་པོ་དངུལ་ཆུ་འདུལ་སྦྱོང་གི་སྨན་གཡོག་ནས་དངོས་སུ་དངུལ་ཆུ་བཙོ་བསྲེག་གི་གཙོ་འཛིན་བར་གྱི་ཉམས་་མྱོང་པར་རིས་དང་བཅས་པའི་སྒོ་ནས་དཔྱད་རྩོམ་རིན་ཐང་ཅན་སྒྲོག་སྦྱོང་བྱས། དེ་རིང་གི་དཔྱད་རྩོམ་རྣམས་རིན་ཐང་ཅན་ཤ་སྟག་རེད་ཅེས་ཞུས་ན་ཆོག་ཅིང་། སྡེ་ཚན་གཉིས་ལས་གཅིག་མ་གཏོགས་གོ་སྐབས་མེད་པས་གཞན་དེར་དཔྱད་རྩོམ་རིན་ཐང་ཅན་མང་པོ་ཞིག་སྒྲོག་སྦྱོང་བྱས་ཡོད་པ་གོར་མ་ཆག
དེ་ནས་གསོལ་ཇའི་བར་གསེང་དང་། ཕྱོགས་མཐའ་ཁག་ནས་ཕེབས་པ་རྣམས་ལ་ལེགས་སྐྱེས་ཕུལ་བ་མཛད་སྒོ་ཚོགས་ཤིང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་ལེགས་སྐྱེས་འབུལ་བ་དང་། མཛད་སྒོ་གཙོ་སྐྱོང་གནང་བ་སོགས་མཛད། དེ་ནས་ཆུ་ཚོད་དྲུག་པ་ཙམ་དུ་ས་རཱ་ནས་ཐོན་ཞིང་རྡ་སྟེང་ཟློས་གར་ཁང་དུ་སྲོལ་རྒྱུན་གྱི་གཞས་སྣ་དུ་མ་གཟིགས་འབུལ་ཞུས།
དེ་རྗེས་དགུང་ཟས་གྱ་ནོམ་པ་ཞིག་གིས་སྨན་པའི་ལྷན་ཚོགས་ཐེངས་གཉིས་པའི་འདུ་འཛོམས་དེ་ཉིད་བདེ་ལེགས་ངང་ཡོངས་སུ་གྲུབ་པ་རེད། 

Sunday, October 28, 2012

རྒྱལ་སྤྱིའི་བོད་སྨན་བགྲོ་གླེང་།། ཉིན་གཉིས་པ།


དེ་རིང་ཞོག་པ་ཆུ་ཚོད་བདུན་པའི་ཐོག་ཏུ་ལངས་ཤིང་། བདུན་དང་ཕྱེད་ཀའི་ཐོག་ནས་མེཀལོ་ལྟེ་གནས་རླངས་འཁོར་འབབ་ཚིགས་སུ་འཛོམས་དགོས་པའི་བརྡ་ཁྱབ་ལྟར་སོང་། དེ་རང་གི་གྲོགས་པོ་རྣམས་འཛོམས་ཟིན་ཞིང་ལམ་དུ་ཆས། ཆུ་ཚོད་དགུ་པའི་ཐོག་ས་རཱ་བོད་ཀྱི་རིག་གནས་མཐོ་སློབ་ཁང་གི་རིག་གནས་སློབ་ཁང་དུ་འགྲོ་གླེང་དབུ་འཛུགས་གནང་། ཀ་ཁ་གཉིས་སུ་བགོས། ཐོག་མར་སོག་པོའི་སྨན་པ་སྣ་ཚོགས་རྡོ་རྗེ་མཆོིག་གིས་རུ་སོག་ནང་གི་གསོ་བ་རིག་པའི་གནས་བབ་ཅེས་པའི་ཐོག་ཏུ་གཏམ་བཤད་དང་དྲི་བ་དྲིས་ལན་བྱས། དེ་རྗེས་རྒྱ་གར་མུམ་བྷེས་ནས་ཐོན་པའི་སྨན་པ། R M Pandey མཆོག་གིས་བོད་སྨན་དང་དེང་དུས་དབྱེ་ཞིབ་རིག་པ་ཞེས་པའི་བརྗོད་གཞི་ཐོག་ཏུ་གཏམ་བཤད་བྱས།
དེ་རྗེས་ཝར་ཎ་མཐོ་སློབ་ཀྱི་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན་མཆོག་གིས་རྩ་རླུང་ཐིག་ལེའི་རྣམ་གཞག་ཅེས་པའི་བརྗོད་གཞི་ཐོག་ཏུ་བོད་སྐད་ཀྱིས་གཏམ་བཤད་བྱས། ཁོང་གིས་རྩ་རླུང་ཐིག་ལེ་སྒོམ་པ་ལ་དུས་འཁོར་ལྟ་བུའི་བསྐྱེད་རྫོགས་སྒོམ་དགོས་པ་དང་། དེ་བསྒོམ་པ་ལ་ཐོག་མར་ཐུན་མོང་ལམ་སྦྱོང་སྔོན་དུ་འགྲོ་དགོས་པ་སོགས་གསོ་བ་རིག་པའི་སྲོག་སྐྱོབས་སྨན་བཅོས་དང་དེ་ཙམ་མ་འབྲེལ་བའི་གཏམ་བཤད་བྱས། མཇུག་ཏུ་དྲི་བ་ཞིག་འདྲི་འདོད་ཀྱིས་ལག་པ་མང་དུ་བསྲིངས་ཀྱང་ལས་ཁང་གི་སྨན་པ་ཞིག་དང་། དགེ་བཤེས་ཤིག་གི་དྲི་བ་གཉིས་ལ་ལན་སྐྱོན་སོང་།
དེ་ནས་ཇའི་བར་གསེང་བྱས།
དེ་རྗེས་སླར་ཡང་རག་རྡོ་མཆོག་གིས་སྨན་དཔྱད་ཟླ་བའི་རྒྱལ་པོའི་གཞུང་ལ་དཔྱད་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་བྱས། གཞུང་འདི་རང་རེའི་ལོ་རྒྱུས་རྣམས་སུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་ཡིན་མིན་སོགས་རྙོག་གླེང་ཡོད་ཀྱང་། དེ་དག་འདི་ཡིན་སོགས་ཀྱི་དོགས་གཅོིད་མཐའ་སྡོམ་གང་ཡང་གནང་མ་བྱུང་།
ཝར་ཎའི་སྨན་པ་དགེ་སློང་རྡོ་རྗེ་དགྲ་འདུལ་མཆོག་གིས་རྒྱུད་བཞི་དང་ཡན་ལག་བརྒྱད་པའི་ཁྱད་པར་ཞེས་པའི་བརྗོད་གཞི་ཐོག་ཏུ་རྒྱ་གར་ཚེའི་རིག་བྱེད་ཀྱི་གཞུང་གང་ལ་བརྟེན་པ་དང་། དུས་རབས་ཀྱི་དབྱེ་མཚམས་སོགས་དང་། ཡན་ལག་བརྒྱད་པ་དུ་མ་ཞིག་ཡོད་པའི་ནང་ནས་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པ་བསྡུས་པ་དང་རྒྱུད་གཞི་གཉིས་གནས་དང་། ལེའུ། ནང་དོན། གྲུབ་ཆ་སོགས་སྒོ་དུ་མ་ནས་དབྱེ་ཞིབ་དང་། གཤིབ་བསྡུར་བྱས་པའི་དཔྱད་རྩོམ་ཡིན་ཐང་ཅན་ཞིག་སྒྲོག་སྦྱོང་བྱས།
དེ་ནས་ཉིན་གུང་གསོལ་ཚིགས་བང་རིང་པོ་ཞིག་སྒྲིག་མཐར་དཀར་ཟས་དམར་ཟས་གང་དགོས་ཀྱིས་མཉེས་པོ་བྱས།
དེ་ནས་ཆུ་ཚོད་གཉིས་པའི་ཐོིག་དུ་སྨན་པ་ཆོས་ལྡན་གྱིས་གཏར་སྲེག་་ལག་ལེན་དམར་ཁྲིད་ཅེས་པའི་བརྗོད་གཞི་ཐོག་ཏུ་གཏམ་བཤད་བྱས། ཞེ་ས་དང་ཁ་བདེ་སོགས་དེ་ཙམ་མེད་ནའང་ཕན་ཚུན་བསམ་ཚུལ་བརྗེ་ལེན་མངོན་གསལ་ཅན་གྱི་བགྲོ་གླེང་བྱས་པའི་སྣང་བ་བྱུང་། ཐོག་མར་གཏར་ཁའི་སྐོར་ནས་གཏར་དགོས་མིན་དང་། སུ་གཏར། ག་དུས་གཏར། ཅིའི་ཕྱིར། ཇི་ལྟར་གཏར་བ་སོགས་རྒྱུད་དང་མཐུན་པའི་བཤད་པ་བྱས། དེ་ནས་རྒྱུན་དུ་ལག་ལེན་དུ་བཀོལ་བའི་གཏར་ཆས་རྣམས་ཀྱང་མིག་བསྟན་དང་གསང་གནས་བཙལ་ཚུལ་སོགས་ཞིབ་བཤད་བྱས། ད་དུང་ཚོགས་འདུ་གཙོ་སྐྱོང་པས་དམར་ཁྲིད་ཀྱི་ཆེད་དུ་དང་བླངས་ཀྱིས་མི་ཞིག་བྱུང་ན་གཏར་ཁ་གདབ་དགོས་པའི་འབོད་སྐུལ་བྱས་པས། སྨན་པར་སྦྱོང་བཞིན་པའི་གྲྭ་པ་ཞིག་གིས་དང་བླངས་བྱས་ཤིང་། སྨན་པ་ཆོས་ལྡན་གྱིས། འཚོག་གསང་དུ་གཏར་ཁ་བདབ་ཅིང་དམར་ཁྲིད་བྱས། ཕྱི་རྒྱལ་བ་རྣམས་དོགས་མ་བདེ་བ་དང་། ཐལ་ཆེ་བའི་སྣང་ཚུལ་མངོན། དེ་ནས་ཁོང་གིས་ཉམས་མྱོང་གིས་སྒོ་ནས་གཏར་ཁ་སུ་ལ་གདབ་ན་ཕན་ཐོག་དངོས་སུ་བྱུང་བ་འགའ་ཞིག་གླེངས། ད་དུང་ཁོང་གིས་བློ་ཁོག་མེད་པ་དང་། མིའི་ཁ་ལ་བལྟས་ནས་བསྡད་ན་ལག་ལེན་རྣམས་ཉམས་འགྲོ་བས་རྒྱུད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་གཏར་དཔྱད་འདི་ལག་ལེན་དགོས་པ་དང་། དེས་ཕྱོགས་གཅིག་ནས་སྨན་བཅོས་སྲོག་སྐྱོབས་ཀྱི་ནུས་པ་འདོན་ཐུབ་པ་དང་། ཕྱོགས་ཅིག་ནས་བོད་ཀྱི་ཐུན་མིན་གྱི་རྒྱུད་ཀྱི་ལག་ལེན་འདི་དག་མི་ཉམས་རྒྱུན་འཛིན་ཐུབ་པའི་དགོས་པ་ཡོད་པར་གསུངས། ངས་སེམས་གཏིང་ནས་ཁོང་ལ་རྒྱབ་སྐྱོར་ཞུས།
དེ་རྗེས་བླ་སྨན་ཚེ་དབང་རྟ་མགྲིན་གྱིས་སྨན་པའི་སྒོ་གསུམ་གྱི་བཟང་སྤྱོད་ཅེས་པའི་བརྗོད་གཞི་ཐོག་ཏུ་དབྱིན་སྐད་ཀྱིས་གཏམ་བཤད་བྱས།
དེ་ནས་ཆུ་ཚོད་གསུམ་དང་སྐར་མ་ཉི་ཤུ་ནས་གསོལ་ཇ་བར་གསེང་སྐར་མ་བཅུ་ཡི་ཡུན་དུ་སྨན་པ་ཆོས་ལྡན་ལ་ཁ་བརྡ་བྱས། ཁོང་གིས་སྨན་པ་ཟེར་བ་དེ་ཤེས་དང་མ་ཤེས། ཕན་དང་མི་ཕན་ལ་མི་ལྟོས་པར་སུས་བོས་ན་ཁ་ཡ་དང་། ནད་པ་སུ་འདྲ་བ་ཐུག་ཀྱང་ཕན་སེམས་ཆེན་པོས་སྨན་བཅོས་བྱེད་དགོས་ཚུལ་སོགས་ཡ་རབས་དྲ་མའི་ལུགས་ཀྱི་བསླབ་བྱ་གནང་།
དེ་རྗེས་བླ་སྨན་ཚེ་དབང་རྟ་མགྲིན་གྱིས་རེག་པ་རྩ་ལ་བརྟགས་པའི་ཉམས་མྱོང་ཞེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་བྱས།
དེ་ནས་ཨ་རི་ཝ་ཤིན་ཀྲོན་ནས་འབྱོར་བའི་སྨན་པ་Daniel Winklerམཆོག་གིས། དབྱར་རྩྭ་དགུན་འབུའི་ཐོག་གི་ཉམས་ཞིབ། ཅེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་བྱས། ཁོང་ནི་བོད་ཡུལ་སྟོད་སྨད་བར་གསུམ་གང་སར་སོང་ཞིང་བོད་ཀྱི་འཚོ་བ་དངོས་དང་རྒྱུས་ལོན་བྱས་ཤིང་། རྒྱ་བོད་དབྱིན་གསུམ་གྱི་སྒོ་ནས་དབྱར་རྩ་དགུན་འབུ་ལ་ཉམས་ཞིབ་གནང་འདུག དེ་ཡང་དབྱར་རྩྭ་དགུན་འབུའི་སྐྱེ་འཕེལ་དང་། བཟང་ངན། གོང་ཚད་འཕར་ཆག ཕན་ནུས་སོགས་ཀྱིས་ཞིབ་འཇུག་གི་གཏམ་གཤད་སྣང་བ་འགྲོ་བ་ཞིག་བྱས།
དེ་ནས་སྨན་པ་རྡོ་རྗེ་རབ་བརྟན་གྱིས་ཁྲག་རླུང་སྟོད་འཚངས་ཞེས་པའི་ཐོག་ཏུ་གཏམ་བཤད་བྱས། དེ་ལ་སྨན་པ་ཕན་ཚུན་བར་དུ་ཁྲག་རླུང་སྟོད་འཚངས་ཞེས་པ་ནུབ་ལུགས་ལྟར་ན་གང་ལ་ངོས་འཛིན་དགོས་མིན་བསམ་ཚུལ་སྣ་ཚོགས་ཡོད་པའི་དྲི་ལན་བྱས།
ས་གནས་སོ་སོར་ནས་ཐོན་པའི་སྨན་པ་རྣམས་ཀྱིས་སྒྲོག་སྦྱང་གནང་ཞིང་འདི་ལ་དྲི་བ་དྲི་ལན་སོགས་བྱེད་ས་མི་འདུག་ཅིང་། སྐར་མ་ཟིན་སོང་དེ་མཚམས་སུ་འཇོག་རྒྱུ་རེད་འདུག
མེ་བཙའ་གཏབ་ཚུལ། མོ་ནད་བཅོས་སྟངས། ཁྲག་རླུང་བཅོས་སྟངས་སོགས་ལ་དཔྱད་པའི་རྩོམ་ཡིག་སྒྲོག་སྦྱང་བྱས། དགོང་མོ་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ཏུ་གྲོལ།
དགུང་ཟས་ཟོས་རྗེས། རླངས་འཁོར་དུ་བསྡད་ནས་མེཀ་ལོར་བར་དུ་ཆུ་ཚོད་གཅིག་ཙམ་སོང་། ཤག་ཏུ་སླེབས་སྐབས་ཆུ་ཚོད་དགུ་དང་ཕྱེད་ཀ་རེད་འདུག་ཅིང་། ཉིན་ཐོ་འདི་བྲི་མགོ་བཙུགས།

Saturday, October 27, 2012

རྒྱལ་སྤྱིའི་བོད་སྨན་བགྲོ་གླེང་། ཉིན་དང་པོ།


དེ་རིང་རབ་གནས་ཆུ་འབྲུག་ལོའི་བོད་ཟླ་དགུ་པའི་ཚེས་༡༣ ཉིན། Saturday, October 27, 2012
བཞུགས་སྒར་དྷརྨ་ས་ལའི་སྨན་རྩིས་ཁང་དུ་རྒྱལ་སྤྱི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོགས་ཡོད་པ་རེད། དེ་རིང་ཞོགས་པར་ཆུ་ཚོད་བརྒྱད་པ་ཙམ་ནས་ཁྲུས་དང་གཙང་སྦྲ་བྱས་ཤིང་། ཚོགས་བཅར་གྱི་ཆེད་དུ་རྐང་འགྲོས་ཀྱིས་གངས་སྐྱིད་དུ་ལམ་ལ་ཆས། ལམ་བར་དུ་རྒྱབ་ལོག་ནས་རླངས་འཁོར་ཞིག་གི་ནང་ནས་གྲྭ་པ་ཞིག་གིས་ཚོགས་འདུ་འགྲོ་མཁན་ཡིན་པས་ཞེས་དྲིས་ཏེ་རླངས་འཁོར་བཀག་བྱུང་། དེ་ནས་རླངས་འཁོར་དུ་འཛུལ། ཁོང་ནི་སོ་ལན་བོན་གཞིས་སུ་སྨན་པའི་ལས་ཀ་བྱེད་བཞིན་པའི་བོན་པོ་ཕ་ཡུལ་ཁམས་ནས་ཡིན་པ་བསྟན་འཛིན་ལགས་རེད། དེ་ནས་ངེད་གཉིས་སྨན་རྩིས་ཁང་དུ་འབྱོར་རྗེས། ད་དུང་ཅུང་ཙམ་ཚོགས་རིན་མེད་པས་ཟ་ཁང་ཞིག་ཇ་འཐུང་ཞིང་གཏམ་གླེང་ཕྲན་བུ་བྱས། དེ་ནས་ཚོགས་འདུས་ཚོགས་ཡུལ་སྨན་རྩིས་ཁང་གི་ཚོགས་ཁང་དུ་ཚོགས་འཛོམས་བྱས། ཆུ་ཚོད་དགུ་པ་ཟིན་ཞིང་། ཚོགས་འདུ་དབུ་འབྱེད་བྱས། ཐོག་མར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སྣང་གསལ་མར་མེ་སྦར་ཞིང་ཚོགས་འདུ་དངོས་སུ་དབུ་འབྱེད་གནང་།
དེ་རྗེས་གཡུ་ཐོག་གསོལ་འདེབས་དབྱངས་རྟ་དང་བཅས་ཏེ་གསོལ་ཞིང་། ཚོགས་མང་ལ་འབྲས་སིལ་དང་། གསོལ་ཇ་འདེགས་འབུལ་ཞུས།
དེ་རྗེས་ཆེས་མཐོ་བའི་སྨན་པའི་ལྷན་ཚོགས་ནས་ད་ཐེངས་ཀྱི་གཡུ་ཐོག་གཟེངས་རྟགས་དེ་ཉིད་བླ་སྨན་ཟུར་པ་རྔོགས་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ལ་སྐུ་འགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་འབུལ་བཞེས་གནང་།
དེ་ནས་ཆེས་མཐོ་བའི་སྨན་པའི་ལྷན་ཚོགས་ཀྱི་སྨན་པ་རྡོ་རྗེ་དགྲ་འདུལ་མཆོག་གིས་ཚོགས་འདུའི་ངོ་སྤྲོད་དང་། རྒྱུད་རིམ་རྣམས་གསལ་བསྒྲགས་བྱས། ད་སྐབས་རྒྱལ་ཁབ་ཉི་ཤུ་རྩ་གཅིག་ནས་འབྱོར་བའི་སྨན་པ་ཉིས་བརྒྱ་དང་ཉི་ཤུ་རྩ་བདུན་འབྱོར་ཡོད་ཅིང་། འདི་ནི་དུས་རབས་བདུན་པ་ནང་དུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱོགས་བཞིར་སྨན་པ་མཁས་པ་དགུ་གདན་དྲངས་ནས་བསམ་ཡས་སུ་བོད་ཀྱི་སྨན་པའི་ལྷན་ཚོགས་ཆེས་ཐོག་མ་དེ་འཚོགས་པ་དང་། ད་ཐེངས་འདི་ཉིད་དེའི་རྗེས་སུ་མཐུད་པའི་སྨན་པའི་ལྷན་ཚོགས་གཉིས་པ་དེ་ཡིན་པའི་གསལ་བསྒྲགས་སོགས་བྱས།
དེ་རྗེས་དམིགས་བསལ་སྐུ་འགྲོན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཏམ་བཤད་བྱས་ཤིང་། ད་ཐེངས་ཀྱི་སྨན་པའི་ལྷན་ཚོགས་གྲགས་ཅན་ཐེངས་གཉིས་པ་འདི་ཉིད་ཚོགས་ཐུབ་པར་བོད་ཀྱི་གཟི་བརྗིད་དང་། འདིའི་སྐབས་སུ་བོད་ཀྱི་གསོ་བ་རིག་པ་དང་། དེ་མིན་གྱི་གསོ་རིག་བར་དུ་ཕན་ཚུན་རྒྱུས་ལོན་དང་། ལེགས་བྱང་སྤེལ་རེས་བྱེད་རྒྱུ་གལ་ཆེའི་གནས་ཚུལ་དང་། མ་ཟད་ད་ཐེངས་མི་རིགས་དང་རྒྱལ་ཁབ་སྣ་ཚོགས་ནས་མི་སྣ་དུ་མ་འབྱོར་ཡོད་པས་སྐད་སྒྱུར་གོ་སྒྲིག་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་དང་། གལ་ཏེ་ད་ཐེངས་མ་འབྱོར་ནའང་རྗེས་སུ་འདི་འདྲའི་སྐབས་སུ་ཅིས་ཀྱང་སྐད་སྒྱུར་གོ་སྒྲིག་དགོས་པའི་བཀའ་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བཀའ་སློབ་བསྩལ་དོན།  སྨན་པའི་ལྷན་ཚོགས་ཀྱི་ཚོིགས་འདུའི་ངོ་སྤྲོད་ལྟར་བསམ་ཡས་སུ་ཚོགས་པའི་ཆེས་ཐོག་མའི་སྨན་པའི་ལྷན་ཚོགས་དེའི་འཕྲོ་མཐུད་ལྟ་ལྷན་ཚོགས་གཉིས་པ་དེ་ཡིན་ན་དེ་འདྲ་བའི་ཚོགས་འདུ་ཉི་མ་གསུམ་གྱི་ནང་དུ་ཚར་འགྲོ་རྒྱུ་ཡོད་པ་ཞིག་མ་ཡིན་པ་དང་། སྔོན་མ་བསམ་ཡས་སུ་ལོ་དང་ཟླ་བ་བྱས་ཤིང་གོ་བསྡུར་དང་བགྲོ་གླེང་བྱས་ཡོད་པས་ད་རེས་ཀྱང་ཚོགས་འདུ་འདིའི་རྗེས་སུ་ལས་ཀ་མང་པོ་ཞིག་མཇུག་སྐྱོང་དགོས་པའི་བཀའ་གནང་།
རིག་གནས་ཀྱི་ངོ་སྤྲོད་དང་། རིག་གནས་ལྔ་ལས་གསོ་བ་རིག་པ་རྒྱུན་འཛིན་བྱེད་མཁན་ཉུང་བ། རིག་གནས་དང་སློབ་ཚན་བར་གྱི་ཁྱད་པར་སོགས་དང་། གཱན་དྷིའི་བཀའ་ལུང་ཞིག་ལས་འཕྲོས་ཏེ་དེང་རབས་དཔལ་འབྱོར་ཁྲོམ་རའི་དབང་གིས་སྨན་རྫས་འདི་ཉིད་ཀྱང་ཚོང་ལས་སུ་འགྱུར་ཉེན་ཡོད་པ་དང་།  བོད་སྨན་རྣམས་ཀྱང་རྒྱབ་ཤ་དང་། རིལ་རྩི། ཁྱབ་སྒྲག་སོགས་གང་ནས་བལྟས་ཀྱང་ཚོང་གི་རྣམ་པ་ལྟ་བུར་འགྱུར་ཉེན་ཡོད་པ་དང་།  གལ་ཆེ་བའི་དོན་གནད་དང་པོ་སྨན་རྩྭ་བཀོག་སྟངས་དང་། དེ་རྗེས་སྨན་སྦྱོར། དེ་ནས་སྨན་སྒྲུབ་བྱེད་ཚུལ་སོགས་ལ་དོ་སྣང་དེ་ཙམ་མེད་པའི་སྣང་བ་ཤར་ཚུལ་གསུང་། བོད་ཀྱི་གསོ་བ་རིག་པ་འདི་ཉིད་སྔ་མ་ཝ་ར་ན་སི་ལ་བོད་སྨན་སློབ་གྲྭ་ཟུར་འཛུགས་ཀྱི་སྐབས་སུ་ཞེད་སྣང་ཞིག་དང་། དངངས་སྐྲག་གི་ནང་དུ་སྡོད་དགོས་ཀྱི་ཡོད། དེ་ནི་རྒྱ་གར་གཞུང་གི་བོད་སྨན་འདི་ཁྲིམས་ཐོག་ནས་ངོས་ལེན་མེད་པས་རེད། ཐོག་མར་བོད་ཀྱི་གསོ་བ་རིག་པ་ཞེས་སུ་འབོད་མ་ཕོད་པར་བོད་ཀྱི་ཚེའི་རིག་བྱེད་ཅེས་པའི་མིང་གི་འོག་ནས་བོད་སྨན་སྡེ་ཚན་ཟུར་འཛུགས་བྱེད་དགོས་བྱུང་ཡོད། ད་ཐེངས་ཁྲིམས་ཐོག་ནས་ངོས་ལེན་ཆ་ཚང་ཡོད་པས་རྒྱ་སྐྱེད་བྱེད་སྟངས་ཇི་ལྟར་དགོས་མིན་བསམ་གཞིག་དགོས་ཚུལ་གསུང་། ད་དུང་བོད་ཀྱི་སྨན་རྫས་འདི་དེང་རབས་ཀྱི་ལུགས་ཀྱིས་ཞིབ་འཇུག་ཚད་ལྡན་དགོས་པ། རྒྱ་གར་ཚེའི་རིག་བྱེད་དང་བཤིབ་བསྡུར་ནན་ཏན་གྱིས་སྡོམ་ཚིག་འགོད་དགོས་པ། རྒྱུད་དང་མན་ངག་གཉིས་ལས་རྒྱུད་གཙོ་བོ་འཛིན་དགོས་པ། གཞུང་དང་ལག་ལེན་གཉིས་ཟུང་དུ་སྦྲེལ་དགོས་པ། རྒྱུད་བཞི་ཆ་ཚང་འཆད་ཉན་འཛིན་སྐྱོང་ཚད་ལྡན་དགོས་པ། སྨན་པ་རྣམས་ཀྱིས་རྩ་ཆུ་བརྟག་པ་ཙམ་མ་ཡིན་པར་སྨན་རྫས་བསྡུ་སྦྱོར་སོགས་ལག་ལེན་དངོས་ལ་འཇུག་དགོས་པ་སོགས་བཀའ་སློབ་ཟབ་རྒྱས་བསྩལ།
དེ་ནས་གསོ་རིག་བསྟན་རྒྱས་སྨོན་ལམ་དབྱངས་རྟ་དང་བཅས་པས་བཏོན་ཞིང་། ཚོགས་འདུ་དབུ་འགྱེད་མཛད་སྒོ་གྲོལ་ནས་དྲན་རྟེན་འདྲ་པར་སྒྲོན།
དེ་ནས་ཉིན་གུང་གི་གསོལ་ཚིགས་སུ་དཀར་ཟས་དང་དམར་ཟས་གཉིས་ཀ་བཟང་ཞིང་གྱ་ནོམ་པ་བཤམ་འདུག
དེ་ནས་ཆུ་ཚོད་དང་པོའི་ཐོག་ཏུ་ཚོགས་ཐེངས་གཉིས་པ་ཚོགས་ཤིང་། ཝར་ཎའི་མཐོ་སློབ་ཁང་གི་སྨན་པ་རག་རྡོ་བློ་བཟང་བསྟན་འཛིན་གྱིས་གནའ་བོའི་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཞེས་པའི་བརྗོད་གཞི་ཐོག་ཏུ་གཏམ་བཤད་སྤེལ།  ཡིག་ནོར་འགའ་ཞིག་འདུག་ཅིང་། མིའི་འགྲོ་བ་བྱུང་སྟངས་སོགས་ཚན་རིག་གི་བཤད་སྟངས་ལྟ་བུར་ལས་བོད་ཀྱི་གསོ་རིག་གི་ལོ་རྒྱུས་འབུར་དུ་ཐོན་པའི་སྣང་བ་མ་བྱུང་།
རྒྱ་གར་གྱི་སྨན་པ་Dr Vaidya ཚེའི་རིག་བྱེད་ལས་དངུལ་ཆུའི་ལག་ལེན་ཐད་ཀྱི་ཉམ་ཞིབ་ཅེས་པའི་བརྗོད་གཞིའི་ཐོིག་ཏུ་གཏམ་བཤད་སྤེལ།
དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་སྨན་པ Dr Thirunarayanan སོ་དྷི་ཞེས་པའི་སྲོལ་རྒྱུན་གྱིས་སྨན་དཔྱད་སྐོར་ལ་གཏམ་བཤད་སྤེལ།
དེ་ནས་ཐེ་ཝན་གྱི་སྨན་པ་Dr Sheng Feng Hsu མཆོག་གིས། རྒྱ་ནག་སྨན་གྱི་དམིགས་བསལ་ཁྱད་ཆོས་ཞེས་པའི་བརྗོད་གཞི་ཐོག་ཏུ་རྒྱ་ནག་སྲོལ་རྒྱུན་སྨན་གྱི་བྱུང་རིམ་དང་། འབྱུང་བ་ལྔ་བའི་སྐོར། རྩ་རླུང་། སྐམ་ཁབ་སོགས་ལས་འཕྲོས་པའི་གཏམ་བཤད་དང་རྩོམ་ཡིག་བསྒྲགས།
སི་པན་གྱི་སྨན་པ་མ་Dr Sarah Sallon ནས་དངུལ་ཆུ་བཙོ་ཐལ་འཕྲོས་པའི་རིན་ཆེན་རིལ་བུའི་ཕན་ནུས་དང་། དངུལ་ཆུའི་དུག་སྐྱོན་སོགས་ཀས་གཏམ་བཤད་རྩོམ་ཡིག་སྒྲོག་སྦྱང་བྱས་ཤིང་། ནང་དོན་གྱི་ཆ་ནས་བོད་སྨན་ནང་གི་དངུལ་ཆུ་བེད་སྤྱོད་པ་འདི་ཧ་ཅང་གི་ཉེན་ཚབས་ཆེན་པོ་ཡིན་པའི་ཚུལ་བསྟན། དེ་ལ་དྲི་བ་དྲིས་ལན་ཁ་ཤས་བྱུང་ཞིང་། ལྷག་པར་བླ་སྨན་པ་རྟ་མགྲིན་ཚེ་དབང་མཆོག་གིས་ཁྱོད་རང་གི་མཐོང་ཚུལ་དེ་ཕྱོགས་གཅིག་ཙམ་དང་། དངུལ་ཆུ་བེད་སྤྱོད་དེ་བཙོ་བསྲེགས་བྱས་ནས་སྨན་དུ་བསྒྱུར་ཟིན་པའི་སྐྱོན་སྤང་དང་བཅས་པའི་ལན་འདེབས་བྱས།
དེ་ནས་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་གིས་ཨ་རི་སོགས་ནས་བཅོས་མ་ཐུབ་པའི་ནུ་མའི་འབྲས་སྐྲན་མང་པོ་བཅོས་པའི་དངོས་བྱུང་གི་དྲི་བ་དྲི་ལན་གྱི་གློག་བརྙན་གཟིགས་འབུལ་ཞུས།
སྤྱིར་ན་དེ་རིང་གི་ཚོགས་འདུ་འདིར་ཕྱི་སྡོད་བོད་ཀྱི་སྨན་པ་སྐད་གྲགས་ཕལ་མོ་ཆེར་འདུ་འཛོམ་བྱུང་ཡོད་འདུག་ཅིང་། གཙོ་བོ་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་དང་། བླ་སྨན་ཟུར་པ་པདྨ་རྡོ་རྗེ། བླ་སྨན་རྟ་མགྲིན་ཚེ་དབང་། བླ་སྨན་ས་འདུལ་ཚང་ཚེ་བརྟན་རྡོ་རྗེ་སོགས་སྨན་པའི་འདུ་འཛོམས་ཆེ་ཤོས་ཤིག་ཆགས་ཀྱིན་ཡོད་འདུག
ཆུ་ཚོད་དྲུག་པའི་ཐོག་ཏུ་དེ་རིང་གི་ཚོགས་འདུ་གྲོལ།

Monday, October 1, 2012

དགེ་བཤེས་འཇམ་ནོར་ལགས་དང་བགྲོ་གླེང་། གཉིས་པ།

ག༽དགེ་བཤེས་ལགས་དང་། ཇ༽ ནི་འཇིགས་མེད་མཚོན་ནོ།

ག༽ དེང་སང་གྲ་ས་དང་བཤད་གྲྭ་ཁག་གི་སློབ་གཉེར་བ་ཚོས་རང་ངོས་ནས་དཔྱོད་པ་ཏིལ་འབྲུ་ཙམ་ཡང་མ་བྱས་པ་ཁུངས་མ་འཁྱོལ་བའི་དཔེ་ཀློག་དཔེ་བཤུ་ལུང་པ་གང་བཀྲམ་གྱི་ཡོད། སྔ་སྲོལ་གྱི་རྒན་རབས་པ་དག་ཀྱང་འགྲོ་སྟངས་དེ་རང་ཡིན།

ཇ༽ དེང་སང་ཟེར་བ་འདི་མཚམས་གང་ནས་བཟུང་། དགེ་བཤེས་ལགས་དམ་འཇོག་གི་རྗེས་སུ་སྦྱར་རྒྱུ་ཡིན་ནམ། དེ་ལྟར་ན་ཁྱོད་རང་འདི་ན་སྡོད་སྐབས་ལྟར་རྒན་གྱི་དྲུང་དུ་དཔེ་ཆ་ཁྲིད། ཤག་ཏུ་ཡོང་ནས་བློར་འཛིན་དང་། བསྐྱར་སྦྱང་བྱེད། ཆོས་རར་འགྲོ་ནས་རྩོད་པ་བྱེད། དམ་བཅའ་ཚུགས། བགྲོ་གླེང་བྱེད། བསམ ་བློ་གཏོང་བ་སོགས་སྔར་སྲོལ་ལྟ་བུ་ཡོད་པས་དེང་སང་ཟེར་ན་དམིགས་བསལ་ཅི་ཡང་གོ་རྒྱུ་མེད། ཡང་རང་ངོས་ནས་དཔྱོད་པ་ཏིལ་འབྲུ་ཙམ་ཡང་མ་བྱས་ཟེར་བ་ཅི་འདྲ་རེད། སྔ་སྲོལ་རྒན་རབས་པ་ཟེར་སྟངས་ལ་བལྟས་ན། བོད་ཀྱི་བཤད་གྲྭ་དང་རྩོད་གྲྭ་ཁག་ནས་འཚར་ལོང་བྱུང་བའི་སྐྱེས་བུ་ས་པཎ་དང་རྗེ་བླ་མ་སོགས་བོད་ཀྱི་རིས་མེད་ཀྱི་མཁས་པ་དང་གྲུབ་པ་ཐམས་ཅད་ལ་སྦྱར་རྒྱུ་ཡིན་ན། དེ་དག་གིས་ཀྱང་བསམ་བློ་ཏིལ་འབྲུ་ཙམ་ཡང་མ་གཏོང་ཟེར་འདོད་པ་འདྲ། ཧཧ། རང་སེམས་རྣལ་དུ་ཡོད་དམ་ཞེས་ཐོག་མར་འདྲི་བར་བྱའོ། སྔོན་བྱོན་གྱི་བཤེས་གཉེན་རི་བོ་འདྲ་བ་དེ་དག་གིས་བཅུ་ཕྲག་རིག་པའི་གནས་ལ་བསམ་བློ་ཏིལ་འབྲུ་ཙམ་ཡང་མ་གཏོང་བར་འཆད་རྩོད་རྩོམ་གསུམ་བྱས་པར་སྨྲོས་ཤིག
ག༽ཁོང་ཚོས་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་སོགས་དམ་པའི་གསུང་རབས་མང་པོ་ལས་བཏུས་ཏེ་ཚེ་སྔ་ཕྱི་ཡོད་པར་སྒྲུབ་ཐབས་བྱས་པ་རང་ལས་མེད། འོན་ཀྱངྲ་རིགས་པ་དེ་དག་ནི་གནད་ལ་ཐད་པ་ཞིག་དང་དོན་དངོས་དང་མཐུན་པ་གཅིག་ཀྱང་མེད་དེ། རིགས་འདྲ་སྔོན་སོང་གིས་སྒྲུབ་མི་ཐུབ། ཉེར་ལེན་སྔོན་སོང་གིས་སྒྲུབ་མི་ཐུབ། གོམས་པ་སྔོན་སོང་གིས་སྒྲུབ་མི་ཐུབ ། མྱོང་བ་སྔོན་སོང་གིས་ཀྱང་སྒྲུབ་མི་མི་ཐུབ་སྟེ། སྤྱིར་རྒྱུན་བཅས་ཀྱི་དངོས་པོ་རྣམས་ལ་རིགས་འདྲ་སྔ་ཕྱི་ཡོད་པ་བདེན་ཡང་བྱིས་པ་སྐྱེས་མ་ཐག་པའི་རིག་པ་ལ་རིགས་འདྲ་བའི་ཡིད་བློ་སྔ་མ་ཅི་ཞིག་དགོས་ཏེ། སྲོག་ཆགས་གང་གི་བེམ་གཟུགས་ནང་ཡོད་པའི་དངོས་པོ་ཐམས་ཅད་རྫས་རྡུལ་དང་གློག་རྡུལ་ལས་བརྩམས་ཤིང་དེ་དག་གི་ནུས་པ་ལས་མ་འདས་པ་རྣམ་ཤེས་ཟེར་བ་ཟུར་པ་ཞིག་རྩ་ནས་མེད་པ་མངོན་སུམ་གྱིས་གྲུབ་ཟིན་པས་སོ།
ཇ༽ འཁོར་གསུམ། རྣམ་ཤེས་ཟེར་པའི་ཟུར་པ་ཞིག་ཡོད་པར་ཐལ། བྱིས་པ་སྐྱེས་མ་ཐག་པའི་རྒྱུད་ལ་རིག་པ་ཡོད་པའི་ཕྱིར། རྟགས་ཁས། དེར་ཐལ། དེའི་རྒྱུད་ཀྱི་རིག་པ་དེ་ལ་རིགས་འདྲ་ཡོད་དགོས་ཀྱང་ཡིད་བློ་སྔ་མ་ཡིན་མི་དགོས་པའི་ཁྱད་པར་འཐད་པའི་ཕྱིར། ཁྱབ་པ་མ་གྲུབ་ན། བྱིས་པ་སྐྱེས་མ་ཐག་པའི་རྒྱུད་ཀྱི་རིག་པའམ་ཡིད་བློ་རྟོག་པ་དེ་རྣམ་ཤེས་མ་ཡིན་པར་སྨྲོས་ཤིག་དང་སླར་ཡང་གད་མོ་སློང་ངེས། འོ་ན། དེ་འདྲ་བ་བྱིས་པའི་རྒྱུད་ཀྱི་རིག་པ་དེའི་རིགས་འདྲ་སྔ་མ་དེ་གང་ཡིན། འབྱུང་བ་དང་འབྱུང་འགྱུར་ཅི་ཞིག་ཡིན། ཤ་ཁྲག་རུས་གསུམ་གང་རུང་ཨེ་ཡིན། གློག་ཡིན་དང་རྡུལ་ཡིན། རྫས་ཡིན་དང་རླུང་ཡིན། མིག་གིས་མཐོང་རྒྱུ་ཨེ་ཡོད། ལག་པས་རེག་རྒྱུ་ཨེ་ཡོད། དེ་ལས་གཞན་པ་ཅི་ཡིན། ཨ་ཁུ་སྟོན་པའི་རྟ་སྒྲོ་མིན་ན་སྟོན་ཤིག གལ་ཏེ་འདི་ཡིན་ཞེས་གསལ་པོར་བསྟན་རྒྱུ་མེད་ན་རྣམ་ཤེས་ཀྱི་རིགས་འདྲ་སྔ་མ་རྣམ་ཤེས་ཡིན་ན་རུང་སྟེ། དེ་ལྟར་ཡིན་པ་ལ་རིགས་པས་མི་གནོད་པའི་ཕྱིར། དེ་ལྟར་ན་བྱིས་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་ཡིན་ཏེ། རིག་པ་སྔ་མ་སྔོན་དུ་སོང་བའི་ཕྱིར། ཞེས་པའི་རིགས་འདྲ་སྔོན་སོང་གི་རྟགས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་པར་ལེགས་པར་གྲུབ་པར་ཡིན་པས། ཁྱོད་རང་བློ་ལ་མ་འཐད་ཙམ་ལས་དོན་ལ་སློབ་དཔོན་ཆེན་པོ་ཆོས་གྲགས་ཀྱི་རིགས་པ་རྙིང་པ་འདི་དག་ལ་ཀླན་ཀས་མ་ཚུགས་པ་ཡིན་པར་གྱིས་ཤིག
ད་དུང་རྣམ་ཤེས་ཞེས་པ་ཟུར་པ་ཞིག་མེད་ཟེར་བ་དེ་གནའ་དེང་གང་གི་ལུགས་ཡིན། གྲུབ་མཐའ་སུའི་བཞེད་སྲོལ་ཡིན། དེང་དུས་ཚན་རིག་པས་འདོད་སྲོལ་ཡིན་ཟེར་ན། མི་འཐད་དེ། དེང་དུས་ཚན་རིག་པ་ཕལ་མོ་ཆེས་རྣམ་ཤེས་ཡོད་མེད་མི་ཤེས། ད་ལྟ་བལྟ་རྒྱུ་རེད་ཟེར་བ་དང་། ཡང་སྐོར་ཞིག་གིས། རྣམ་ཤེས་ཡོད་ལས་ཆེ། ཟེར་བ་དང་། ཉུང་ངུའི་ཞིག་གིས་ནི། རྣམ་ཤེས་ཡོད་སྲིད་ཀྱང་འདི་ལྟར་འདུག་ཞེས་རྣམ་གཞག་གསལ་པོ་འཇོག་མ་ནུས་པའི་ས་མཚམས་ཤིག་ཏུ་ལུས་ནས་ཡོད་པ་ལྟ་བུ་ལས་རྣམ་ཤེས་མེད་ཟེར་ནས་ཁ་ཚོད་ཆོད་ནས་སྤྱི་བསྒྲགས་བྱེད་ནུས་པའི་དེང་དུས་ཚན་རིག་པ་ཚད་ལྡན་སུ་འདུག་སྨྲོས་ཤིག
ག༽ཡང་རྡུལ་རིགས་ཐམས་ཅད་སྲོག་ཆགས་སུ་ཐལ་བའི་ཧ་ཅང་ཐལ་བ་བཏང་བ་ནི་དགོད་བྲོ་བའི་གཏམ་སྟེ། སྲོག་ཆགས་སུ་འགྱུར་བའི་རྫས་རྡུལ་ལ་ཁྱད་ཆོས་ལྔ་ལྡན་དགོས་པ་ཆེ་ཤེལ་ནས་མཐོང་ཟིན་པས་དེ་ལ་ཨུ་ཚུགས་བྱེད་ན་ཅི་ཕན།
གློག་རྡུལ་དང་རྫས་རྡུལ་གྱི་ནུས་པ་སྨིན་པ་ལས་ཪེག་ཚོར་བྱེད་པ་ནི་རྩི་ཤིང་དང་སྲོག་ཆགས་སོགས་དེ་བཞིན་གློག་ནུས་འཕྲུལ་ཆས་ཀུན་ལ་ཡོད་པའི་ཐུན་མོང་གི་ཆོས་ཤིག་ཡིན་པས་དེ་ལ་ཉེ་ལེན་དགོས་པ་ཡིན་ཡང་དེ་ནི་ཕུང་པོའི་གློག་རྡུལ་གྱི་ནུས་ཤུགས་སྔ་མ་རྣམས་ཡིན་པ་ལས་ཚེ་སྔ་མའི་རྣམ་ཤེས་དགོས་པ་ཇི་ལྟར་བསྒྲུབ།
ཇ༽ རྡོ་ཕ་ཝང་ཆོས་ཅན། ཁྱོད་ལ་ཤེས་པ་ཡོད་པར་ཐལ། ཚོར་བ་ཡོད་པའི་ཕྱིར། དེར་ཐལ། རེག་ཚོར་ཡོད་པའི་ཕྱིར། དེར་ཐལ། རེག་ཚོར་སོགས་ནི་རྩི་ཤིང་དང་སྲོག་ཆགས། གློག་ནུས་དང་འཕྲུལ་ཆས་ཀུན་ལ་ཡོད་པའི་ཐུན་མོང་གི་ཆོས་ཤིག་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། རེག་ཚོར་ཞེས་པ་རེག་པ་དང་ཚོར་བ་གཉིས་ལ་ཟེར་བ་མིན་ན་རེག་ཚོར་ཞེས་པར་གོ་རྒྱུ་ཅི་ཡང་མེད་དོ། ཐལ་འགྱུར་འདི་ལ་ལན་དོན་མཐུན་མ་རྙེད་ན་རྡུལ་རིགས་ཐམས་ཅད་སྲོག་ཆགས་སུ་ཐལ་བ་འདི་ཉིད་ཀྱང་མི་འདོད་བཞིན་དུ་མགོ་ཐོག་ཏུ་བབ་པ་ཡིན་ནོ།
ག༽ གོམ་པ་སྔོན་སོང་གིས་སྒྲུབ་ཁུལ་བྱས་པ་ནི་ཧ་ཅང་གིས་ཤ་ཚ་དགོས་པའི་གནས་ཤིག་ཡིན་ཏེ། བེའུ་སྐྱེས་མ་ཐག་པ་མིག་མ་འབྱེད་པ་ཞིག་མའི་ནུ་མའི་ཕྱོགས་སུ་ངང་གི་འགྲོ་ཤེས་པ་ནི་སྐྱེ་བ་སྔ་མའི་གོམ་པ་ག་ནས་ཡིན་ཏེ་མ་ཡིན་ཏེ་དེ་ནི་སྐྱེ་ལྡན་གྱི་དངོས་པོ་གང་ཡིན་ལ་རང་གི་རིགས་སྔ་མ་དེའི་གཟུགས་པོའི་རྫས་རིགས་ཀྱི་བཀོད་པ་ཇི་ཡོད་ཕྱི་མ་དེ་ལའང་འབྱུང་བས་ཨ་མའི་རིགས་དེ་འདྲ་ཡིན་པས་བེའུ་ཡང་དེ་བཞིན་འབྱུང་སྟེ། ཤིང་ཨ་ཤོག་ཀ་སྐྱེས་དུས་ནས་ཡལ་ག་དང་ལོ་མ་ཐུར་ལ་རྐྱོང་བ་བཞིན་ནོ། ཁྱེད་ལྟར་ན་ཤིང་དེ་ལ་སྐྱེ་བ་སྔ་མའི་གོམ་པའི་བག་ཆགས་ཡོད་པ་བཤད་ཀྱི་ཡིན་ནམ། དེ་ནས་ཚང་མས་ཧང་བསམ་བསམ་གྱིས་ལོ་རྒྱུས་དང་མྱང་མྱོང་གིས་ཐོག་ནས་སྐྱེ་བ་སྔ་མ་ཡོད་པ་སྒྲུབ་ཐུབ་ཀྱི་ཡོད་མདོག་མདོག་དང་རིགས་པ་ཡག་ཤོས་ཡིན་ཚུལ་སྐད་གསང་མཐོན་པོས་སྒྲོག་བཞིན་ཡོད་ལ་རྨོངས་དད་པ་ཚོས་ཀྱང་ཡིན་ཤག་བྱེད་ཀྱི་ཡོད། དོན་དངོས་ནི་མི་འགའ་ཞིག་གིས་ད་ལྟའི་དུས་ཀྱི་རྡུལ་རིགས་ཀྱི་གློག་ནུས་འདི་ལ་རང་མ་སྐྱེས་སྔོན་གྱི་འདས་ཟིན་པའི་བྱ་བཞག་མང་པོ་མཐོང་རེག་ཡོང་བ་ལ་བརྟེན་ནས་ཚེ་སྔ་མ་དྲན་སོང་བསམ་ཡང་དེ་ནི་མཐོང་བ་ཡིན་གྱི་དྲན་པ་མིན་ལ། གནས་ཚུལ་འདི་གསལ་པོ་ཤེས་པར་དུས་གསུམ་གྱི་གནས་སྟངས་ར་འཕྲད་པ་ཞིག་དགོས་པས།
ཇ༽ འོ་ན། ཤེས་བྱ་ཆོས་ཅན། ལོང་བ་ཚང་གི་བུ་ལོང་བ་དང་། ཞ་བོ་ཚང་གི་བུ་ཞ་བོ་ཡིན་པར་ཐལ། ཕའི་མིག་དབང་སོགས་ལ་སྐྱོན་ཇི་ཡོད་བུ་ལ་འབྱུང་བའི་ཕྱིར། དེར་ཐལ། སྐྱེ་ལྡན་གྱི་དངོས་པོ་གང་ཡིན་རང་གི་རིགས་སྔ་མ་དེའི་གཟུགས་པོའི་རྫས་རིགས་ཀྱི་བཀོད་པ་ཇི་ཡོད་ཕྱི་མ་དེ་ལའང་འབྱུང་བའི་ཕྱིར། རྟགས་ཁས། དེ་བཞིན་དུ། མ་འབྲི་སེ་བོ་དང་གྭ་མ་སོགས་ལ་བུ་རོག་མོ་སོགས་མི་འབྱུང་བར་ཐལ། མའི་གཟུགས་པོའི་རྫས་ཀྱི་བཀོད་པ་ཇི་ཡོད་ཕྱི་མ་དེ་ལ་འབྱུང་བའི་ཕྱིར། འཁོར་གསུམ། མ་ཡུ་ལུ་ལ་བུ་རྭ་ཅན་མི་འབྱུང་བར་ཁས་ལོངས་དང་། འབྲོག་པའི་རང་རྟགས་ངོ་མ་བསྟན་པ་ཡིན་ནོ།
ད་དུང་། ཆོས་ལུགས་ཡོད་མེད་ཀྱི་ཤར་ནུབ་གང་ཟག་དུ་མས་སྐྱེ་བ་སྔ་མ་གན་ཚང་ནས་ཡིན་ཟེར་བ་དང་། ས་ཆ་དེ་ནས་ཡིན། ཕ་འདི་ཡིན། མ་དེ་ཡིན། ཁྱོ་ག་འདི་ཡིན་ཟེར་བ་སོགས་ཏག་ཏག་དང་། ཁྲིག་ཁྲིག་བཤད་བཞིན་ཡོད་པ་འདི་ལ་ཁྱོིད་ཀྱིས། སྐྱེ་བ་སྔ་མ་མཐོང་བ་ཡིན་གྱི་དྲན་པ་མིན་ཟེར་རྒྱུ་ཡིན་པ་འདྲ། འོ་ན། དེ་འདྲ་བའི་གང་ཟག་དེ་ཆོས་ཅན། རང་གི་སྐྱེ་བ་སྔ་མ་ཞིག་ཡོད་པར་ཐལ། དེས་རང་གི་སྐྱེ་བ་སྔ་མ་ཞིག་མཐོང་རྒྱུ་ཡོད་པའི་ཕྱིར། རྟགས་ཁྱབ་ཁས། འདི་འདྲ་བའི་ཟིན་མཚམས་ཐབས་རེ་སྡུག སྔར་གྱི་རིགས་པའི་རྣམ་གཞག་རྣམས་ཀྱང་ཉམས་རྒུད་འགྲོ་བཞིན་ཡོད་པ་འདྲ་ཞིང་ཕོངས་པ་ལ་ཨང་། གལ་ཏེ་དེ་འདྲ་བའི་གང་ཟག་ཞིག་གིས། རང་གི་སྐྱེ་བ་སྔ་མ་མཐོང་བ་ཡིན་ཡང་ཡོད་པ་མ་ཡིན་ཞེས་སྨྲོས་དང་། རིགས་པ་སྨྲ་བ་རྣམས་ཁ་རྣ་བར་ཐུག་ངེས།
ག༽ དུས་ནི་ནམ་མཁའ་ལ་ལྟོས་ནས་འཇོག་དགོས་ཤིང་དེ་གཉིས་ཀྱང་དུས་གསུམ་གང་ལ་ལྟོས་ནས་འཇོག་སའི་དངོས་པོ་རང་གིས་འགུལ་བསྐྱོད་མྱུར་བུལ་ལ་རག་ལུས་ཤིང་འགུལ་བསྐྱོད་ཤིན་ཏུ་མྱུར་བའི་གློག་འོད་ཅིག་ལ་ཆ་མཚོན་ན་དུས་གཅིག་ལ་འདས་མ་འོངས་ད་ལྟ་གསུམ་གསལ་ཐུབ་ཀྱི་ཡོད་པ་གྲུབ་ཡོད་དུས་གློག་ནུས་ཀྱི་སེམས་དེའང་འདས་མ་འོངས་གཉིས་ཀ་འཆར་ཐུབ་ལ་འདས་པ་མཐོང་དུས་དེ་མྱོང་བ་སྔོན་སོང་ཡིན་ན་མ་འོངས་པ་ཡང་རྨི་ལམ་ནས་མཐོང་བས་དེས་མ་འོངས་པ་མྱངས་ནས་ཤེས་པ་དེ་མ་འོངས་པའི་དུས་ནས་ཡར་སླེབས་པ་འགྱུར་འགྲོ་བས་ཁྱེད་ཀྱིས་དེ་འགྲེལ་བཤད་ཇི་ལྟར་བྱེད་ཀྱི་ཡིན།། (འདིའི་ལན་དུམ་བུ་དང་པོ་ནང་དུ་སོང་།)
ཇ༽དགེ་བཤེས་ལགས་ཀྱིས་ཚན་རིག་དང་སྦྲེལ་ནས་གསུང་གི་ཡོད་པ་འདྲ། དེས་ན་ཚན་རིག་སྐོར་ལ་གོ་རྟོགས་མཐོན་པོ་མེད་པས་ལན་འདྲ་རྒྱབ་ཀྱང་གོ་རྒྱུ་ཅི་ཨེ་ཡོད། འོན་ཀྱང་བསམ་ཚུལ་ཕྲན་བུ་ཞུས་ན། ཚན་རིག་པས་ཤིན་ཏུ་མྱུར་བའི་འོད་ལ་བརྟེན་ནས་འདས་པ་མངོན་སུམ་དུ་མཐོང་ཐུབ་རྒྱུ་ཨེ་རེད། དེ་ཐུབ་ན། མོའོ་ཚེ་ཏུང་མངོན་སུམ་དུ་ད་ལྟ་མཐོང་ཐུབ་རྒྱུ་ཨེ་རེད། དེ་ཐུབ་ན། བདག་ཅག་གི་སྟོན་པ་ཡང་མཇལ་རྒྱུ་རེད། ད་དུང་འཇིག་རྟེན་གྱི་ཐོག་མའི་གྲུབ་སྟངས་གས་འཐོར་ཆེན་མོ་ཡང་ཇི་ལྟར་བྱུང་བ་དེ་རིང་མཐོང་ཐུབ་རྒྱུ་ཨེ་རེད། དེ་དག་མ་ཐུབ་ན་འདས་པ་མཐོང་ཚུལ་ག་རེ་རེད། ཚན་རིག་དང་སྦྲེལ་ནས་གསུངས་རོགས།
གཉིས་པ། མ་འོངས་པ་མཐོང་ཚུལ་ག་རེ་རེད། སང་ཉིན་ཉིན་གུང་ཆུ་ཚོད་བཅུ་གཉིས་དེ་ད་ལྟ་མཐོང་རྒྱུ་ཨེ་རེད། དེས་བསྒྲེ་ནས་འཇིག་རྟེན་འཇིག་ཚུལ་དེ་ཉིད་སང་ཉིན་མཐོང་རྒྱུ་ཨེ་རེད། རང་ཉིད་ཤི་བའི་ཉིན་མོ་དེ་ད་ལྟ་མཐོང་རྒྱུ་ཨེ་རེད། འདི་དག་ལ་ལན་ཞིག་གསུངས་རྗེས་གནད་དོན་རྗེས་མ་རྣམས་ཞུ་ཆོག་པར་གྱིས།
ཡིག་ནོར་བཏགས་ནོར་ཉུང་ཙམ་བྱེད་རོགས་མ་གཏོགས་གོ་བ་མི་ལོན་པའི་ཉེན་ཁ་འདུག
ག༽ ང་ནི་ལུང་མང་པོ་ལ་མི་སྐྲག་ལ་གཏམ་རྫིག་པོ་ལ་མི་བརྩི་མཁན་ཞིག་ཡིན། དོན་དངོས་དང་མཐུན་པ་གང་ཡིན་དེའི་རྗེས་སུ་འཇུག་མཁན་ཞིག་དང་རང་སྟོབས་ཀྱིས་དངོས་པོའི་གནས་སྟངས་འཚོལ་ཞིབ་བྱེད་མཁན་ཞིག་ཡིན། ཁྱེད་ཚོས་ཡིད་ཆེས་དང་གསུང་རབས་མིའི་ཁ་ལ་ཀྱང་ཀྱང་བལྟས་པ་རེད། ང་ནི་གསུང་རབས་དང་མི་ཁ་ལ་མི་བལྟ་བ་སྐྱེ་ལྡན་གྱི་དངོས་པོ་རང་གི་གནས་སྟངས་ལ་བལྟས་ནས་ཞིབ་འཇུག་ལོ་ཉེར་དྲུག་ཙམ་བྱས་པ་ཡིན། ཆོས་ཀྱི་གྲགས་པའི་རྣམ་འགྲེལ་དང་འཕགས་བོད་པཎ་གྲུབ་ཚོས་གསུངས་པའི་རིགས་པ་རྣམས་ནི་ཚོད་དཔག་ཁོ་ན་ལས་དོན་དངོས་དང་མི་མཐུན་པ་མང་པོ་ཡོད་པ་གསལ་པོ་ཡིན། དཔེར་ན། མཛོད་གནས་གསུམ་པས་འཇིག་རྟེན་ཆགས་འཇིགས་དང་དབྱིབས་ཀྱི་བཀོད་པ་བཤད་པ་བཞིན་རེད། དཔལ་ལྡན་ཆོས་གྲགས་སླར་ཡང་ཕཻབས་ནས་བཟོ་བཅོས་རྒྱག་དགོས་པ་མང་པོ་འདུག ང་ཚོས་གསུང་རབས་འདི་དག་ལ་འཇུས་ནས་ཚད་ལྡན་ཡིན་ཟེར་ནས་སྣང་བ་དག་སྟེ་བསྡད་ན་ཁུངས་འཁྱོལ་ཐབས་མི་འདུག ངོ་མ་ཡིན། ང་ནི་འདིའི་སྐོར་སེམས་འཕྲལ་ཆེན་པོ་བྱེད་ཀྱི་ཡོད།
ཇ༽ ཧ་ཧ། ང་ཡང་སུ་གང་ལ་མི་སྐྲག དགོད་རེ་བྲོ། དེ་རིང་ང་གཉིས་ཨ་རོགས་ཁམས་པའི་བཤད་སྟངས་དེ་མི་བཤད། ཁྱོད་ནི་གསུང་རབ་དང་མིའི་ཁ་ལ་མི་ལྟ་མཁན་ཞིག་ཡིན་ཟེར། འོ་ན། གསུང་རབ་ལ་མ་བལྟས་པར་བཀའ་པོད་ལྔ་ཇི་ལྟར་མཐར་ཕུད་པ་ཡིན། དགེ་རྒན་གྱི་མདུན་དུ་ཕྱག་འཚལ་ཏེ། སྐྱིལ་ཀྲུང་བཅས་ནས་ཆོས་ཉན་པ་དེ་མིའི་ཁ་ལ་ལྟ་ཚུལ་ཞིག་མ་རེད་པས། དེ་ལས་ལྷག་པར་མིའི་ཁ་ལ་ཉན་ནས་འདུག་མཁན་ཞིག་སུ་འདུག མིའི་དྲང་ཚུགས་དང་སྒམ་བརླིང་སོགས་ལ་གཙིགས་ཆེར་འཛིན་རོགས། གཞན་ཡང་རྒྱ་གར་མཁས་པའི་གསུང་རྩོམ་འགའ་ཞིག་དང་ལྷག་པར་མངོན་པ་མཛོད་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་སྐོར་ལ་དེང་དུས་སུ་དངོས་ཡོད་གནས་ཚུལ་དང་སྦྱར་མི་ཐུབ་པ་འགའ་ཞིག་ཡོད་ནའང་། རྨང་ནས་བསམ་བློ་གཏོང་ས་མེད་པ་དེ་འདྲ་གང་ཡང་མེད། ལྷོ་འཛམ་བུའི་གླིང་དང་། དེའི་གླིང་གཡོག་རྔ་ཡབ་གླིང་སོགས་ག་ལེར་བསམ་ཞིབ་རེ་བྱས་ན་ངོ་འཕྲོད་རྒྱུ་ཡོད་ལ། དེ་དག་ངོ་འཕྲོད་རྗེས་གླིང་གཞན་པ་རྣམས་ཀྱང་རིགས་བསྒྲེ་ཐུབ་པར་སེམས། འོན་ཀྱང་གན་ནས་འདི་འདྲ་ཞིག་གསུངས་འདུག་འདི་ན་དེ་མི་འདུག་ཟེར་བ་སོགས་ཤིང་དཀྱོག་དཀྱོག་རེ་དང་། རྡོ་རིལ་རིལ་རེ་རེ་ནས་ད་ལྟ་བསྟན་དགོས་ན་དཀའ་མོ་ཡོད་ཀྱང་། དེ་ཙམ་གྱིས་གཞུང་ལུགས་དེ་དག་བདེན་པ་མ་ཡིན་པ་དང་། རྫུན་པར་ཡིན་པའི་ཁོངས་སུ་བགྲང་དཀའ་བར་སེམས།
ག༽ དྲང་པོར་བཤད་ན་སྐྱེ་དངོས་རྩི་ཤིང་དང་སྲོག་ཆག་ཚང་མ་ལ་ཚེ་སྔ་ཕྱི་མེད་ཐག་ཆོད་རེད། རྒྱུ་ལས་འབྲས་བུ་དང་བྱ་བ་བྱས་པའི་འབྲས་བུ་ཙམ་ཡོད་ལ་བདག་འཛིན་གྱིས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐུལ། དེ་ལས་ཉན་རྨོངས། དེས་ཀུན་སློང་གིས་བྱ་བ་བཟང་ངན་བྱེད་པ་ནི་རང་གིས་མྱོང་ཐོག་ནས་ཤེས་ཐུབ་ཀྱང་བྱ་བ་བཟང་ངན་བྱས་པའི་འབྲས་བུ་ཚེ་ཕྱི་མར་སྨིན་པ་བཤད་པ་ནི་ཧ་ཅང་གི་ལོག་བཤད་ཅིག་ཡིན་ཏེ། རང་གི་ད་ལྟའི་ཚོར་བ་བདེ་སྡུག་དང་ཕུང་པོ་རྣམས་དང། ཚེ་སྔ་མའི་ལས་ངག་གི་བྱ་བ་བཟང་ངན་གྱི་དབར་འབྲེལ་བ་དམ་ཟབ་ཡོད་པར་སུས་ཀྱང་བསྒྲུབ་མི་ཐུབ་པས་དེ་འདྲའི་ལས་འབྲས་ཀྱང་མེད་པ་གཏན་ནས་ཐག་གཅོད་ཐུབ། དཔེར་ན། ཁོར་ཡུག་དང་ཆ་རྐྱེན་ཚང་མ་གཅིག་པ་ཡིན་པའི་མི་གཉིས་མཉམ་དུ་གནས་ཤིག་ན་བསྡད་སྐབས་རི་མགོ་ནས་རྡོ་ཞིག་མར་ཟག་ཡོང་ནས་གཅིག་གི་མགོ་ལ་ཕོག་ནས་ཤི་བ་དང་གཅིག་ལ་ཅི་ཡང་མ་གནོད་པ་ཞིག་བྱུང་ན་དེ་ལ་ནང་པ་ཚང་མས་ཚེ་སྔ་མའི་ལས་རེད་ཟེར་ཀྱང་ཡིན། གོང་གི་མི་དེ་གཉིས་མི་མིན་པ་ཤིང་སྡོང་གཉིས་ཡིན་ན་ཤིང་སྡོང་ལ་ཚེ་སྔ་མ་མེད་པས་གཅིག་གེགས་ཆག་དང་གཅིག་ལ་སྐྱོན་མེད་པ་ལྷག་ནས་ཡོད་པས་དེ་གཉིས་ལ་ལས་ཀྱི་རྣམ་སྨིན་བཤད་ས་མེད་པས་འགྲེལ་བཤད་ཅི་ཡོད། དེ་གཉིས་ལ་ལས་འབྲས་མིན་པ་དང་གང་ཟག་ཐོག་ལ་སླེབས་དུས་ཚེ་སྔ་མའི་ལས་ཡིན་པ་སུས་ཁྲེལ་བསྐོས་པ་རེད་དམ། མི་ལ་བྱུང་ན་འདྲ་ལྗོན་ཤིང་ལ་བྱུང་ན་འདྲ་དོན་དངོས་ནི་དེ་དག་ཚང་མ་གློ་བུར་ལྟོས་དབང་གིས་རྒྱུ་རྐྱེན་གཅིག་པུ་ལས་བྱུང་བ་ཡིན་གྱི་ཚེ་སྔ་མའི་ལས་དང་འབྲེལ་བ་གང་ཡང་མེད། ཁྱེད་ཚོས་ཨེ་ཤེས།
ཇ༽ ངས་ཀྱང་དྲང་པོར་བཤད་ན། ང་ཚོའི་ནང་པའི་གཞུང་ལུགས་དང་། བོད་ཀྱི་རིགས་གཞུང་གོམས་གཤིས་སོགས་ཀྱི་ནང་དུ་རྒྱུན་དུ་སྔོན་གྱི་ལས་ཟེར་བ་གཅིག་དང་། འཕྲལ་གྱི་རྐྱེན་ཟེར་བ་གཉིས་དཔུང་པ་གཤིབ་ནས་འགྲོ་སྡད་ཡོད་པ་མ་གཏོགས་ཐམས་ཅད་ལས་རེད་ཟེར་མཁན་ཞིག་བྱུང་ན་ཧ་ཅང་གུ་དོག་པའི་གསམ་ཚུལ་ཞིག་མ་རེད་པས། འོན་ཀྱང་འདི་གཉིས་ཀྱི་ས་མཚམས་གང་ནས་འབྱེད་དགོས་པ་དེ་དཀའ་ཁག་ཆེ་ཙམ་ཡིན་པ་འདྲ། ཁྱོད་རང་ལྟར་ན་བྱ་བ་གང་བྱས་ཀྱང་སྟེས་དང་ལམ་འགྲོ། ཡང་ན་ཁྱི་རྡོ་ལམ་ཐུག་རྐྱང་རྐྱང་རེད་ཟེར་རྒྱུ་ཡིན་པ་འདྲ། ཁྱོད་རང་དང་ཐོག་མའི་རྐུབ་ནས་སྐྱེས་པའི་དུས་སུ་བུ་ཡིན་པ་དེའང་ཁྱི་རྡོ་ལམ་ཐུག་དང་། དེ་རྗེས་ཀ་ཁ་ནས་བོད་ཀྱི་ཐུན་མོང་དང་ཐུན་མིན་རིག་གནས་ལ་སྦྱོང་མགོ་ཚུགས་པ་དེའང་དེ་བཞིན། དེ་རྗེས་དགའ་ལྡན་ཁྲི་ཐོག་བརྒྱ་པ་སོགས་བཤེས་གཉེན་རི་བོ་དང་འདྲ་བ་མང་པོའི་དྲུང་དུ་གཞུང་ཆེན་ཁག་ལ་སྦྱོང་རྒྱུའི་སྐལ་བ་བྱུང་བ་དེ་ཡང་སྟེས་དབང་དང་། དེ་རྗེས་དགེ་བཤེས་ལྷ་རམས་པ་དང་། ཚན་རིག་རབ་འབྱམས་པའི་ལག་ཁྱེར་ཐོབ་པ་སོགས་ཀྱང་ཁྱི་རྡོ་ལམ་ཐུག་ཁོ་ན་རེད་ཟེར་ན་ཁྱོིད་རང་ཡིད་ཆེས་ཀྱིན་འདུག་གམ། ཁྱོད་ནི་འདི་འདྲ་བ་དྲན་ཡོང་གིན་འདུག་ཀྱེ་མ།
ག༽ སྐྱེ་ལྡན་གྱི་དངོས་པོ་ཐ་དག་སྐྱེས་པའི་དགོས་དམིགས་ངོ་མ་ནི་རང་རང་གི་རིགས་རྒྱུད་རྒྱུན་གནས་བྱེད་རྒྱུ་འདི་ཁོ་ན་ངེས་པ་ཡིན། རང་གི་རིགས་རྒྱུད་སྤེལ་བ་ལ་རང་ཉིད་འཚོ་གནས་དགོས་ཤིང་དེ་ལའང་མཐུན་རྐྱེན་ཟས་ལ་བསྟེན་དགོས་པ་དང་འགལ་རྐྱེན་དགྲ་ལ་འགོག་སྲུང་བཅས་བྱེད་དགོས་པ་ཡིན་དུས། སྲོག་ཆག་རྩི་ཤིང་ཚང་མར་རང་ཆོས་སུ་ཡོད་པ། རིགས་རྒྱུད་སྤེལ་རྒྱུ། འཚོ་གནས་ཀྱི་ཟས་ཚོལ་རྒྱུ། དགྲ་ཡིས་ཉཻན་ཁ་སྲུང་རྒྱུྲ་གསུམ་པོ་འདི་རང་རེད། གསུམ་པོ་འདི་ནས་གཅིག་མེད་ན་རྒྱུན་གནས་ཐུབ་ཐབས་མེད། དཔེར་ན། ཚེར་མ་ལྗོན་པ་གཅིག་ལ་ཆ་མཚོན་ན། འཚོ་གནས་ཀྱི་ཆེད་ཆུ་དང་ལུད་རླུང་སོགས་སྤྱོད་ཀྱི་ཡོད། རིགས་རྒྱུ་སྤེལ་ཆེད་མེ་ཏོག་དང་འབྲས་བུ་ས་བོན་སྐྲུན་བཞིན་ཡོད། དགྲ་ལ་འགོག་རྒོལ་དང་རང་ལ་ཉེན་སྲུང་གི་ཆེད་ཚེར་མ་རྣོན་པོ་ངོམས་ཀྱི་ཡོད། འགོག་སྲུང་ཆེད་རང་རང་གི་ལག་ཆ་སྲོག་ཆག་སོ་སོར་མི་འདྲ་བ་ཡོད་དེ། ལ་ལར་མཆེ་བ། ལ་ལར་སྡེར་མོ། ལ་ལར་རྭ་ཅོ། ལ་ལར་རྒྱུགས་རྩལ། ལ་ལར་དུག་ཀྱང་ཡོད། འོན་ཀྱང་དེ་དག་ཚང་མ་དཀོན་མཆོག་གིས་བཟོས་པ་མིན་ལ། ལས་འབྲས་ཀྱིས་བྱས་པ་ནི་དེ་བས་མིན། དེ་དག་ནི་སྐྱེ་ལྡན་གྱི་དངོས་པོ་ཡི་རང་གཤིས་འབའ་ཞིག་ཡིན། བྱས་ཙ་ན་ཚེ་སྔ་ཕྱི་དང་ལས་ཀྱི་རྣམ་སྨིན་ཟེར་བ་སོགས་ནི་མི་ལྡན་པའི་གཏམ་ཁོ་ན་རེད་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་ཐུབ་ན་གསལ་དུ་གསལ་དུ་འགྲོ་ཐུབ།
ཇ༽ སྤྱིའི་ཆ་ནས་བྱས་ན་འདི་ནི་རྣམ་གཞག་མེད་པའི་རྣམ་གཞག་ཅིག་རེད། སྐྱེ་ལྡན་གྱི་དངོས་པའི་ས་མཚམས་གང་ནས་འཛིན། ཉི་ཟླ་སོགས་གཟའ་སྐར་རྣམས་དང་། བྲག་རི་ཕ་བོང་སོགས་སྐྱེ་ལྡན་གྱི་དངོས་པོ་ཨེ་ཡིན། ཡིན་ན་འདི་དག་གིས་ཅི་ཞིག་ཟ་བཞིན་ཡོད་ལ་ཅི་ཞིག་གཏོང་བཞིན་ཡོད་སྨྲོས་ཤིག གལ་ཏེ་འདི་དག་སྐྱེ་ལྡན་གྱི་དངོས་པོ་མིན་ན་རྩི་ཤིང་སོགས་ལྟར་བྲག་རི་འདི་དག་ཀྱང་སྐྱེ་འཕེལ་བྱེད་བཞིན་ཡིན་པས་སྐྱེ་ལྡན་ཞེས་པ་དོན་མེད་ཏུ་ཐལ་བ་མ་ཡིན་ནམ།
གཞན་ཡང་། རིགས་རྒྱུད་སྤེལ་རྒྱུ། འཚོ་གནས་ཀྱི་ཟས་འཚོལ་རྒྱུ། དགྲ་ཡིས་ཉེན་ཁ་བསྲུང་རྒྱུ་གསུམ་པོ་འདི་གསུམ་ཚང་སོང་ན་རྣམ་ཤེས་ཡོད་པ་ལ་ཅི་ཞིག་གནོད། ཁ་དང་ལག་པ། མགོ་གསུམ་ཚང་སོང་ན་རྐང་པ་མེད་དགོས་པར་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར། འདི་འདྲ་བའི་རིགས་པ་གོག་ཏོ་རྐྱང་རྐྱང་གཏོང་ནས་མ་སྡོད་རོགས།
ག༽གོང་གི་དེ་གུས་པས་ཀླན་ཀ་འཚོལ་བའི་གཏམ་ཞིག་ཡིན་པས་དགག་པ་ཚ་ཐག་ཆོད་ཅིག་ཡོད་པ་མཁྱེན།
ཇ༽ཁྱོད་ཀྱི་འབོལ་རྩོམ་འདི་ལ་ཉིད་ཀྱི་རེ་འདུན་ལྟར་དགག་པ་ཚ་ཐག་ཆོད་ཅིག་བརྒྱབ་ཡོད། དེ་ཡང་ཁུངས་ལུང་གི་རྒྱབ་བརྟེན་མང་པོ་མི་དགོས་པར་ཐད་ཀར་རིགས་པས་ཞུན་འཐར་བྱས་ཡོད། འོན་ཀྱང་ཡིག་ནོར་བརྗོད་མི་ཚར་བ་ལྟ་བུར་འདུག་ཀྱང་ཁ་དཔེར། ཡི་གེ་ཕྱེད་ཕྱེད་གོ་བས་འདོན། ཟེར་བ་ལྟར་བུའི་ངང་ནས་མགོ་མཇུག་དང་། ཚིག་གྲོགས། དམིགས་ཡུལ། བརྗོད་འདོད་ཀྱི་ཀུན་སློང་སོགས་ལ་དཔག་ཏེ་གོ་བ་རེ་ལོན་ཐབས་བྱས་ཡོད་པ་མ་གཏོགས་ཚིག་སྐྱོན་ནམ་ཡང་བཙལ་གིན་མེད། འདི་མི་ལོ་ཉེར་དྲུག་ལ་སྐྱེ་ལྡན་དངོས་པོ་རྣམས་ལ་ཞིབ་འཇུག་པ་ཞིག་གིས་བྲིས་པའི་ཡིག་ནོར་དང་། དགེ་བཤེས་ལྷ་རམས་པ་ཞིག་གིས་འབྲི་ནོར་ཡིན་པས་དག་བཅོས་ཞུ་ག་ལ་ཕོད།

Tuesday, September 18, 2012

ངོ་དེབ་ཏུ་དགེ་བཤེས་འཇམ་དབྱངས་ནོར་བུ་ལགས་དང་བགྲོ་གླེང་།


ངོ་དེབ་ཏུ་དགེ་བཤེས་འཇམ་དབྱངས་ནོར་བུ་ལགས་དང་བགྲོ་གླེང་། Monday, September 17, 2012
༼ག དགེ་བཤེས། ཇ། འཇིགས་མེད།༽
ག༽ དུས་ནི་ནམ་མཁའ་ལྟོས་ཅིང་ཡུན་ཚད་ཀྱང་གཞན་དབང་ཅན་ཡིན་པར་ཤེས་ན་མྱོང་བ་སྔོན་སོང་གིས་སྐྱེ་བ་སྔ་མ་བསྒྲུབ་པའི་རིགས་པ་རྣམས་ནུས་མེད་དུ་འགྲོ་སྲིད།  གཞི་དེ་ལ་ལྟོས་པའི་དུས་གསུམ་ལ་ཡུན་ཚད་ཀྱི་རིམ་དང་གཅིག་ཅར་ནི་བལྟ་མཁན་རང་ཉིད་ཀྱི་འགུལ་བསྐྱེད་མྱུར་བུལ་ལ་རག་ལུས་པ་ཡིན་པས། དཔེར་ན། ཁྱེད་རང་ཤིན་ཏུ་མྱུར་བའི་གློག་འོད་ལྟ་བུ་དངོས་པོ་ཞིག་ནང་བསྡད་ནས་དུས་གསུམ་གྱི་ཡུན་ཚད་བལྟ་མཁན་ཞིག་ཡིན་པའི་དབང་དུ་གཏོང་ན་ནམ་རྒྱུན་གྱི་ཡུན་ཚད་རིང་བའི་འདས་མ་འོངས་ད་ལྟ་གསུམ་གཅིག་ཅར་དུ་མཐོང་ཐུབ་ཀྱི་ཡོད་པ་དང་བལྟ་མཁན་ཇེ་མྱུར་ཇེ་མྱུར་ལ་སོང་བ་དེའི་ཚད་ཀྱི་བལྟ་བྱའི་དུས་དེ་ནི་ཇེ་ཐུང་ཇེ་ཐུང་དུ་སོང་བ་ཡོངས་གྲགས་སུ་ངེས་ཟིན་པ་ཞིག་རེད། དེ་ལྟར་གནད་དོན་ཅི་ཡང་མ་ཤེས་གོང་ནས་སྲོལ་རྒྱུན་གྱི་འགྲོས་ལྟར་རྟགས་གསལ་བཏང་ནས་ཚ་དང་འཁོར་གསུམ་བསྐོར་ཁུལ་བྱས་ཀྱང་འཇུག་འབྲས་ང་རྒྱལ་ཙམ་ལས་དོན་དངོས་ཇི་བཞིན་མཐོང་མི་ཐུབ།

ཇ།༽དགེ་བཤེས་ལགས་ཀྱིས་ཚན་རིག་དང་སྦྲེལ་ནས་གསུང་གི་ཡོད་པ་འདྲ། དེས་ན་ཚན་རིག་སྐོར་ལ་གོ་རྟོགས་མཐོན་པོ་མེད་པས་ལན་འདྲ་རྒྱབ་ཀྱང་གོ་རྒྱུ་ཅི་ཨེ་ཡོད། འོན་ཀྱང་བསམ་ཚུལ་ཕྲན་བུ་ཞུས་ན།
ཚན་རིག་པས་ཤིན་ཏུ་མྱུར་བའི་འོད་ལ་བརྟེན་ནས་འདས་པ་མངོན་སུམ་དུ་མཐོང་ཐུབ་རྒྱུ་ཨེ་རེད། དེ་ཐུབ་ན། མོའོ་ཚེ་ཏུང་མངོན་སུམ་དུ་ད་ལྟ་མཐོང་ཐུབ་རྒྱུ་ཨེ་རེད། དེ་ཐུབ་ན། བདག་ཅག་གི་སྟོན་པ་ཡང་མཇལ་རྒྱུ་རེད། ད་དུང་འཇིག་རྟེན་གྱི་ཐོག་མའི་གྲུབ་སྟངས་གས་འཐོར་ཆེན་མོ་ཡང་ཇི་ལྟར་བྱུང་བ་དེ་རིང་མཐོང་ཐུབ་རྒྱུ་ཨེ་རེད། དེ་དག་མ་ཐུབ་ན་འདས་པ་མཐོང་ཚུལ་ག་རེ་རེད། ཚན་རིག་དང་སྦྲེལ་ནས་གསུངས་རོགས།
གཉིས་པ། མ་འོངས་པ་མཐོང་ཚུལ་ག་རེ་རེད། སང་ཉིན་ཉིན་གུང་ཆུ་ཚོད་བཅུ་གཉིས་དེ་ད་ལྟ་མཐོང་རྒྱུ་ཨེ་རེད། དེས་བསྒྲེ་ནས་འཇིག་རྟེན་འཇིག་ཚུལ་དེ་ཉིད་སང་ཉིན་མཐོང་རྒྱུ་ཨེ་རེད། རང་ཉིད་ཤི་བའི་ཉིན་མོ་དེ་ད་ལྟ་མཐོང་རྒྱུ་ཨེ་རེད། འདི་དག་ལ་ལན་ཞིག་གསུངས་རྗེས་གནད་དོན་རྗེས་མ་རྣམས་ཞུ་ཆོག་པར་གྱིས།
ཡིག་ནོར་བཏགས་ནོར་ཉུང་ཙམ་བྱེད་རོགས་མ་གཏོགས་གོ་བ་མི་ལོན་པའི་ཉེན་ཁ་འདུག
ག༽ཁྱེད་ཀྱི་རྟགས་གསལ་དེ་དང་ཚ་པོ་རེད།  འོན་ཚན་རིག་ལ་རྟགས་གསལ་འགྲོ་ས་མེད།  དཔེ་སྒྲོམ་གཙོ་ཆེ།   དུས་ཡུན་རིང་པོ་དེ་འདྲ་ཐུང་དུ་གཏོང་ནས་ད་ལྟ་མཐོང་བ་བྱེད་པར་དེ་ལ་དཔག་པའི་འགུལ་བསྐྱོད་གློག་འོད་ལས་ཀྱང་མྱུར་བའི་དངོས་པོ་དགོས་ཀྱང་དེ་ད་ལྟ་མེད་པས་བྱ་ཐབས་བྲལ།  ཁྱེད་ཀྱིས་གློག་ལས་ཀྱང་ཤིན་ཏུ་མྱུར་བའི་དངོས་པོ་ཁྱེར་ཤོག་དང་ང་ཚོད་བལྟ་བྱེད་ཆོག       ཞལ་བདེ་པོ་དང་ལྗགས་སྲབ་པོ་འདུག་མོད། རྩོད་པ་ཁ་ལ་བྱང་བ་ལས་དོན་གྱི་དངོས་པོ་ལ་བརྟགས་དཔྱད་བྱས་མི་འདུག དེ་རིང་ངས་ཁྱེད་གྲབ་ཟིན་གྱི་དཔེ་མཚོན་ཞིག་འཇོག མདའ་མཁན་གྱིས་མདའ་ཞིག་འབེན་ལ་འཕངས་ཟིན་པ་ན་ཞིབ་འཇུག་པ་གཉིས་ཡོད་ཁོངས་ནས་ཅིག་ཤོས་ཀྱིས་འགུལ་བསྐྱོད་མེད་པ་ཕར་ཕྱོགས་སུ་བསྡད་ནས་མདའ་མོར་བལྟས་བསྡད་པའི་སྐབས་དེར་མདའ་མོས་འབེན་དེ་ཕུག་ཟིན་རྒྱབ་ཕྱོགས་སུ་སྔོ་ལྗང་ངེར་ཐོན་ནས་ཐག་རིང་དུ་བསྐྱོད་པ་མཐོང་བའི་དུས་དེ་ཀ་རང་ལ་ཞིབ་འཇུག་པ་གཞན་པ་དེས་མདའ་མོ་དང་འགུལ་བསྐྱོད་མགྱོགས་ཚད་མཚུངས་པའི་དངོས་གཟུགས་ཤིག་ནང་འཛུལ་ནས་མདའ་མོ་ལ་གོ་ས་གང་དུ་ཡོད་མེད་བལྟས་པའི་ཚེ་དུས་དེར་མདའ་མོས་ད་དུང་འབེན་ཡོད་སར་མ་སླེབས་པ་བར་ཐག་རིང་པོར་ལྷག་བསྡད་ཡོད་པ་ཞིག་དོན་ཐོག་ཏུ་གནས་པ་ཡོངས་གྲགས་སུ་གྱུར་ཟིན་པས་ཁྱེད་ཀྱིས་དེ་ལ་འགྲེལ་བཤད་ཅི་ཡོད་དམ། བུ་རམ་མངའ་མོ་རེད་ཅེས་རྟགས་གསལ་ག་ཚད་ཅིག་བཏང་ཡང་ཕན་ཐོག་ཡོད་དམ། གཞན་ཡང་མི་གཉིས་ཀྱི་ཆུ་ཚོད་གཅིག་མཚུགས་སུ་བསྒྲིགས་ནས་གཅིག་ས་སྒང་འདིར་སྡོད། གཅིག་མེ་ཤུགས་ཕུར་འདེལ་ནང་འཛུལ་ཏེ་སོང་ནས་ཕྱིར་ཕྱིར་འཁོར་མཚམས་སུ་སྡོད་པའི་མིའི་ཆུ་ཚོད་ནི་ཆུ་ཚོད་གཅིག་ཙམ་ཕྱིན་ཟིན་ནའང་འགྲོ་བསྐྱོད་ཀྱི་མིའི་ཆཱུ ཚོད་ནི་སྐར་མ་ལྔ་ཙམ་ལས་ཕྱིན་མེད་པ་ཞིག་བྱུང་ཟིན་ར་འཕྲད་ཡིན་པས་དེ་དག་ལ་ཁྱེད་ཀྱིས་རྨོངས་དད་ཀྱིས་དུས་གསུམ་སྔ་ཕྱི་ལ་འགྱུར་བ་མེད་དགོས་ཞེས་མགོ་བོ་བྲག་ལ་ཐེངས་མང་བརྡུངས་ཀྱང་ཅི་ཕན།

ཇ།༽རྟགས་བསལ་དང་། རིགས་པ་འགྲོ་ས་མེད་ན་རྡོ་དང་དབྱུགས་པའི་རྩོད་པ་རེད། རིགས་པ་འགྲོ་ས་མེད་པའི་དཔེ་སྒྲོམ་ཞིག་ལ་སུ་ཞིག་གིས་ཡིད་ཆེས་བྱེད། དཔེ་སྒྲོམ་དང་པོ་དེ་གོ་བ་རག་ཁག་པོ་འདུག་ཀྱང་། གོ་ཚོད་ལྟར་ཅིག་སྨྲ་ན། མདའ་མོ་དང་མགྱོགས་ཚད་དང་མཚུངས་པའི་ཞིབ་འཇུག་པ་དེ་མདའ་མོའི་རྗེས་སུ་ལུས་འགྲོ་སྐད། དེ་ལྟར་ན་མདའ་མོའི་སྒང་ལ་ཞོན་པའམ་ནང་དུ་འཛུལ་ན་རྗེས་སུ་ལྷག་འགྲོ་གི་རེད་དམ། སྤྱིར་ན་མདའ་མོ་དང་མགྱོགས་ཚད་མཚུངས་པའི་ཞིབ་འཇུག་པ་དེ་མདའ་མོ་གང་དུ་སླེབས་པ་དེར་སླེབས་དགོས་ཏེ། མདའ་མོ་དང་མགྱོགས་ཚད་མཚུངས་པའི་ཕྱིར། དེས་ན་དཔེ་སྒྲོམ་དང་པོ་དེ་ནི་ཚིག་སྐྱོན་དང་དོན་སྐྱོན་གཉྀས་ཀ་འདུག་གོ།
གཉིས་པ། མཚེ་མ་སྤུན་གཉིས་ཀྱི་དཔེ་དེ་ཡིན་པ་འདྲ། འདི་ནི་བར་སྣང་ཁམས་སུ་འཕུར་སོང་བའི་མི་ཡི་ཆུ་ཚོད་ང་ཚོའི་ཆུ་ཚོད་ལས་རྗེས་སུ་ལུས་ནས་བསྡད་སྐད། དེ་ཡང་བར་སྣང་གི་དབྱིངས་སུ་འཁའ་དབུགས་དང་། འཐེན་ཤུགས་སོགས་ལ་བལྟོས་ནས་ཆུ་ཚོད་འཁོར་མ་ཐུབ་པ་ཡིན་སྲིད་པ་ལས། འདིས་འདས་མ་དུས་གསུམ་དུས་གཅིག་ཏུ་མཐོང་ཐུབ་པའི་དཔེར་སྒྲོམ་ཞིག་ཇི་ལྟར་འགྲུབ། ང་ཚོས་ཚན་རིག་པ་ལ་རྨོངས་དད་ནམ་ཡང་མི་རུང་།
ག༽བླ་རྒན་མགོ་བོ་འཁྲེག་པོ་དེ་ཚོས་རང་ཕྱོགས་ལ་མཆོག་འཛིན་དང་རང་གི་བློ་མ་བབས་ན་ར་འཕྲད་ཡ་མེད་ངས་སྔ་ས་ནས་ཤེས་ཀྱི་ཡོད།
ངས་ཁྱེད་ལ་རྩོད་རྒྱག་ན་མི་འདོད།
༼གསལ་བཤད། དགེ་བཤེས་ཆེན་པོ་དང་ལྷན་དུ་བགྲོ་གླེང་བྱུང་བ་འདི་ཐོབ་ཤོར་དང་། རྩོད་པའི་ཆེད་དུ་རྩོད་པ་མ་ཡིན་ཞིང་། གནའ་དེང་རིག་པའི་གསང་གནད་ཁག་ལ་གྲུབ་དོན་རེ་རྙེད་པའི་རེ་བས་སོ།༽

རི་བོ་ཇོ་མོ་གླང་མ།




རི་བོ་ཇོ་མོ་གླང་མ། ཇོ་མོ་གངས་དཀར། ཇོ་མོ་གངས་ཅན་རི། བཅས་མིང་གི་རྣམ་གྲངས་དང་། འཛམ་གླིང་གི་སྤྱི་གཙུག འཇིག་རྟེན་གྱི་ཡང་ཐོག ཁ་བ་ཅན་གྱི་བླ་རི་སོགས་ནི་དོན་གྱི་རྣམ་གྲངས་སོ།།
གནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། བལ་བོད་གཉིས་ཀྱི་ས་མཚམས་སུ།།

གངས་དཀར་ཤེལ་གྱི་ཅོད་པཎ་ཅན།། འབབ་ཆུ་སྙན་པའི་རྒྱུན་སྒྲ་ཅན།།

ནགས་ཚལ་མེ་ཏོག་ཕུང་པོས་བརྒྱན།། གཡའ་སྤང་གསེར་གཡུ་སྐ་རག་ཅན།།

གནས་མཆོག་དེ་ཡི་གཡོན་འགུལ་ན།། དར་དཀར་གུར་གྱི་ནང་ཤེད་ན།།
བཀྲ་ཤིས་ཚེ་རིང་དབང་ཕྱུག་མ།། ཞེས་སོགས་གསལ་བ་ལྟར་དབུས་འགྱུར་རྡོ་རྗེ་གདན་ནས་བྱང་དུ་བལ་བོད་གཉིས་ཀྱི་ས་མཚམས་སུ་རི་ཡི་ལྟེ་བ་གཙོ་བོ་གནས་ཤིང་རི་རྒྱུད་པ་ཀི་སི་ཐན་གྱི་བྱང་མཐའ་ནས། རྒྱ་གར། བལ་ཡུལ། འབྲས་ལྗོངས། འབྲུག་ཡུལ་གྱི་ཉེ་འདབས་བར་དུ་བརྐྱངས་ཤིང་རིང་ཚད་ལ་སྤྱི་ལེ་༢༤༥༠ཙམ་དང་། ཞེང་ཚད་ལ་སྤྱི་ལེ་༢༥༠ནས་༣༥༠་ཙམ་གྱི་བར་དང་། མཐོ་ཚད་སྨིས་༨༨༤༨།་༡༣ཡོད་འདུག་པས་འཇིག་རྟེན་ན་ཆེས་མཐོ་ཞིང་ངོ་མཚར་འབུམ་གྱིས་ཕྱུག་པའི་གནམ་འདེགས་གངས་ཀྱི་ཀ་བ་ཞིག་ཡིན་པ་རེད། ད་དུང་ལོ་རེ་ནས་ལོ་རེ་དགུང་སྔོན་ནམ་མཁའི་དབྱིངས་སུ་འཕྱོ་བཞིན་ཡོད་པ་ཚན་རིག་པ་དག་གིས་བཤད། དེ་ཡང་བདེན་མཆི་སྟེ་རི་ཡི་བཀོད་པ་དང་སྒང་ཟུར་གང་ལ་བལྟས་ཀྱང་འཚར་ལོངས་བྱེད་བཞིན་ཡིན་པའི་སྣང་བ་ཞིག་དབང་མེད་དུ་སྟེར་ཡོང། མ་ཟད་ཉེ་འཁོར་གྱི་རི་བོ་འགའ་ཞིག་གཏིང་དུ་ཐིམ་འགྲོ་བའི་སྣང་བའང་ཡོང་གི་ཡོད། དུས་རབས་སྔ་མའི་ནང་དུ་རི་བོ་འདི་ཡི་སྒང་ནས་ཀི་རིང་རེ་མཐེན་རྒྱུ་བསམ་བློ་འཁོར་མཁན་ནི་འཛམ་གླིང་གི་སྐད་གྲགས་ཅན་གྱི་གངས་འཛེགས་པ་ཕལ་མོ་ཆེ་ཡིན་པ་རེད། ཧམ་སེམས་དང་གྲགས་འདོད་དེ་དག་གི་དབང་གིས་སྔ་ཕྱི་རི་འཛེགས་པ་མང་པོས་ལུས་སྲོག་གཡང་ལ་བསྐྱལ་བའི་ལོ་རྒྱུས་ཡོད། དེ་དག་ལས་ཕྱི་ལོ་༡༩༥༣ཟླ་༥པའི་ཚེས་༢༩ཉིན་ཤ་ཁྲག་རུས་གསུམ་གདོང་དམར་བོད་ཀྱི་རྒྱུད་པ་ལ་རྒྱལ་ཁོངས་བལ་པོ་ཡིན་པ་སྐུ་ཞབས་ Tenzing Norgayབསྟན་འཛིན་ནོར་རྒྱས་དང། New Zealand ནེའུ་ཟུ་ལན་ནས་ཡིན་པའི་སྐུ་ཞབས་ Edmund Hillary ཨེགྷྲིམུན་ ཧིལ་རེ་གཉིས་ཀྱིས་རི་བོ་འདི་ཡི་རྩེ་མོར་སླེབས་པས་འགྲོ་བ་མི་ཡི་རིགས་ཀྱིས་ཆེས་ཐོག་མའི་ཞབས་རྗེས་བཞག་སྟེ་རི་བོ་འདི་ཉིད་དབང་དུ་བསྡུས་ཚུལ་འཛམ་གླིང་གི་གསར་ལམ་ཁག་ཏུ་བཀོད་ཡོད།
གངས་ཀྱི་རི་རྒྱུད་འདི་ནི་བོད་ཁམས་སྐྱོང་བའི་ཇོ་མོ་ཚེ་རིང་མཆེད་ལྔའི་གནས་ཡིན་པར་ཡོངས་སུ་གྲགས། ཚེ་རིང་མཆེད་ལྔའི་བསྐང་གསོ་ལས་ཀྱང་། གངས་རྒྱལ་མོ་མཐོན་མཐིང་གི་ཕོ་བྲང་ནས་ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ལ་སོགས་པ་སྤྱན་དྲངས། ཞེས་གསལ། དེ་ལས་ཇོ་མོ་ཚེ་རིང་མཆེད་ལྔའི་གཙོ་མོ་བཀྲ་ཤིས་ཚེ་རིང་མའི་གནས་ཡུལ་ཡིན་པས་དེ་སྐད་བརྗོད་པ་ཡིན་གྱི་བརྟན་མ་བཅུ་གཉིས་སོགས་ཐམ་ཅད་གཞི་གཅིག་ཏུ་ཡོད་པ་མ་ཡིན་ཏེ། འགའ་ཞིག་མདོ་སྟོད་སྨད་སོགས་སུ་ཡོད་པས་སོ།།
ཞིབ་ཏུ་བསམ་ན་གངས་ཀྱི་རི་རྒྱུད་འདི་ལ་རི་བོ་མཐོན་པོ་སྨིས་བརྒྱད་སྟོང་ཡན་ཆད་དུ་བརྒལ་བ་བཅུ་གྲངས་ཤིག་ཡོད་པས་གངས་རི་ཕལ་མོ་ཆེ་ལ་མིང་རེ་ཡོད་ཅིང་། ཚེ་རིང་མཆེད་ལྔའི་གནས་ཡུལ་རེ་རེ་ལ་མིང་རེ་ཡོད་སྲིད་ནའང་ད་ཐེངས་མ་ངེས་ལ་དེའི་ནང་ནས་གངས་རྒྱལ་མོ་མཐོན་མཐིང་ནི་ཇོ་མོ་མཐིང་གི་ཞལ་བཟང་མའི་གནས་ཡུལ་ཡིན་པར་ཤེས་སོ།། དེ་ལས་འཛམ་གླིང་ན་ཆེས་མཐོ་ཤོས་སུ་གྱུར་པའི་རི་བོ་ཇོ་མོ་གླང་མ་འདི་ནི་བོད་ཁམས་སྐྱོང་བའི་ཚེ་རིང་མཆེད་ལྔའི་ཡ་གྱལ་ཇོ་མོ་གླང་བཟང་མའི་གནས་ཡུལ་ཡིན་པས་ཇོ་མོ་གླང་མ་ཞེས་གནས་བདག་གི་མིང་གནས་ཡུལ་ལ་ཐོགས། གངས་རོང་ཕུ་འཁྱིལ་བ་ཞེས་ཀྱང་འབོད་ཚུལ་གསལ། ཇོ་མོ་ལྷུང་མ་སོགས་ནི་ནོར་བ་ཡིན། གནས་བདག་མི་གཡོ་གླང་བཟང་མ་དེ་ཉིད་ཚུལ་ཇི་ལྟར་དུ་ཡོད་སྙམ་ན།
ལྷ་མོ་མི་གཡོ་གླང་བཟང་མ།། དཔལ་ལྡན་རྡོ་རྗེ་བཞེད་མ་ནི།།

སྐུ་མདོག་སེར་མོ་འོད་ཟེར་འཕྲོ།། བཀྲ་ཤིས་དཔལ་འབར་གཟི་བརྗིད་ཅན།།

ཆིབས་སུ་རྒྱ་སྟག་གྲུས་མ་ཆིབས།། ཕྱག་ན་ཐོད་པ་བཅུད་བསྐང་བསྣམས།།

བདག་གི་རྨ་གཡང་ཟས་ནོར་སྤེལ།། དངོས་གྲུབ་མ་ལུས་སྩལ་དུ་གསོལ།།
གཞན་ཡང་། ཟས་ཀྱི་དཔལ་སྟེར་མི་གཡོ་གླང་བཟང་མ།། ཞེས་ཀྱང་གསུང་པས་ཟས་ནོར་འབད་མེད་ཆར་པ་འབེབས་པའི་ལྷ་མོ་ཞིག་ཡིན་པར་གྲགས། མི་གཡོ་བློ་བཟང་མ་ཟེར་བ་ནི་ནོར་བ་ཡིན། ལྷ་མོ་འདི་དག་ནི་སློབ་དཔོན་རིན་པོ་ཆེ་དང་མི་ལ་བཞད་པའི་རྡོ་རྗེ་སོགས་རྣལ་འབྱོར་པ་ཆེན་པོ་དེ་དག་གིས་བཀའ་བསྒོས་དམ་བཞག་གནང་ནས་བོད་ཡུལ་སྐྱོང་བའི་སྲུང་མར་མངའ་གསོལ། དེ་ནས་བོད་ཀྱི་ཆོས་རྒྱུད་རིས་སུ་མ་ཆད་པས་གསོལ་མཆོད་བྱེད་བཞིན་པའི་སྲུང་མ་མཐུ་བོ་ཆེ་ཤ་སྟག་ཡིན་པར་གསུང་རབ་ཁག་ཏུ་གསལ་ལོ།།

Monday, August 13, 2012

འདུར་ཟེར་ན་ཅི་རེད།

ཁ་སང་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་སྤྱི་ཨོ་རྩལ་འགྲན་ཚོགས་ཀྱི་དབུས་སུ་རྒྱུག་འགྲན་ཨང་གསུམ་པའི་གཟེངས་རྟགས་བླངས་པར་གསར་འགྱུར་གྱི་ངོས་སུ་མཐོང་། འོན་ཀྱང་གསར་འགོད་པ་རྣམས་ཀྱིས་རྒྱུག་འགྲན་འདི་ལ་འདུར་རྒྱུག་ཞེས་མིང་གིས་བོས་ནས་ཀུན་ལ་ཁྱབ་པར་སྒྲགས་བྱུང་། ང་རང་སྒེར་ལ་མཚོན་ན་མིང་ཚིག་འདི་ཉིད་བློ་ལ་འབབ་པ་ཞིག་དང་། ཁ་ལ་འབྱར་བ་ཞིག་གཏན་ནས་མ་རེད། དེས་ན་རྒྱུག་འགྲན་འདི་ལ་མིང་ཅི་ཞིག་འབོད་དགོས་པ་དང་། གང་ཞིག་བཏགས་དགོས་པ། ཇི་ལྟར་བསྒྱུར་དགོས་པ་སོགས་ལ་བསམ་བློ་ཕྲན་བུ་གཏོང་བ་ཡིན། དང་པོ་འདུར་ཟེར་བའི་མིང་ཚིག་འདི་ཉིད་མགོ་འགབ་དང་བླ་འོག་ཀུན་དུ་ཁྱོན་ཡོངས་ནས་གཅིག་བཙལ་ན་ད་ཐེངས་གི་རྒྱུག་འགྲན་འདི་ལ་མིང་ཚིག་འདི་ཉིད་འབྱོར་མིན་གསལ་པོར་ངོས་ཟིན་པར་སེམས། སྤྱིར་ན་འདུར་ཟེར་བའི་མིང་ཚིག་འདི་ཉིད་ཐོབ་ས་འགའ་ཞིག་ཡོད་པར་ཡིན་ཞིང་། དང་པོ། གར་སླ་གཉིས་ཀྱི་བར་མཚམས་ཀྱི་ཐུག་པ་འདར་འདུར་ཟེར་བ་ལྟ་བུ་ཧ་ཅང་གི་གར་པོ་སྤགས་འདྲ་བ་མ་ཡིན་ཞིང་། ཧ་ཅང་གི་སླ་མོ་ཆུ་ལྟ་བུ་མ་ཡིན་པའི་བར་མཚམས་དེར་འདུར་ཞེས་པའི་མིང་ཚིག་འདི་ཉིད་འབྱོར་བ་ཡིན།

གཉིས་པ། སེམས་ཅན་གྱི་གོམ་འགྲོས་བྱེད་ཚུལ་ཁྱད་པར་བ་ཞིག་གི་དོན་སྟོན་པ་ཡིན་ལ། གོམ་འགྲོས་དེ་ཡང་ཧ་ཅང་མགྱོགས་པོ་མ་ཡིན་པ་དང་། དལ་མོ་མ་ཡིན་པར་བར་མའི་རྒྱུག་སྟངས་ཞིག་སྟོིན་པ་ཡིན། རྒྱུག་སྟངས་དེ་ནི་རྐུན་མ་བྲོས་འགྲོ་བ་ལྟ་བུ་དང་། ར་མདས་འདེད་འགྲོ་བ་ལྟ་བུའི་མགྱོགས་ཚད་དང་། བྲེལ་ཟིང་ཧ་ཅང་ཆེ་བའི་རྣམ་པ་དེ་མཚོན་པ་མ་ཡིན་ཞིང་། ནད་པ་བསུ་འགྲོ་བ་དང་། ཁལ་རྟ་ཐང་ཆད་པ་ལྟ་བུའི་འགྲོ་སྟངས་དེ་ཡང་མ་ཡིན་ནོ། འོ་ན་གོམ་འགྲོས་བྱེད་སྟངས་དེ་ཇི་ལྟར་མཚོན་པ་ཡིན་ཞེ་ན། མགྲོན་པོ་ས་རུབ་ལ་ཉེ་བ་དང་། འཕར་སྤྱང་གིས་གཟན་འཚོལ་བའི་རྒྱུ་སྟངས་སོགས་ལ་ཁྱི་འདུར་སྤྱང་འདུར་སོགས་སུ་འབོད་པས་ཤེས། ཡིན། རྟ་འདུར་དྲེལ་འདུར་ཟེར་བ་སོགས་ཡོད་ཅིང་། དེ་དག་ཀྱང་མ་མགྱོགས་མ་དལ་བ་ཞིག་གི་འགྲོ་སྟངས་རེད། ལྷག་པར་ལམ་ཐག་རིང་པོ་བགྲོད་དགོས་ན་འགྲོ་སྟངས་འདི་ཉིད་ས་ཆོད་ཆེ་ཞིང་། ཐང་ཆད་དཀའ་བས་གནའ་དུས་སུ་རྟ་འདུར་མ་དེ་འདྲ་ཇག་པ་དང་། ར་མདའ་འགྲོ་མཁན་རྣམས་ལ་ཤིན་ཏུ་གཅེས་པར་བརྩི། རྟ་འགའ་ཞིག་ལྷན་སྐྱེས་ནས་འདུར་མ་དེ་འདྲ་ཡོང་བ་ཡིན། འདུར་འདིའང་གོང་མི་ལ་བྱམས་དང་མི་བྱམས་ཀྱིས་འདུར་དཀར་དང་འདུར་ནག་གཉིས་ཀྱི་དབྱེ་བ་ཡོད་ཀྱང་གཞག མདོར་ན་འདུར་ཞེས་པ་འདི་གོམ་འགྲོས་ལ་སྦྱར་སྐབས་སུ་ཁོང་ནས་གྲིམས་ཤིང་རྣམ་པ་ལྷོད་ཙམ་ཡིན་པའི་གོམ་འགྲོས་བྱེད་སྟངས་ཤིག་ལ་གོ་བ་ཡིན།

གསུམ་པ། འདུར་ཞེས་པ་དགེ་འདུན་པ་རྣམས་ཀྱིས་ཚོགས་འདོན་གསུང་སྟངས་ཁྱད་པར་བ་ཞིག་གི་མིང་ཡིན་ལ་རྩ་བའི་ཆ་ནས་འདོན་པ་དེ་དལ་བྲེལ་གཉིས་སུ་ཕྱེས་ཏེ། དལ་བུ་གསུང་སྟངས་དེ་ལ་ཡང་རྟ་འདུར་དབྱངས་གསུམ་ཞེས་རྣམ་པ་གསུམ་དུ་འགྱུར་བ་ཡིན། རྟ་ཞེས་དབུགས་གཏོང་ལེན་དང་། སྐད་མཐོ་དམན་སོགས་རི་མོར་བྲིས་པའི་རྟ་ལ་ཞོན་ནས་གསུང་རབ་ཀྱི་ཚིག་དོན་ཟབ་མོ་རྣམས་ཡིད་ལ་ཤར་སྒོམ་གྱིས་ཧ་ཅང་དལ་བུར་འདོན་སྟངས་ཤིག་དང་། དེ་ལའང་རྟ་ཆེན་དང་། རྟ་ཆུང་། བར་རྟ་སོགས་གསུམ་དུ་འགྱུར། འདུར་ཞེས་པ་ནི་ཚིག་མཚམས་འགའ་ཞིག་ཏུ་དེ་ལས་ཅུང་ཙམ་མགྱོགས་པའི་སྒོ་ནས་གསུངས་སྟངས་ཤིག་དང་། གདངས་སྙན་ཞིང་ཚིག་གསལ་བའི་སྒོ་ནས་འདོན་སྟངས་དེ་ལ་དབྱངས་ཞེས་སུ་འབོད་ཅིང་། དེ་ལྟར་ནའང་འདུར་ཞེས་པ་མཐའ་གཉིས་སུ་མ་ལྷུང་བའི་མགྱོགས་ཚད་བར་མའི་ཞལ་འདོན་གསུངས་སྟངས་ཤིག་ལ་གོ་དགོས་པར་ཡིན། འདོན་སྟངས་འདི་འདྲ་བ་ལ་འདུར་ཞེས་བཏགས་དགོས་དོན་ཡང་། རྟ་སོགས་སེམས་ཅན་མགྱོགས་ཚད་བར་མའི་འགྲོ་སྟངས་དེ་དང་མཚུངས་པས་ན་དཔེའི་སྒོ་ནས་བཏགས་པར་སེམས་སོ།།

བཞི་པ། དགེ་འདུན་པས་དུང་ཆེན་འབུད་སྟངས་དམིགས་བསལ་བ་ཞིག་ལ་གོ་བ་ཡིན་ཏེ། དེ་ཡང་རག་དུང་ངམ་དུང་ཆེན་འབུད་སྟངས་དེ་ཏིར་འདུར་རྒྱང་གསུམ་ཞེས་འབོད་སྲོལ་འདུག་ལ་དེ་ལྟར་ནའང་། ཏིར་ཞེས་པ་དབུགས་ཤུགས་ཆེན་པོས་སྒྲ་གདངས་ཧ་ཅང་ཕྲ་ཞིང་མཐོ་བ་རྣ་བར་ཏིར་ཏིར་དང་ཚག་སྒྲ་ཡོང་བའི་འབུད་སྟངས་ཞིག་དང་། རྒྱང་ཞེས་པ་ནི་དབུགས་ཤེད་གཉོམ་པའི་ཚུལ་གྱིས་སྒྲ་གདངས་དམའ་མོས་མངོན་ལ་མི་མངོན་པར་རྒྱུན་རིང་པོར་འབུད་སྟངས་ཤིག་ཡིན། འདུར་ཞེས་པ་རྣ་བར་སྙན་ཞིང་ཡུན་ཐུང་ངུར་སྐད་ཤུགས་མཐོ་དམན་རན་པོའི་འབུད་སྟངས་ཤིག་ལ་གོ་བ་ཡིན། དེས་ན་འདུར་ཞེས་པ་འདི་ནི་རྣམ་པ་ཀུན་དུ་ཆེས་མགྱོགས་པ་དང་། ཆེས་དལ་བུར། ཆེས་མཐོ་བ་དང་ཆེས་དམའ་བ་སོགས་ཀྱི་མཐའ་གཉིས་དོར་ཏེ། མགྱོགས་དལ་དང་། གར་སླ། མཐོ་དམན་སོགས་རན་པ་ཞིག་ལ་འཇུག་པར་གདོད་ཤེས་པར་འགྱུར་རོ། ད་ཐེངས་གི་རྒྱུག་འགྲན་འདིར་མགྱོགས་དལ་རན་པ་ཞིག་གིས་འགྲན་བསྡུར་མ་ཡིན་པས་ན་འདུར་རྒྱུག་ཟེར་བའི་ཐ་སྙད་དེ་དོན་གྱི་ཐོག་ནས་འབྱོར་མེད་པ་གསལ་པོ་ཡིན་པ་རེད། གལ་ཏེ་ཁ་བྱང་ལྟ་བུར་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་འདུར་རྒྱུག་ཙམ་ལས་བྱས་མེད་ན་རྟགགས་མ་ལེན་རྒྱུ་ཕར་གཞག་ཇོ་རུས་རྟ་རྒྱུག་བྱས་པ་ལྟར་ལྟད་མོ་ཙམ་ཡང་མཐོང་རྒྱུ་མ་རེད། དེས་ན་ཁ་བྱང་དང་བརྗོད་བྱ་གཉིས་སམ་ཡང་ན་མིང་དོན་གཉིས་གཅོད་པས་རོ་ཁུར་བ་ལྟ་བུར་གྱུར་འདུག་གོ།

ད་འོ་ན། ང་ཚོས་རྒྱུག་འགྲན་འདི་ལ་མིང་ག་རེ་འབོད་དགོས་རེད། བོད་ཡུལ་དུ་མི་རྒྱུག་འགྲན་སྡུར་བྱེད་སྐབས་མིང་ཅི་ཞིག་བཏགས་པ་དྲན་དགོས་པ་གལ་ཆེན་པོ་མ་ཡིན་ནམ། བོད་ཡུལ་གྱི་མི་རྒྱུག་འགྲན་པ་དང་། ད་ཐེངས་རྒྱུག་འགྲན་འདི་གཉིས་ས་ཆ་དང་། ཁོར་ཡུག་མི་སྣ་སོགས་ཀྱི་ཁྱད་པར་ཡོད་ཀྱང་རྒྱུག་སྟངས་ལ་ཁྱད་པ་ཅི་ཡང་མེད་དེ། རང་ནུས་གང་ཡོད་ཀྱིས་བང་བསྐྱེད་དེ་མདུན་ནས་མདུན་དུ་རྒྱུག་རྒྱུ་དེ་རང་རེད། ཁམས་སྟོད་སོགས་སུ་མི་རྒྱུག་གཤིབ། རྟ་རྒྱུག་གཤིབ་སོགས་དང་། བུ་མོ་རྒྱུག་འགྲན་ལ་བུ་མོ་རྒྱུག་གཤིབ་དང་། ཡང་ན་ནག་མོ་རྒྱུག་གཤིབ་སོགས་སུ་འབོད། འདི་དག་གོ་བ་ཟབ་མོ་ཡོད་པའི་མི་ཚིག་རྙིང་པ་རེད། རྒྱུག་གཤིབ་ཟེར་བའི་ཐ་སྙད་འདིས་གང་ཟག་ག་གེ་མོ་ཞིག་རྒྱུག་པ་ཙམ་མ་ཡིན་པར་གང་ཟག་གཞན་ཞིག་དང་། ཁ་གཏད་ཅིག་དང་འགྲན་བསྡུར་བྱེད་ཀྱིན་ཡོད་པར་གཤིབ་ཅེས་པའི་མིང་ཚིག་འདི་ཉིད་བསྟན་པ་རེད། དབྱིན་ཡིག་གི་(Race Walk)ཟེར་བའི་གོ་དོན་ཡང་ཕར་ལ་བསྟུན་མ་དགོས་པར་རང་བཞིན་ཚུར་ལ་འབྱར་ཡོང་བ་འདྲ་ཞིག་མི་འདུག་གམ། ཡིག་ཐོག་ཏུ་འབྲི་སྐབས་འགར། མི་རྒྱུག་འགྲན། རྟ་རྒྱུག་འགྲན། གཡག་རྒྱུག་འགྲན་སོགས་ཟེར། འདི་དག་ཁྱེད་ཅག་ལོ་ཙཱ་བ་རྣམས་དང་གསར་འགོད་པ་རྣམས་ཀྱིས་དོན་ཆུང་དུ་མ་བསམ་པར་བསམ་ཞིབ་ནན་པོ་དང་། དོ་གལ་ཆེན་པོས་གཏན་འབེབས་དགོས་པ་རེད། ང་ཚོའི་བླ་སྲོག་ཏུ་འབོད་པའི་ཡི་གེ་འདི། ང་ཚོ་ཟུང་ཁྲག་ཏུ་བསྙད་པའི་བརྡ་སྤྲོད་འདི། ཕ་མེས་ཀྱི་ཤུལ་བཞག་ནོར་བུ་འདི་ང་ཚོས་བསྲེ་བསླད་ཕྲ་མོ་ཙམ་ཡང་མེད་པར་རྒྱུན་འཛིན་བྱེད་རྒྱུ་དེ་ནི། གསར་གཏོད་དང་། འཕེལ་རྒྱས་ཐམས་ཅད་ཀྱི་རྨང་གཞི་ཡིན་པས་དེ་ལུགས་དགོངས་འཇགས་མཛོད། །

(དེ་ལྟར་ན། རབ་གནས་ཆུ་འབྲུག་ལོའི་ཟླ་དྲུག་པའི་ཚེས་ཉིན། རྒྱལ་སྤྱི་ཨོ་རྩལ་འགྲན་ཚོགས་བུ་མོ་རྒྱུག་གཤིབ་ཀྱི་ཁྲོད་ནས་བོད་གངས་ཅན་མདོ་ཁམས་ཀྱི་བུ་མོ། རྨ་རི་རབ་འབྱམས་རྡོ་རྗེ་དྲག་རྒྱལ་མའི་ཚ་མོ། འབྲོག་མོ་ཆོས་དབྱིངས་སྐྱིད་ཀྱིས་ནུབ་རྒྱ་མཚོའི་ཁུགས་སོ་ནས་མི་རིགས་དང་སྐད་རིགས་མི་གཅིག་ཅིང་། སྐྲ་ལོ་དང་ཤ་མདོག་མི་མཚུངས་པའི་ཤར་ནུབ་ཀྱི་ལྟད་མོ་བ་ལ་ཁའི་རྩི་ཐོག་དང་། ཆུ་ཁའི་བྱེ་མའི་གྲངས་དང་མཉམ་པའི་དབུས། རྒྱུག་གཤིབ་པ་བུ་མོ་དྲུག་ཅུ་ལྷག་གི་ཁྲོད་ནས་མགྱོགས་ཚད་ཨང་རིམ་གསུམ་པར་སླེབས་ཏེ་ཟངས་ས་ལེ་སྦྲམ་གྱི་གཟེངས་རྟགས་དེ། སྙིང་ཁོང་གི་མིག་ཆུ་ཁོག་ཏུ་མིད་ཅིང་། དགའ་སྐྱོའི་ཚོར་འདུ་གདོང་ལ་བསུས་ཏེ། རྒྱལ་ཁ་མིན་པའི་རྒྱལ་ཁ་ཞིག་ཏུ་བརྩིས་ནས་མགུལ་དུ་བླངས་སོང་། གསར་འགོད་པ། མེས་པོའི་རྣམ་ཤེས་ཀྱིས། ཧཧཧཧཧཧཧཧཧ།་རྩེད་མོ་ཡིན། ད་ཉལ་འཕྱིས་སོང་།)

Friday, July 6, 2012

བཀྲ་ཤིས་པའི་ཚིགས་སུ་བཅད་པ།


ཨ་ཕའི་མགོ་ན་ཐོག་སེར་བབས་ཤིང་།།
ཨ་མའི་མགོ་ན་བ་མོ་བཞག་སྟེ།།
མགོན་མེད་དྭ་ཕྲུག་ཙག་གིས་ཁྱེར་དུས།།
ཁྱོད་ནི་ཀུན་ཁྱབ་གདུགས་དཀར་ཆེན་མོ།།

སྐུ་ངོ་སྦལ་པ་ནད་ཀྱིས་ཟིན་དུས།།
མི་སེར་ལྕོང་མོ་མགོ་བོ་སྦོས་དུས།།
ང་ཚོའི་ལས་དབང་ཆུ་ལ་འདྲེས་དུས།།
ཁྱོད་ནི་ཡར་འགྲོ་གསེར་ཉ་སེར་པོ།།

གཞུང་ལུགས་བཤད་ན་རྨ་ཆུ་འགྲོ་འགྲོ།།
གནས་ལུགས་བཤད་ན་འབྲི་ཆུ་འབབ་འབབ།།
གཉིས་ཀ་བཤད་ན་ཟླ་ཆུ་གཞུར་གཞུར།།
འཛད་མེད་བློ་ཡི་བུམ་པ་ཆེན་མོ།།

ལས་དང་དམ་ཚིག་རྨུ་ཐག་གཅིག་གིས།།
མགོ་ནག་བོད་མའི་རལ་པའི་རྩེ་ན།།
སྐྱེ་བ་གཏན་དུ་གདོང་དམར་བ་འདི།།
མཚོན་པར་བྱེད་པའི་པདྨ་དཀར་པོ།།

ཆོས་ལ་ཞེན་ནས་རི་ནས་མ་བུས།།
སྲིད་ལ་ཞེན་ནས་གྲོང་ནས་མ་བུས།།
ཆོས་སྲིད་གཉིས་ཀའི་ཁོག་དབུགས་ལྡན་པའི།།
དུས་རབས་འདི་ཡི་དུང་དཀར་ཆེན་མོ།།

ཆོས་ལུགས་ཆེ་རྣམས་ཞི་བར་མཐུད་ཅིང་།།
སྲིད་གཞུང་ཆེ་རྣམས་མཐུན་པར་བྲེས་ཤིང་།།
ས་སྒང་ཡངས་པོར་བདེ་བར་བསྣོལ་བའི།།
འཇིག་རྟེན་ཞི་བདེའི་པ་ཏྲ་ཆེན་མོ།།

གངས་རི་དཀར་མོ་མེ་ལ་སྦར་དུས།།
ལྷ་ཁང་ཀ་བའི་མགོ་རྟིང་སློག་དུས།།
བཀའ་དང་སྐུ་འདྲ་ཆུ་ལ་བཏབ་ཉིན།།
ཁྱོད་ནི་བསྟན་པའི་རྒྱལ་མཚན་ཆེན་མོ།།

དངུལ་གྱི་ཆེད་དུ་ཤར་ནས་མ་བསྐོར།།
འཁོར་གྱི་ཆེད་དུ་ནུབ་ནས་མ་བསྐོར།།
མི་བུའི་སེམས་ཁམས་ཆོས་དང་སྦྲེལ་བའི།།
སྔ་ན་མེད་པའི་ཆོས་འཁོར་ཆེན་མོ།།

འདི་ལྟར་བཀྲ་ཤིས་རྣམ་པ་བརྒྱད་པོ།།
དོན་གྱིས་དྲིལ་བའི་དྲིན་ཅན་བླ་མ།།
རྡོ་རྗེའི་ཁམས་སུ་སྐུ་ཚེ་བརྟན་ཅིང་།།
མཛད་འཕྲིན་ཡངས་པའི་མཐའ་རུ་སྲིངས་ཤིག།

དེ་སྐད་ཚིག་གི་སྦྱོར་བ་འདི་དང་།།
སྨྱུ་གུ་ས་ལ་འཛུགས་པ་པོ་ཡང་།།
ཁྱེད་ཀྱི་ཕན་བདེའི་གྲིབ་བསིལ་འདི་ལས།།
ནམ་དང་གཞར་ཡང་འདའ་བར་མ་གྱུར།། །།
ཅེས་རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ༸གོང་ས་ལྷ་མའི་རྣམ་འདྲེན་དམ་པ་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་དོན་བདུན་ལ་ཕེབས་པའི་འཁྲུངས་སྐར་ཉིན། གང་གི་རྨད་བྱུང་གི་མཛད་འཕྲིན་རྣམས་ཡིད་ལ་དྲན་བཞིན་དུ་ངག་གི་སྦྱོར་བ་འདི་ཆེད་དུ་བྱས་སོ།།






Monday, March 12, 2012

ལུང་བསྟན་ཤིག་ཐོག་མཛུབ་མོ།




ཉེའི་ཆར་ཁ་འདོན་དེབ་ཆུང་ཞིག་གི་ངོས་ནས་སློབ་དཔོན་པདྨས་མཛད་པའི་བཀའ་བསྡུས་དེ་ཉིད་ཚར་ཞིག་བཀླགས་ཤིང་། ཀློག་བཞིན་ཀློག་བཞིན་སློབ་དཔོན་རིན་པོ་ཆེས་བོད་འབངས་ལ་བརྩེ་བ་ཆེན་པོས་མ་འོངས་པའི་ཇི་ལྟར་འབྱུང་མིན་ལུང་དུ་བསྟན་པའི་རྡོ་རྗེའི་ཚིག་རྐང་དེ་དག་ལ་བསམ་གཞིགས་ཕྲན་བུ་རེ་བྱས། སྤྱིར་ན་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་མ་འོངས་པའི་སྐོར་ལུང་བསྟན་མང་པོ་ཞིག་གསུང་ཡོད་པ་ཡིན་ཞིང་། དཔེར་ན་བདག་ཅག་སྟོན་པས་མ་འོངས་པར་ཁོང་གི་བསྟན་པ་འདི་ཉིད་གང་ནས་གང་དུ་དར་བ་དང་། དེ་དག་འཛིན་སྐྱོང་སྤེལ་བ་ལ་ཟླ་མེད་པའི་ཤིང་རྟ་ཆེན་པོ་གཉིས་སོགས་བསྟན་འཛིན་གྱི་སྐྱེས་ཆེན་ཁྱད་འཕགས་རྣམས་འབྱུང་ཚུལ། དེ་དག་གིས་བསྟན་པ་ལ་བྱ་བ་བྱེད་ཚུལ། དེ་ནས་ཁོང་གི་བསྟན་པ་འདིའི་གནས་ཚད་དང་། དེ་བཞིན་དུ་བསྟན་པ་འདི་ཉིད་འཇིག་ཚུལ་སོགས་གསལ་ཞིང་གསལ་བ་ལུང་དུ་བསྟན་ཡོད་པ་རེད། མ་འོངས་མངོན་གཟིགས་ཀྱིས་གསལ་གསལ་ཐིང་ཐིང་དུ་གསུང་ཡོད་པ་ཡིནའང་ཕྱི་རབས་པས་ལུང་བསྟན་དེ་དག་ལ་གོ་བ་ལེན་སྟངས་འདྲ་མིན་བྱུང་ཡོད་པ་རེད། 
དེ་བཞིན་དུ་སློབ་དཔོན་སངས་རྒྱས་གཉིས་པས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས་ནས་བོད་ཀྱི་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་བའི་སྐབས་སུ་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མ་འོངས་པ་བཙན་པོ་རང་གི་གདུང་རབས་ཇི་ལྟར་འཇིག་ཚུལ་དང་། དེའི་རྗེས་སུ་བླ་དཔོན་རྣམས་ཀྱིས་བོད་འབངས་ཇི་ལྟར་སྐྱོང་ཚུལ། དེ་ནས་མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་ཤོར་ཚུལ། དེ་རྗེས་སྐྱིད་པའི་ཉི་མ་འཆར་རྒྱུ་ཡོད་ཚུལ་སོགས་གསལ་གསལ་ཐིང་ཐིང་བཀའ་བསྡུས་དུ་གསུངས་ཡོད་པ་ཡིན་ནའང་། ཕྱི་རབས་གདུལ་བྱ་རྣམས་ཀྱིས་གོ་བ་ལེན་སྟངས་འདྲ་མིན་བྱུང་ཡོད་འདུག་ཅིང་། རང་གི་གོ་སྟངས་ཤིག་དཔྱད་གཞིའི་ཚུལ་དུ་ཀློག་པ་པོ་རྣམས་ཀྱི་མདུན་དུ་བསྲིང་རྒྱུ་ཡིན།  དེའི་ཚུལ་ནི་གཏེར་སྟོན་ཨོ་རྒྱན་གླིང་པས་གསམ་ཡས་འཆིམས་ཕུ་ནས་གཏེར་བླངས་པའི་བཀའ་བསྡུས་ལས་འདི་ལྟར་གསལ། 
1. རྒྱལ་པོའི་གདུང་རབས་བརྒྱ་དང་བཅུ་གསུམ་ནས༔ 
2. སེ་ཆེན་རྒྱལ་པོས་བོད་ལ་དམག་དྲངས་ནས༔ 
3. བོད་འབངས་ཐམས་ཅད་འཕུང་བའི་གཞི་རུ་འགྲོ༔ 
4. ང་ཡི་ལྷ་ཁང་རྣམས་ཀྱང་འཇིག་པར་བྱེད༔ 
བོད་བཙན་པོའི་རྒྱལ་རབས་བརྒྱ་དང་བཅུ་གསུམ་གསུངས་པ་ནི། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་མར་བགྲངས་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བར་དུ་རྒྱལ་རབས་བྱས་ན་ཉེར་དགུ་ཙམ་ལས་མ་བྱུང་བས། བརྒྱ་དང་བཅུ་གསུམ་གསུངས་པ་ནི་གདུང་རབས་ཀྱི་དབང་དུ་བྱས་ནས་གཉའ་ཁྲི་བཙན་པོ་ནས་བོད་ཡུལ་ཧོར་གྱིས་མ་བཅོམ་པའི་བར་དེར་གདུང་རབས་བརྒྱ་དང་བཅུ་གསུམ་ཙམ་བྱུང་བ་ཡིན་ནམ། ཡང་ན་དེའི་སྔོན་དུ་བོད་དུ་སྐད་གྲགས་ཅན་གྱི་མངའ་མཛད་བཅུ་གཉིས་སོགས་ནས་བགྲངས་ན་རྒྱལ་རབས་བརྒྱ་དང་བཅུ་གསུམ་པ་ལ་བབས་པ་ཡིན་སྲིད། གང་ལྟར་བོད་ཀྱི་གདུང་རབས་བརྒྱ་དང་བཅུ་གསུམ་པ་དཔལ་འཁོར་བཀྲ་ཤིས་བཙན་གྱི་རྗེས་སུ་ཧོར་སེ་ཆེན་རྒྱལ་པོས་བོད་ཡུལ་དུ་དམག་དྲངས་ནས་མི་ཤི་རྟ་འགྱེལ་གྱི་གནས་ཚུལ་ཚབས་ཆེན་བྱུང་བ་དང་། དེ་ནི་བོད་ཡུལ་འདི་ཉིད་འཕུང་འཁྲོལ་གྱི་གཞི་ཆེན་པོ་ཞིག་ཏུ་འགྱུར་འགྲོ་བའི་ལུང་བསྟན། དེ་ནི་མ་འོངས་མངོན་གཟིགས་ཀྱི་ལུང་བསྟན་ངོ་མཚར་བ་ཞིག་ཏེ། དུས་རབས་བཅུ་གསུམ་པའི་ནང་དུ་ཧོར་དོར་རྟ་ནག་པོའི་བོད་ཡུལ་དུ་དམག་བཤམས་ནས་མདོ་སྟོད་ཁོ་ན་ནས་མི་ཁྲི་གསུམ་ཙམ་བསད་པ་ལོ་རྒྱུས་རྣམས་སུ་གྲགས། ཆུ་ལོག་ལྟ་བུའི་དམག་ཤུགས་དེ་རིམ་བཞིན་བོད་ཀྱི་སྟོད་དབུས་གཙང་ཕྱོགས་སུ་ལྷག་ནས་ར་སྒྲེང་དགོན་པ་གཙོས་པའི་བོད་ཀྱི་དགོན་རྙིང་པ་ཁག་གཅིག་ཏུ་གཏོར་བཤིག་དང་། མི་རབས་མང་པོར་གཅེས་ཉར་བྱས་པའི་རིག་དངོས་འཕྲོག་བཅོམ། མདོར་ན་མི་གསོད་རྒྱུ་འཕྲོག་ཀྱི་གནས་ཚུལ་ཧ་ཅང་ཚབས་ཆེན་བྱུང་བ་ཡིན། དེ་ལྟ་བུའི་དམག་ཤུགས་དེའི་ཟིལ་རྔམས་ཀྱིས་གཅིག་གྱུར་གྱི་མགོ་ཁྲིད་མེད་པའི་བོད་ཀྱི་ཡུལ་གྲུ་དེ་ཉིད་འདར་སྐྱོམ་སྐྱོམ་དང་། ཟིང་ཆིལ་ལེ་བཟོས་ནས་ཆོས་ལུགས་དང་གྲུབ་མཐའ་རང་རང་གི་དམག་གི་རྒྱབ་རྟེན་རེ་བཙལ་བའི་མགོ་ཚུགས། དེ་ཡང་ས་འབྲི་ཚལ་གསུམ་གཙོས་པའི་བོད་ཀྱི་ང་ཆེ་ང་གཉན་ཐམས་ཅད་ཀྱིས་ཧོར་གོང་མའི་སྡེ་ཁག་སོ་སོར་ངོ་ཆེན་ཞུས་ནས་བོད་ཡུལ་འདི་ཉིད་གཅིག་གྱུར་མེད་པའི་གནས་བབ་ཙམ་ལས་བརྒལ་ནས། ང་དང་ཁྱོད་ཀྱི་ཕྱོགས་རིས་ཀྱི་ལུང་ཚན་དང་། ཆོས་ལུགས་ཀྱི་ཚོ་ཁག་དུ་མ་ཞིག་ཏུ་གྱུར་ནས་ནམ་ཡང་འདུམ་དཀའ་བའི་དམག་འཁྲུག་དང་། ཕྱོགས་འཛིན་གྱི་དབང་དུ་སོང་ནས་བོད་ཡུལ་འདི་ཞི་བདེ་དང་མཐུན་སྒྲིལ་གྱི་མེད་པའི་འཕུང་འཁྲོལ་གྱི་གཞི་ཆེན་པོ་ཞིག་གི་རྨང་ཚུགས་པར་གསུངས་ཤིང་ཤིན་ཏུ་མད་དོ།།
5. དེ་དུས་ང་སྤྲུལ་ས་སྐྱ་ཞེས་སུ་གྲགས༔ 
6. སྟོད་ཀྱི་ཕྱོགས་ནས་ཡབ་མིང་འཇམ་དཔལ་དང་༔ 
7. ཡུམ་མིང་སྒྲོལ་མ་ཞེས་བྱའི་སྲས་སུ་འཁྲུངས༔ 
8. འགྲོ་མགོན་འཕགས་པ་ཀུན་དགའ་རྒྱལ་མཚན་ཞེས༔ 
9. ང་ཡི་ལྷ་ཁང་རྣམས་ལ་ཞིག་གསོ་བྱེད༔ 
10. གསང་སྔགས་བསྟན་པ་དར་ཞིང་རྒྱས་པར་འགྱུར༔ 
11. བོད་འབངས་སེམས་ཅན་བདེ་ཞིང་སྐྱིད་པར་འབྱུང་༔ 
ཚིག་རྐང་བདུན་པོ་འདིས་ནི་གཙོ་བོ་དཔལ་ལྡན་ས་སྐྱ་པས་ཧོར་གོང་མའི་རྒྱབ་རྟེན་གྱི་ནུས་ཤུགས་ཀྱིས་བོད་ཡུལ་ཀུན་དུ་བཀའ་ལུང་རྒྱུགས་པར་དེ་བསྟན། ད་དུང་བོད་སོག་གཉིས་ཀ་འགྲོ་དོན་དང་མཛད་འཕྲིན་ཆེ་བའི་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་ཡབ་ཡུམ་གྱི་མཚན་དང་། ཁོང་གི་མཛད་འཕྲིན་ལྷ་ཁང་རྣམས་ལ་ཞིག་གསོ་དང་། གསང་སྔགས་ཀྱི་བསྟན་པ་སྤེལ་ཚུལ། བོད་འབངས་སེམས་ཅན་རྣམས་རེ་ཞིག་ཧོར་སོག་དམག་གིས་སྡེབ་གསོད་དང་། འཕྲོག་བཅོམ་སོགས་ཀྱི་གཡང་ས་མང་པོ་ལས་བསྐྱབས་ནས་བཙན་པོའི་རྒྱལ་རབས་ལྟ་བུའི་གཅིག་གྱུར་གྱི་སྒྲིག་འཛུགས་དང་། ཕྱི་སོ་དང་། ནང་སོ་སྲུང་བའི་དམག་གི་དབང་ཤུགས་མེད་ནའང་། ཁ་འཐོར་དུ་གནས་ཤིང་འདི་དགོས་ཀྱི་ལམ་སྟོན་མེད་པའི་བོད་ཡུལ་དེ་ཉིད་རེ་ཞིག་ཆོས་སྲིད་གཉིས་ཀྱི་མཛད་བཟང་ལ་བརྟེན་ནས་བོད་འབངས་རྣམས་བདེ་ཞིང་སྐྱིད་པའི་གྲིབ་བསིལ་སྣུམ་པོ་ལ་ལོངས་སྤྱོད་པའི་གོ་སྐབས་བསྐྲུན་པའི་གནས་ཚུལ་རྣམས་གསལ་བར་བསྟན་འདུག་ཅིང་ལུང་བསྟན་འདི་བོད་ཀྱི་བྱུང་རབས་དང་ཤིན་ཏུ་འབྱོར། 
12. དེ་ནས་བོད་ཀྱི་རྒྱལ་པོ་ཧ་ཐོབ་བྱེད༔ 
13. རེས་འགའ་ཆོས་རྒྱལ་རེས་འགའ་བདུད་རྒྱལ་རེ༔ 
14. ཆོས་རྒྱལ་དེ་ཡིས་ཆོས་ཁྲིམས་ཚུགས་པར་བྱེད༔ 
15. བདུད་རྒྱལ་དེ་ཡིས་ཆོས་ཁྲིམས་བཤིག་པར་བྱེད༔ 
16. དེ་དུས་མི་ལ་དར་རྒུད་སྣ་ཚོགས་འོང་༔ 
དེ་ནས་ནམ་ཞིག་ས་སྐྱ་པས་བོད་ཡུལ་དུ་ལུང་རྒྱུགས་པའི་ལས་དབང་དེ་ཉིད་རྫོགས་པའི་རྗེས་སུ་ཆོས་ཁྲིམས་ཚུགས་པའི་ཆོས་རྒྱལ་རེ་དང་། ཆོས་ཁྲིམས་བཤིག་པའི་བདུད་རྒྱལ་རེ་ཡོང་བ་གསུངས། དེ་ཡང་རྒྱལ་བའི་བསྟན་པ་དང་། བོད་འབངས་ཀྱི་བདེ་སྐྱིད་ལ་དོ་ཁུར་ཅན་གྱི་རིན་སྤུངས་དང་། ཕག་གྲུ། གཙང་པ། དགའ་ལྡན་ཕོ་བྲང་སོགས་སྲིད་སྐྱོང་ཕལ་མོ་ཆེ་རྣམས་ནི་ཆོས་དང་འཇིག་རྟེན་གཉིས་ཀ་ལ་མཛད་རྗེས་ཅན་གྱི་ཆོས་རྒྱལ་རེ་ཡོང་བ་དང་། དེ་ལས་ལྡོག་པ་དབང་ཐང་ལོངས་སྤྱོད་ཁོ་ན་གཙིགས་སུ་བཟུང་ནས་རྫུན་དང་གཡོ་སྒྱུས་བོད་ཁམས་ཡང་ཡང་དཀྲུགས་ཤིང་མཐའ་མ་ཁྱོད་ཤི་ང་གསོན་གྱིས་དམེ་འཁྲུག་བྱས་ནས་རྒྱལ་སར་ཐོན་པའི་ལྷ་བཟང་ཧན་ལྟ་བུའི་བདུད་རྒྱལ་སོགས་ཀྱིས་རེས་མོས་བསྐྱངས་བས་བོད་ཡུལ་དུ་ལུགས་གཉིས་དར་རྒུད་སྣ་ཚོགས་སུ་འོང་པར་གསུངས་པའང་དེ་དེ་བཞིན་ནོ།། 
17. ཐུབ་པའི་ལུང་བསྟན་མདོ་ཁམས་སྒང་ཞིག་ཏུ༔ 
18. ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས༔ 
19. སྐྱེས་བུ་དེར་བྱོན་བོད་ལ་བདེ་སྐྱིད་འཆར༔ 
20. དེ་དུས་དཀར་ཕྱོགས་རྣམས་ནི་སྤོབས་ པ་ཐོབ༔
ཚིགས་སུ་བཅད་པ་འདིས་ནི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་མདོ་རྒྱུད་དུ་མ་ནས་ལུང་དུ་བསྟན་ཅིང་། སྔོན་སྟོན་པའི་དྲུང་དུ་ཤེལ་དཀར་ཕྲེང་བ་ཕུལ་ནས་མ་འོངས་པ་མཐའ་འཁོབ་ཀྱི་ཡུལ་དུ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་སྤེལ་བའི་ཐུགས་བསྐྱེད། བར་དུ་མཉམ་མེད་ཇོ་བོ་རྗེ་དཔལ་མར་མེ་མཛད་སོགས་གང་ལ་གང་འདུལ་གྱིས་སྤྲུལ་པས་བོད་ཡུལ་དུ་སེམས་ཅན་གྱི་དོན་མཛད། མཐར་མདོ་ཁམས་སྒང་སྒང་གི་ཙོང་ཁ་གཡེར་མོ་ཐང་དུ་སྐུ་འཁྲུངས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཞེས་པའི་སྐྱེས་བུ་དེ་ཉིད་བྱོན་ནས་བོད་ཡུལ་དུ་སླར་ཡང་མདོ་སྔགས་ཟུང་འབྲེིལ་གྱི་བསྟན་འདི་ཉིད་ཆེས་ཆེར་གསལ་བར་མཛད་པའི་མཐུས་བོད་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་གསུངས། བདེ་སྐྱིད་པའི་ཉི་མ་འཆར་ཚུལ་གཞན་ཞིག་ནི། སྔོན་ཡུལ་ལུང་གི་གནས་བབ་དང་། བཙན་པོའམ་ཡང་ན་དཔོན་གྱི་དབང་ཤུགས་རེ་རེའི་འོག་ཏུ་བཀའ་རྙིང་ས་གསུམ་སོགས་གྲུབ་མཐའ་རེ་དང་། ཆོས་རྒྱུད་རེ་བྱུང་བ་དང་། ཆོས་བརྒྱུད་རེ་ལའང་དུ་མ་འཐོར་ཏེ། ཡུལ་ལུང་ཉི་ཚེ་བ་རེ་བདག་ཏུ་བཟུང་ནས་སྟོན་པ་གཅིག་གི་སློབ་མ་དང་། དགེ་རྒན་གཅིག་ལས་རྒྱུད་པ་ཡིན་ནའང་རང་རང་གིས་སྲིད་དབང་དུམ་བུ་རེ་བཟུང་སྟེ། ཕན་ཚུན་དམག་འཁྲུག་དང་འཐབ་རྩོད་བྱུང་ནས་བོད་ཀྱི་དབང་ཤུགས་སམ་ཆིག་སྒྲིལ་གྱི་ནུས་པ་ཡོངས་སུ་ཉམས་པ་གྱུར། འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ་འཇིག་རྟེན་དུ་བྱོན་པ་ནས་བཟུང་ཆོས་ཀྱི་དབང་ཤུགས་དང་། བརྟན་ལྷིང་གང་འཚམས་བྱུང་སྟེ། སྲིད་དོན་པའམ་ཡང་ན་སྲིད་ཀྱི་དབང་ཤུགས་ཀྱིས་ཆོས་བརྒྱུད་གཅིག་ལ་སིལ་བུ་མང་པོ་གཏོར་བའི་ནུས་པ་མེད་པར་གྱུར་ནས་དགེ་ལུགས་པའི་རྗེས་སུ་གྲུབ་མཐའ་དང་། ཆོས་རྒྱུད་སྣ་ཚོགས་མ་བྱུང་བ་འདི་ཉིད་ཀྱིས་གཅིག་གྱུར་གྱི་རྨང་གཞི་ཅུང་ཙམ་བརྟན་པོ་གནས་ཐུབ་པ་བྱུང་ཞིང་། དེའི་དབང་གིས་ཕན་ཚུན་གྱི་དམག་འཁྲུག་དང་ཤི་གོད་སོགས་ཀྱང་ཉུང་ངུ་སོང་ཡོད་ངེས་སྟེ། སིལ་བུར་འཐོར་བ་ཉུང་དུ་སོང་བས་སོ། རྒྱུ་མཚན་དེ་དག་ལ་བརྟེན་ནས། སྐྱེས་བུ་དེར་བྱོན་བོད་ལ་བདེ་སྐྱིད་འཆར༔  གསུངས་པར་སེམས་ཏེ་ཤིན་ཏུ་རན་ནོ། 
21. མྱང་སྨད་ཉི་མ་མདོ་རུ་རྫོང་ཞིག་ཆགས༔ 
22. ལྷ་ས་དམར་པོ་རི་ལ་ལྷ་ཁང་འབྱུང་༔ 
23. ང་ཡི་སྤྲུལ་པ་ཨོ་རྒྱན་གླིང་པ་བྱོན༔ 
24. གཏེར་ཁ་ཉི་ཤུ་རྩ་ལྔ་དེ་དུས་འབྱེད༔ 
མྱང་སྨད་ཉི་མ་མདོ་ཡི་རྫོང་དེ་ནི་སྡེ་པ་རིན་སྤུངས་པའི་དུས་སུ་གསར་དུ་བསྐྲུན་པའི་མྱང་སྨད་ཀྱི་གཞིས་ཀ་བསམ་འགྲུབ་རྩེ་གསར་དུ་བཞེངས་པ་དེ་བསྟན་པ་དང་། རྫོང་ཞེས་པའི་དོན་ཡང་བོད་ཡུལ་སྤྱི་ལ་ལུང་རྒྱུགས་པའི་དབང་ཤུགས་དང་མངའ་ཐང་མེད་པར་ས་གནས་ཀྱི་རྫོང་གཞིས་ཙམ་ཞིག་ཡིན་པའི་དོན་དུ་གསུངས།ལྷ་ས་དམར་པོ་རི་༸གོང་ས་ལྔ་པ་ཆེན་པོས་ཞིག་གསོ་དང་རྒྱ་བསྐྱེད་བྱས་ནས་སྲིད་དབང་གི་ལྟེ་གནས་བྱས་པ་དེ་དག་གསུངས་པ་སྣང་། དེ་ནས། ཡར་ལུང་མཐིལ་ནས་རྣམ་སྨིན་སྤྱོད་རྒྱལ་འབྱུང་༔ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ༔ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་༔ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་གཏོན་པའི་རྟགས་པའི་བསྟན་ནས་འབྱུང་༔ གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང་༔ ཞེས་གསུངས་པ་ལྟར་ཆུ་མོ་ཕག་ཕྱི་ལོ་༡༣༢༣ལོར་སྐུ་འཁྲུངས་པའི་གཏེར་སྟོན་ཨོ་རྒྱན་གླིང་པས་པདྨ་བཀའ་ཐང་སོགས་བྱིན་རློབས་ཀྱི་ཚན་ཁ་རྣོ་བའི་གཏེར་ཆོས་མང་པོ་ཞིག་གཏེར་ནས་སྟོན་ཏེ་སེམས་ཅན་གྱི་དོན་སྒྲུབ་པ་དེ་བསྟན་པ་འདྲའོ།། 
25. དེ་སྐད་གསུངས་པས་རྒྱལ་པོའི་སྤྱན་ཆབ་ཤོར༔ 
26. ཡང་གཅིག་ཕྱག་འཚལ་མཎྜལ་ཕུལ་ནས་སུ༔ 
27. འདྲེན་པའི་སྐྱེས་བུ་སློབ་དཔོན་ཆེན་པོ་ལགས༔ 
28. བདག་གི་གདུང་རྒྱུད་འདི་ནས་ག་ཙམ་ཆགས༔ 
29. བོད་འབངས་སེམས་ཅན་བདེ་སྐྱིད་ག་ཙམ་གནས༔ 
30. མ་ཧཱ་གུ་རུ་ཆེན་པོས་གསུངས་པར་ཞུ༔ 
31. ཞེས་ཞུས་ཕྱག་ནི་དབུ་ཐོད་བུད་བུད་འཚལ༔ 
32. དེ་ནས་གུ་རུ་ཆེན་པོས་བཀའ་བསྩལ་པ༔ 
དེ་ལྟར་སློབ་དཔོན་ཆེན་པོས་བོད་འབངས་ལ་ཐུགས་བརྩེ་བ་ཆེན་པོས་འབྱུང་འགྱུར་གྱི་གནས་བབ་མང་པོ་ཞིག་མ་སྐུལ་བར་ལྷུག་ལྷུག་ཏུ་འཆད་པས་རྒྱལ་པོ་མུ་ནེ་བཙན་པོ་ཐུགས་གཡོས་ཏེ། ད་ནི་མ་འོངས་པར་བོད་ཀྱི་རྒྱལ་པོའི་མངའ་ཐང་དང་། འབངས་ཀྱི་བདེ་སྐྱིད་གཉིས་ལ་བཀའ་འདྲི་རེ་ཞུ་བ་དུས་ལ་བབས་སོ་དགོངས་ནས་སློབ་དཔོན་རིན་པོ་ཆེ་ལ་དྲི་བ་འདི་ཞུས་སོ།
33. རྒྱལ་པོ་ཁྱོད་ཀྱི་གདུང་རྒྱུད་འདི་ནས་བཟུང་༔ 
34. སྟོད་ཀྱི་ཕྱོགས་ནས་མེ་ལོང་ཧ་བཏབ་ཡལ༔ 
དེ་ནས་བོད་བཙན་པོའི་གདུང་རྒྱུད་འདི་ནི་བཙན་པོ་དར་མའི་རྗེས་སུ་ཡུམ་བརྟན་དང་། འོད་སྲུང་གཉིས་ནང་མ་འཆམས་པའི་རྐྱེན་གྱིས་སྲིད་དབང་དེ་ཉིད་སྟོད་སྨད་གཉིས་སུ་གྱེས་ནས་སྟོད་ཀྱི་ཕྱོགས་དེར་མངའ་བདག་རིམ་པ་འགའ་ཞིག་བྱོན་ཞིང་བོད་ཀྱི་ཆོས་སྲིད་གཉིས་ལ་མཛད་འཕྲིན་སྲུབ་ཏུ་མེད་པ་འགའ་ཞིག་མཛད་ནའང་། མེ་ལོང་ལ་ཧ་བཏབ་པ་བཞིན་དུ་རིམ་གྱིས་ཡལ་ནས་བཙན་པོའི་གདུང་རྒྱུད་ཀྱིས་བོད་ཡུལ་དབང་ལུང་རྒྱུགས་པའི་ལེའུ་དེ་མཇུག་རྫོགས་འགྲོ་བར་བསྟན། 
35. དེ་རྗེས་བོད་ཀྱི་རྒྱལ་པོ་རེས་མོས་བྱེད༔ 
36. ཁྱད་པར་བྱང་ཆུབ་སེམས་པའི་སྤྲུལ་པ་ཞིག༔ 
37. མདོ་སྡེ་བསྐལ་པ་བཟང་པོའི་མཚན་ཅན་འབྱུང་༔ 
38. གདོང་སྨེ་ཅན་གྱི་བོད་ཀྱི་རྒྱལ་ས་འཛིན༔ 
39. སྐྱིད་པའི་ཉི་མ་རྒྱ་མཐོང་གྲིབ་མ་ཙམ༔ 
ཚིགས་སུ་བཅད་པ་གཅིག་དང་རྐང་པ་གཅིག་པོ་འདིས་ནི། དེ་ལྟར་བོད་བཙན་པོའི་རྒྱལ་རབས་རྫོགས་པའི་རྗེས་སུ་ས་ཕག་རིན་སོགས་རིམ་གྱིས་བྱུང་སྟེ། ཆོས་བརྒྱུད་བླ་ཆེན་ཁག་གིས་རེས་མོས་བྱེད་ནས་བོད་ཡུལ་འདི་ཉིད་བདག་ཏུ་བཟུང་བར་ལུང་བསྟན། ཁྱད་པར་དུ་མདོ་སྡེ་བསྐལ་བ་བཟང་པོའི་མིང་ཅན་འབྱུང་།། ཞེས་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དང་། ཁོང་གི་སྐུ་དུས་སུ་བོད་ཀྱི་གནས་ཚུལ་ཡོ་འཁྱོམ་ཅན་དེ་དག་བསྟན་པའི་མགོ་ཚུགས་སེམས། གདོང་སྨེ་ཅན་གྱི་བོད་ཀྱི་རྒྱལ་ས་འཛིན་པར་གསུངས་པའི་གདོང་སྨེ་སུ་ལ་ཡོད་པར་མི་ཤེས་ནའང་། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ཡིན་ནམ་སྙམ། ལུང་བསྟན་འདི་ཉིད་ཕོ་ལྷ་བ་འབྱོར་ཚུལ་ནི། གོང་ས་རྒྱལ་དབང་རིམ་བྱོན་གྱིས་བསྐྱངས་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་དེ་ཉིད་ཕོ་ལྷ་བས་འཕྲོག་འདོད་ཀྱིས། རྒྱ་ནག་གོང་མར་གསང་འཕྲིན་གཏོང་ནས་རྒྱ་བོད་བར་དུ་ཕྲ་མ་དང་། རྒྱལ་དབང་མཆོག་ལ་མ་ཉེས་ཁ་གཡོག་མང་པོ་ཞུས་ཤིང་། རྒྱལ་བ་བསྐལ་བཟང་རྒྱ་མཚོ་འགར་ཐར་ཕྱོགས་སུ་ཕེབས་དགོས་བྱུང་བ་དང་། ཕྱིས་སུ་རྒྱལ་དབང་མཆོག་རྒྱལ་བའི་གསེར་ཁྲི་ལ་ཕེབས་རྗེས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རབ་ཏུ་རྒྱས་ནའང་། སྲིད་ཀྱི་ཁྲི་ལ་བཞུགས་པ་ཙམ་ལས་སྲིད་ཕྱོགས་ཀྱི་མཛད་པ་ཆེར་བསྐྱངས་རྒྱུ་མ་བྱུང་བ་ནི་ཕོ་ལྷ་བའི་གྲིབ་ནག་གིས་འོག་ནས་ལམ་ལྷོངས་མི་ཡོང་བར་ཡིན་ནོ། མདོར་ན་སྐབས་དེར་གོང་ས་བདུན་པ་མཆོག་ལ་མིང་ཙམ་ལས་ཆབ་སྲིད་ཀྱི་དབང་ཤུགས་ཡོངས་རྫོགས་ཕོ་ལྷ་པའི་ལག་ཏུ་བཟུང་ཞིང་། ཁོའི་ཆབ་སྲིད་དབང་ཆ་སྲ་བརྟན་ཡོང་བའི་ཆེད་དུ་རྒྱ་ནག་གོང་མ་ལ་བརྔན་པ་དང་ངོ་བསྟོད་ཡང་ཡང་བྱས་ནས་ལྷ་ས་རུ་ཨམ་བན་གསར་དུ་བསྐོ་བསྡོད་བྱས། དེ་ནས་བཟུང་བོད་ཀྱི་ལས་དབང་ཡོངས་རྫོགས་གོང་མའི་ཨམ་བན་ལ་ལྟོས་དགོས་པར་བྱུང་བའི་བོད་ཡུལ་རང་དབང་གི་བདེ་སྐྱིད་ཀྱི་ཉི་མ་དེ་ཨམ་བན་གྱིས་རྒྱ་མཐོང་གི་ཉི་འོད་གྲིབ་མས་བཀབ་པ་བཞིན་དུ་ནགས་ཐོམ་མེར་བསྒྱུར་ཅེས་བཤད་ན་དོན་ལ་ཁེལ་བར་སེམས། 
40. རྟ་ལུག་སྤྲེལ་གསུམ་ལོ་རྒྱ་དམག་འོང་༔ 
41. ཆུ་ཕོ་རྟ་ལ་ཡར་ལུང་དམག་སྒར་འཆའ༔ 
42. མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག༔ 
རྟ་ལུག་སྤྲེལ་གསུམ་ནི་རབ་བྱུང་བཅུ་གཉིས་པའི་མེ་རྟ་དང་མེ་ལུག་ས་སྤྲེལ་གསུམ་སྟེ། ཕྱི་ལོ་༡༧༢༦དང་། ༢༧། ༢༨། བོད་དུ་བཀའ་བློན་ནང་འཁྲུག་གི་དུས་ཟིང་ཚབས་ཆེན་བྱུང་ནས་མི་དབང་ཕོ་ལྷ་བས་རྒྱ་ནག་གོང་མ་ལ་གསང་འཕྲིན་གཏོང་ནས་རྒྱབ་རྟེན་དུ་བོད་དུ་ཨམ་བན་གྱི་ཐོག་མར་འབྱོར་བའི་དུས་དེ་རེད། དེའང་གོང་དུ་ལོ་ངོ་གསུམ་གྱི་རིང་དུ་ནང་འཁྲུག་གི་རྗེས་སུ་རྒྱ་དམག་འོང་ནས་བཀའ་བློན་རྣམས་དམར་བསད་གཏོང་ཞིང་བོད་ཀྱི་དབང་ཤུགས་ཕྱི་ཚུལ་ལ་ཕོ་ལྷ་བ་དང་། དོན་དུ་ཨམ་བན་གྱི་བཀའ་བཀོད་ལ་ཉན་དགོས་པའི་དུས་ཟིང་དེ་ཉིད་གསུངས་པར་སེམས། ཆུ་ཕོ་རྟ་ལ་ཡར་ལུང་དམག་སྒར་འཆའ༔ གསུངས་པའི་ཆུ་ཕོ་རྟ་ནི་༡༦༤༢ལོར་ཡར་ལུང་གཙང་སྟོད་དུ་སོག་པོའི་དམག་སྒར་བཅས་ནས་གཙང་པའི་སྡེ་སྲིད་ཀྱི་སྲིད་དབང་གཏོར་སོང་བ་དེ་ཡིན་ནམ། དེ་ལྟར་ན་བོད་ཀྱི་ལོ་རྒྱུས་དང་བསྟུན་ཏེ། ཆུ་ཕོ་རྟ་ལ་ཡར་ལུང་དམག་སྒར་འཆའ༔ རྟ་ལུག་སྤྲེལ་གསུམ་ལོ་རྒྱ་དམག་འོང་༔ ཞེས་འོང་དགོས་པ་འདུག་གོ
43. ཕ་སྤུན་ནང་འཁྲུག་རྟ་སྒོ་སྒང་དུ་འཁྲུགས༔ ཚིག་རྐང་འདི་ནི་བོད་ཀྱི་ནང་ཁུལ་གྱི་རྙོགས་ཟིང་གང་ལའང་སྦྱར་ཐུབ་པ་འདྲ་ཞིག་ཡོད་ཀྱང་། གཙོ་བོ་ནི་ར་སྟག་གཉིས་ཀྱི་ནང་ཁུལ་འཐབ་འཁྲུག་དེ་བསྟན་པ་འདྲ། འདི་ལྟར་བསྟན་དོན་ཡང་རྒྱ་དཀར་ནག་གཉིས་ཀྱི་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་རང་རང་གི་རྐང་པ་བརྟན་པོ་ཚུགས་མེད་པ་དང་། དེ་བཞིན་དུ་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེར་འཛམ་གླིང་དམག་ཆེན་སྔ་ཕྱིའི་འཇུག་ཏུ་རང་རང་གི་འདུག་ཆོས་ཀྱི་ལས་ལ་བྲེལ་ཞིང་། བོད་པ་དེ་ཉིད་ཀྱང་རང་གིས་གོ་སྐབས་ཤིག་ལེན་ཐུབ་ཡོད་ན་འཛམ་གླིང་རྒྱལ་ཁབ་རྣམས་ཀྱི་ཁྲོད་དུ་ས་མིག་ཅིག་ལོན་སྲིད་པའི་དུས་ཚིགས་ཤིན་ཏུ་གལ་གནད་ཅན་གྱི་སྐབས་དེར་ཕུ་ནུ་ནང་འཁྲུགས་བྱས་ནས་བོད་ཀྱི་ཁ་རྗེ་དབང་ཐང་ཆ་ཚང་སྣང་མེད་དུ་བྱས་ཤིང་། རང་ཉིད་ཀྱི་ཁེ་དབང་ཆེད་དུ་ཁྱོད་ཤི་ང་གསོན་གྱི་གཡུལ་འཁྲུགས་ནོར་འཁྲུལ་ཅན་དེ་ཟུར་ཙམ་གསུངས་གནང་བར་སེམས། དེ་ནས་བཟུང་རིམ་གྱིས་ལག་མགོ་ཐར་དུས་པུས་མགོ་བྱས་ནས་མཐར་མ་བོད་ཁམས་འདི་རྒྱ་ཡི་འོག་ཏུ་བཅུག་འགྲོ་བ་གསུང་པ་ནི་དེ་དེ་བཞིན་ནོ།། 
44. བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོན༔ 
45. རྒྱལ་སྲིད་ཆོས་སྲིད་བསྐྱོངས་པའི་ང་སྤྲུལ་འབྱོན༔ 
46. བལ་ཡུལ་རྒྱ་རྫོང་རྣམས་སུ་འཁྲུགས་པ་བྱེད༔ 
47. བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་འཆར༔ 
ཚིགས་སུ་བཅད་པ་འདིས་ནི་བོད་ཡུལ་འདི་ཉིད་རྒྱ་ཡི་འོག་ཏུ་སོང་བའི་རྗེས་ཀྱི་གནས་ཚུལ་བསྟན་ཅིང་ལྷག་པར་དུས་རབས་སྔ་ཕྱིའི་འདི་དག་གི་ནང་དུ་བྱུང་བའི་བོད་ཀྱི་ལས་དབང་དང་འབྲེལ་བའི་གལ་གནད་ཅན་གྱི་བྱུང་བ་ཁག་ཅིག་བསྟན་པའི་རྡོ་རྗེའི་མགུར་ཚིག་གཅིག་སྟེ། དེ་ཡང་ཚིག་རྐང་སྔ་ཕྱིའི་འགྲོས་ལ་མ་ལྟོས་པར་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་རིམ་དང་བསྟུན་ནས་ཞུས་ན་དང་པོར། རྒྱལ་སྲིད་ཆོས་སྲིད་བསྐྱོངས་པའི་ང་སྤྲུལ་འབྱོན༔ ཞེས་བོད་ཀྱི་བཙན་པོའི་རྒྱལ་རབས་ནས་བཟུང་བའི་རྒྱལ་སྲིད་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཆེས་ཐ་མ་བསྐྱོངས་བའི་སློབ་དཔོན་པདྨ་འབྱུང་གནས་ང་ཡི་སྤྲུལ་པ་ལུང་བསྟན་པའི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གངས་ཅན་གྱི་ལྗོངས་འདིར་འབྱོན་ནས་བོད་ཀྱི་ལུགས་ཟུང་གཉིས་པོ་ཧ་ཅང་ཉམས་དམས་དང་། གསོན་རེ་བྲལ་བ་ལྟ་བུའི་དུས་དེར་ཤི་བའི་རོ་ལ་དབུགས་ཐོག་པ་ལྟར་འཛམ་གླིང་གི་ཁྱོན་འདིར་བོད་ཀྱི་ཆོས་དང་རིག་གཞུང་འདི་ཉིད་ལྷང་ངེར་གསལ་བར་མཛད་པའི་རླབས་ཆེན་མཛད་འཕྲིན་དེ་དག་ཟུར་ཙམ་གསུངས། དེ་ནས། བལ་ཡུལ་རྒྱ་རྫོང་རྣམས་སུ་འཁྲུགས་པ་བྱེད༔ ཅེས་བོད་དུ་ཕྱི་ལོ་༡༩༥༩ ལོར་མི་བཟད་པའི་དུས་ཟིང་བྱུང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་སྲུང་བའི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་མི་རྣམས་ཀྱིས་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་། ར་སྨད་གྲུ་ཁ། སོགས་ནས་རིམ་གྱིས་རྒྱུད་དུ་མཐར་བལ་ཡུལ་གློའི་རྒྱ་རྫོང་ནགས་རོང་རྣམས་སུ་གནས་བཅས་ནས་རྒྱ་བོད་བར་དུ་དམག་འཁྲུགས་ཡང་ཡང་བྱེད་པར་ལུང་བསྟན། དེ་ནས། བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོན༔ ཞེས་གསུང་པ་དེ་ལྟར་བཙན་པོའི་རྒྱལ་རབས་ནས་དེ་རིང་བར་དུ་ཆོས་སྲིད་གཉིས་པོ་འདི་གང་ཟག་གཅིག་གིས་དབང་བསྒྱུར་བྱས་ནས་འོངས་པའི་མཐར། འབྲུག་བུམ་ཐང་ཕྱོགས་དང་ཐག་ཉེ་བའི་རྡོ་རྗེ་གླིང་ནས་ཡོང་བའི་རྒྱལ་སྤྱི་ཁྲིམས་ལུགས་འབུམ་རམས་པ་བློ་བཟང་སེང་གེས་སྤུར་རྒྱལ་བཙན་པོའི་དུས་ནས་རིམ་གྱིས་བྱུང་བའི་ཆོས་སྲིད་ལུགས་གཉིས་ཀྱི་གསེར་ཁྲི་ལས་ཟུར་ཆ་གཅིག་གནོན་འགྲོ་བར་གསུངས་པ་མི་འདུག་གམ། འདི་ནས་གོ་བ་ལོག་སྒྲུབ་མ་བྱེད་ཅིག དེ་ནས། བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་འཆར༔ འདི་ནི་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་དགོས་པས་བོད་གཞིས་བྱེས་གཉིས་ཀས་དམ་ཚིག་རྡོག་ཁ་གཅིག་ཏུ་སྒྲིལ་ནས་འབད་འབུངས་བྱས་ན་སྐྱིད་པའི་གོ་སྐབས་ཅུང་ཟད་ཅིག་ཡོད་པར་ལུང་བསྟན་པར་མངོན་ནོ།། དེ་ཡང་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ལམ་གྱི་དགོངས་དོན་ལ་བརྟེན་ནས་འབད་བརྩོན་ལྷོད་མེད་བྱས་ན་གཞིས་བྱེས་གཉིས་ལྷན་འཛོམས་ཀྱི་ཉི་མ་ཞིག་འཆར་བའི་ལུང་བསྟན་ཡིན་གྲང་། ཅུང་ཟད་ཅེས་པའང་ཉུང་ཉུང་དང་ཐུང་ཐུང་ཆུང་ཆུང་སོགས་ལ་འཇུག་པས་འདི་ནི་བོད་གཞིས་བྱེས་ལྷན་འཛོམས་བྱུང་ནའང་བཙན་པོའི་རྒྱལ་རབས་ཀྱི་དུས་དང་། བོད་བླ་མའི་དུས་རབས་ཀྱི་སྐབས་ལྟར་རང་དབང་དང་ཞི་བདེ་མི་འབྱུང་བས་བདེ་སྐྱིད་ཅུང་ཟད་དམ་བདེ་སྐྱིད་ཆུང་ཆུང་ཞིག་གི་ནང་དུ་འཚོ་བ་བསྐྱལ་འགྲོ་བ་གསུངས་པ་འདོད་དོ།། འདི་ནི་བོད་ཀྱི་སྣོིད་བཅུད་ལས་འཕྲོས་པའི་སློབ་དཔོན་གྱི་ལུང་བསྟན་ཐ་མ་དང་། དེའི་ཕན་དུ་ཅི་འབྱུང་གི་ལུང་བསྟན་གསལ་ཁ་མེད་པར་བརྟག་ན། གོང་དུ་ཞུས་པའི་བདེ་སྐྱིད་ཆུང་ཆུང་དེའི་ནང་དུ་འཚོ་བ་བསྐྱལ་རྗེས་རིམ་གྱིས་གོ་ལ་གཅིག་གྱུར་གྱི་འཕེལ་ཁ་འདིའི་འོག་ཏུ་ཚུད་ནས་འཛམ་གླིང་མི་རིགས་ཡོངས་རྫོགས་རང་དབང་དང་། འདྲ་མཉམ། ཐོབ་ཐང་སོགས་གཅིག་གྱུར་དུ་འོངས་བས་བོད་ལ་དམིགས་བསལ་གྱི་འཕེལ་འགྲིབ་འབུར་དུ་དོད་པ་མི་འབྱུང་བས་ལུང་བསྟན་ཡང་དམིགས་བསལ་མ་གསུངས་པ་ཡིན་ནོ།། 
བུ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོན།། ཞེས་པའི་དོན་ལ་ཞབས་དྲུང་ངག་དབང་རྣམ་རྒྱལ་འབྲུག་ཡུལ་དུ་འཕྲིན་ལས་ཤིན་ཏུ་དེ་བས་འབྲུག་ཡུལ་དུ་ཆེ་མཐོང་གང་འཚམས་ཡོད་པས། དེའི་ཡང་སྲིད་གྱིས་འབྲུག་བམ་ཐང་ཕྱོགས་ནས་འབྲུག་རྒྱལ་ཁབ་ཀྱི་ཁྲི་ཡི་ཟུར་ཆ་ནོན་ན་བོད་ལ་སྐྱིད་པའི་ཉི་མ་འཆར་འོང་བར་འགྲེལ་ནས་ཞབས་དྲུང་པ་འབྲུག་པའི་ཁྲི་ལ་འགོད་ཐུབ་པའི་འབད་བརྩོན་བྱས་རབས། ཡང་འགའ་ཞིག་གིས་འབྲུག་པ་འདི་བོད་ཀྱི་ཆ་ཤས་ཡིན་པས་འབྲུག་རྒྱལ་གྱིས་བོད་ཀྱི་ཁྲི་ཡི་ཟུར་ཆ་གནན་ནས་བཞུགས་པས་ལུང་བསྟན་འདི་འབྲུག་པའི་ལས་དབང་ལ་སྦྱར་རྒྱུ་ཞིག་ཡོད་པར་བཤད་པ་སོགས་ནི་སྙིང་པོ་མེད་ཅིང་། གལ་ཏེ་འབྲུག་བམ་ཐང་ནས་གནའ་བོའི་བོད་བཙན་པོའི་ཆབ་འབངས་སུ་གཏོགས་པའི་མི་རིགས་དུམ་བུ་ཞིག་འབྲུག་པའི་ཡུལ་ཞེས་པའི་རྒྱལ་ཁབ་རང་མཚན་པ་ཞིག་གི་རྒྱལ་པོའི་ཁྲི་ལ་བཞུགས་པ་དེ་བོད་རྒྱལ་ཁབ་ཀྱི་ཁྲི་ཡི་ཟུར་ཆ་མནན་སོང་བ་ཡིན་ན། བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་འཆར།། ཞེས་པ་ཇི་ལྟར་འགྲེལ་ཏེ་འགྲེལ་ཚུལ་ཞིག་མེད་པས་ཉི་མ་འཕུད་པའི་བཤད་ཡམས་སུ་ཤེས་པར་བྱའོ།། 
48. སྤྱོད་ངན་རང་གི་བྱས་ནས་དུས་ངན་ཟེར༔ 
49. དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན༔ 
50. དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད༔ 
51. པདྨ་བདག་ལ་གསོལ་བ་རྒྱུན་དུ་ཐོབ༔ 
བསམ་ཡས་མཆིམས་ཕུ་ནས་གཏེར་སྟོན་ཨོ་རྒྱན་གླིང་པས་གཏེར་མ་བཀའ་བསྡུས་ལས་ཟུར་དུ་ཕྱུང་ངོ་།། 
༼འདི་ལ་ཞིབ་ཚགས་དང་དཔྱད་བསྡུར་ཡིད་ཆེས་འཕེར་ངེས་མ་བྱུང་བས་ཀློག་མཁན་རྣམས་ཀྱིས་དགོངས་འཆར་གསུང་རོགས། ༽