Thursday, April 29, 2010

ས་མཐའི་ཡུལ་ཤུལ་བས་གཤིན་པོའི་བདུན་ཚིགས་བརྩི་སྲུང་བྱས་པ།


དེ་རིང་མདོ་ཁམས་ཡུལ་ཤུལ་བ་རང་བྱུང་གི་རྐྱེན་ངན་བྱུང་ནས་ཉིན་གྲངས་བདུན་པ་དང་། ཕྱི་མིག་གཅེར་བཞིན་བཞུད་སོང་བའི་འདས་པོ་དེ་དག་གི་བདུན་ཚིགས་དང་པོ་དེ་རེད། དུས་ཚིགས་འདི་བོད་རྒྱུད་ནང་བསྟན་ཉམས་ལེན་བྱེད་མཁན་དག་གི་དབང་དུ་བྱས་ན་གལ་འགངས་ཆེ་བའི་ཉི་མ་ཞིག་རེད།
དེ་རིང་རྣམ་ཤེས་ཁྲི་སྟོང་མང་པོ་དེ་དག་ལ་ང་ཚོས་གྱེས་མཇལ་ཞུ་དགོས་ལ་མ་བཅོས་པའི་འཛུམ་ཆུང་མདུན་དུ་བསུས་ནས་ག་ལེར་ཕེབས་ཞེས་ཞུ་དགོས། དེས་ན་དེ་རིང་འཛམ་གླིང་གང་སར་འཁོད་པའི་བོད་རིགས་སྤྱི་དང་། ལྷག་པར་ཡུལ་ཤུལ་བ་དེ་དག་གིས་གཤིན་པོ་དེ་དག་ལ་བཀའ་སྡེ་སྡོད་གསུམ་གྱིས་སྐྱེལ་མ་བྱེད་བཞིན་ཡོད་ལ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྫོང་བ་བྱེད་བཞིན་པ་ཡིན། ད་དུང་སེམས་ཁོང་གི་མུན་པ་ཟབ་ས་ནས་སྣང་གསལ་གྱི་མར་མེ་རེ་སྦར་ཡོད་ལ་ཕྱི་མིག་གི་འཁྲེང་ཞེན་རེ་རེ་ལ་མ་ཎི་དྲུག་འགྱུར་གྱིས་ངག་རྟ་རེ་རེ་དྲངས་ཡོད། དེ་ལྟར་དུ་འདི་ན་གཞན་དབང་གི་ལུང་པར་གནས་པའི་ཡུལ་ཤུལ་བ་དེ་དག་གིས་ནམ་ཕྱེད་བར་དུ་གཞུད་ཟིན་པའི་ཕ་མ་སྤུན་མཆེད་རེ་རེའི་འཛུམ་མདངས་ཡིད་ལ་ཤར་བཞིན་དུ་སྨོན་ལམ་དྲི་མ་མེད་པས་རྫོང་བ་བྱས་སོང་། །

ཁྲ་འགུ་དགོན་པའི་ཆགས་འཇིག


ཁྲ་འགུ་དགོན་པ་ནི། མིང་གཞན་ཁྲ་འགུ་བཀྲ་ཤིས་བཤད་སྒྲུབ་ཆོས་འཁོར་གླིང་ཟེར། སྐྱེ་དགུ་གྲོང་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བཅུ་ཙམ་གྱི་སར་གནས་པའི་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་དགོན་སྡེ་རྙིང་པ་ཞིག་རེད། སྤྱིར་ན་དགོན་པ་འདི་དུས་ཟིང་སྔོན་དུ་བླ་མ་བཞི་སྟེ། ཁྲ་ལེགས་སྐྱབས་མགོན་དང་། ཁྲ་འགུ་སྤྲུལ་སྐུ། ཟུར་རུ་སྤྲུལ་སྐུ། བློ་གྲོས་ཉི་མ་བཅས་དང། གྲྭ་པ་༣༥༨ སྐོར་ཞིག་ཡོོད་པ་གསལ། དེང་དུས་སུ་དགོན་པ་འདི་ལ་གྲྭ་གྲངས་སུམ་བརྒྱ་མ་ཟིན་ཙམ་ཞིག་ཡོད་པ་དང་། བླ་མ་ཁྲ་འགུ་སྤྲུལ་སྐུ་རྒྱ་གར་སོགས་སུ་བཞུགས་ཤིང་ཕྱི་ཡི་རྒྱལ་ཁབ་དུ་མ་ཞབས་ཀྱིས་བཅགས་ཤིང་དགོན་པ་འདིའི་ཡན་ལག་ལྟ་བུ་མཁན་ཆེན་ཁྲ་འགུ་རིན་པོ་ཆེས་བཏབ་གནང་མཛད་པའི་རྒྱ་གར་ཝ་ར་ཎསི་དང། བལ་ཡུལ་མཆོད་རྟེན་འགྲམ་སོགས་སུ་དགོན་པ་དུ་མ་ཡོད་པ་ཡིན། ད་ཐེང་ས་འགུལ་འདིས་གོད་ཆག་ཧ་ཅང་ཚབས་ཆེན་ཕོག་སའི་དགོན་པ་དེ་རེད།

ས་འགུལ་མ་བྱུང་གོང་གྲྭ་བཙུན་ཉིས་བརྒྱ་དང་དྲུག་ཅུ་ཡོད་ཅིང་། ས་འགུལ་ཁྲོད་ནས་གྲྭ་བཙུན་སོ་གཅིག་ཚེ་ལས་འདས་པ་དང་། གྲྭ་བཙུན་ཉེར་བདུན་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ནས་ཡོང་བའི་སྨན་བཅོས་རུ་ཁག་གིས་རྨས་ཕོག་པའི་གྲྭ་བཙུན་རྣམས་ལ་སྨན་བཅོས་བྱེད་བཞིན་ཡོད་ལ། གཞན་ཡང་གྲྭ་བཙུན་ལྔ་ད་རུང་གར་སོང་རྙེད་མེད་ཅེས་མཚོ་སྔོན་བོད་ཡིག་གསར་འགྱུར་གྱི་ནང་དུ་བཀོད་འདུག



ས་ཡོམ་གྱི་གོད་ཆག་བྱུང་བའི་ཕྱི་ཉིན་ནས་ཕྱི་རྒྱལ་དུ་བཞུགས་པའི་ཁྲ་འགུ་རིན་པོ་ཆེས་དགོན་པ་དང་། མི་མང་ལ་འཚམས་འདྲི་དང་། དད་ལྡན་རྣམས་ལ་དགོན་པ་བསྐྱར་གཞེངས་ཀྱི་མཐུན་རྐྱེན་སྦྱར་བར་འབོད་སྐུལ་གནང་ཡོད་འདུག
བོད་ནང་དུ་གསར་འགྱུར་ཁག་ཏུ་དགོན་པའི་མིང་དང་། ཆོས་བརྒྱུད་སོགས་ལོག་པ་ཁོ་ན་བཀོད་འདུག་པས་ཆེད་དུ་བྲིས་པ་ཡིན།
དྲ་ཐག་འདི་དག་ལ་གཟིགས་རོགས།

http://www.youtube.com/watch?v=OZfCMgH_n8w&feature=player_embedded
http://zw.tibetculture.net/news_1/update/201004/t20100422_569411.htm

སྐྱེ་དགུ་དགོན་པའི་ཆགས་འཇིག



སྒ་སྐྱེ་དགུ་དོན་འགྲུ་གླིང་། སྐྱེ་དགུའི་གྲོང་ནས་བྱང་ཤར་གྱི་ངོས་སུ་མདའ་རྒྱང་གང་ཙམ་སར་རི་གླང་པོ་ཆེའི་སྤྱི་གཙུག་འདྲ་བ་ཞིག་གི་ཉག་ཏུ་ཆགས་ཡོད། དུས་རབས་བཅུ་བཞི་པའི་ནང་དེར་བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན་གྱིས་བཏབ་པར་གྲགས།
དཔལ་ལྡན་ས་སྐྱ་པའི་རིང་ལུགས་ལ་ས་ངོར་ཚར་གསུམ་ལས་ངོར་པའི་ཁོངས་སུ་གཏོགས། དབུས་ཀྱི་འདུ་ཁང་བསམ་འགྲུབ་རྒྱ་མཚོ་འདི་ཉིད་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གིས་ཞལ་བཀོད་དང་མཐུན་པར་དུས་རབས་བཅོ་བརྒྱད་པའི་ནང་དུ་བཞེངས། དེའི་ལྷོར་ངོས་ཀྱི་རི་གདོང་དུ་ཡོད་པའི་རྒྱ་ནག་བླ་བྲང་དེར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་པ་ཡུན་རིང་དུ་བཞུགས་སྟེ་མཐར་གནས་དེ་ཉིད་དུ་མེ་གླང་ཕྱི་ལོ་༡༩༣༧ལོར་སྐུ་མྱ་ངན་ལས་འདས་པ་ཡིན།

དུས་ཟིང་སྔོན་དུ་དགེ་འདུན་སྟོང་ཕྲག་ལ་ཉེ་བ་དང་། བླ་མ་རྒྱ་ནག་རྟོགས་ལྡན། དབོན་པོ་སྐྱབས་མགོན། དྭའུ་མེར་རྒན་ཏེ་གསུམ་ཡོད་འདུག། དེ་རྗེས་རིག་གནས་གསར་བརྗེ་ཆེན་པོ་སོགས་ཀྱི་སྐབས་སུ་བོད་ཡུལ་སྤྱིའི་ལས་དབང་མཐུན་པར་མི་ནོར་གཉིས་ལ་གོད་ཆག་གསོབ་དུ་མེད་པར་ཕོག་ཡོད་པ་རེད། དེ་ནས་ཕྱི་ལོ་༡༩༨༡ལོའི་ཟླ་༣པའི་ཚེས་༢༣ཉིན་བསྟན་པ་བསྐྱར་དར་གྱི་འགོ་སླངས། དགོན་པའི་བླ་གྲྭ་རྣམས་ཀྱིས་སྣེ་ཁྲིད་ཅིང་། དད་ལྡན་མང་ཚོགས་ཀྱིས་རྒྱབ་སྐྱོར་འོག་དགོན་པ་དེ་ཉིད་ཕྱི་ནང་གང་ནས་ཀྱང་མཛེས་སྡུག་ལྡན་ཞིང་སྒྱུ་རྩལ་གྱི་ཁྱད་ཆོས་རང་བཞིན་ཅན་ཞིག་ཏུ་སླར་གསོ་ལེགས་པར་བྱུང་ཡོད་པ་རེད། མ་ཟད་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་མཛད་པའི་བཤད་སྒྲུབ་གཉིས་ཀྱི་བསྟི་གནས་ཆེན་པོ་ཞིག་ཀྱང་ཡིན།


འོན་ཀྱང་དེ་རིང་རང་བྱུང་གི་འཇིག་པ་འདིས་དགེ་འདུན་པ་འགའ་ཞིག་གི་སྐུ་སྲོག་ཤོར་བ་དང་། འདུ་ཁང་དང་། གྲྭ་ཤག་མང་པོ་ཞིག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག འོན་ཀྱང་རང་ཉིད་ཀྱི་དཀའ་ངལ་ལ་མགོ་བོ་སྒུར་ནས་བསྡད་པར་མ་ཡིན་པར་གནམ་ས་རུ་ལྷུངས་པ་ལྟ་བུའི་གོད་ཆག་འདིའི་ཁྲོད་ནས་གཞན་གྱི་སྲོག་སྐྱོབས་པ་དང་། ཤི་བོའི་ཕུང་པོ་སྦྱོང་བ་སོགས་རླབས་ཆེན་གྱི་ཕྱག་ལས་མང་པོ་གནང་ཡོད་པ་རེད།

རྒྱ་ནག་མཎིའི་ཆགས་འཇིག



རྒྱ་ནག་མ་ཎི་འདི་སྐྱེ་དགུ་གྲོང་ནས་ཤར་ཕྱོགས་སུ་ཀི་ལོ་མེ་ཏྲར་ལྔ་ཙམ་གྱི་སར་སེང་ཟེ་གྲོང་པ་ཟེར་བར་ཆགས་ཡོད། མ་ཎི་འདི་ནི་འཇིག་རྟེན་འདི་ན་ཆེས་ཆེ་བའི་རྡོ་བརྐོས་ཀྱི་མཎི་ཕུང་པོ་དེ་ཉིད་ཡིན་པ་རེད། འདིའི་བྱུང་རབས་ནི། ཁམས་ཆབ་མདོར་འཁྲུངས་པའི་རྟོགས་ལྡན་འཕགས་དབང་ཟེར་བའི་རྣལ་འབྱོར་ཆེན་པོ་དཀའ་དགེ་རིས་མེད་ཀྱི་ཆོས་རྒྱུད་ཉམས་སུ་ལེན་མཁན། རྒྱ་དཀར་ནག་སོགས་གནས་དུ་མར་དབེན་པའི་རི་ཁྲོད་འགྲིམ་པ། ལྷག་པར་རྒྱ་ནག་རི་བོ་རྩེ་ལྔ་ཡུན་རིང་བཞུགས་པས་ས་མིང་མི་ལ་ཐོགས་ནས་རྒྱ་ནག་རྟོགས་ལྡན་ཞེས་པའི་མིང་ཆགས། བྱ་བཏང་བ་ཆེན་པོ་དེས་ཕྱི་ལོ་༡༧༡༥ལོར་མཎི་རྡོར་བརྐོས་གཉིས་གསུམ་ཞིག་བཞག་ནས་ནམ་ཞིག་ན་ཕར་ཕྱོགས་རྟ་པ་མདུང་བཟུང་སོང་ན་ཚུར་ཕྱོགས་ནས་མི་མཐོང་བར་རྒྱས་རྒྱུ་ཡོད་ཅེས་ལུང་བསྟན་ཅིང་ཐུགས་སྨོན་གྱིས་ཕྱག་བཏབ། མིང་ཡང་འདེབས་པོའི་མཚན་ཟུར་ནས་གྲས་ཏེ་རྒྱ་ནག་མ་ཎི་ཞེས་ཐོགས་པ་རེད། དེ་ནས་མ་ཎི་རྡོ་རྐོས་ལོ་རེ་ནས་ལོ་རེ་བཞིན་དུ་ཇེ་མང་དུ་སོང་ནས་དུས་ཟིང་མ་བྱུང་བའི་སྔོན་དུ་རྟོགས་ལྡན་གྱི་ལུང་བསྟན་པ་ལྟར། ཕར་ཕྱོགས་ཀྱི་རྟ་པ་མདུང་བཟུང་མི་མཐོང་པའི་ཚོད་དུ་རྒྱས།

དེ་རྗེས་རིགས་གནས་གསར་བརྗེ་ཆེན་པོ་རྙིང་བཞི་རྩ་གཏོར་ཞེས་པའི་སྐབས་དེར་མ་ཎི་ཕུང་པོ་འདི་ལམ་ཆེན་གྱི་གདན་དུ་གཏིང་པ། དམག་སྒར། སྨན་ཁང་། གཤས་ར། སློབ་གྲྭ། ལས་ཁང་སོགས་དང་། ཐ་ན་གསང་སྤྱོད་རྒྱག་སྤྱད་ཚུན་ཆད་དུ་བེད་སྤྱོད་གཏོང་ནའང་གཏན་དུ་མེད་པར་བཟོ་མ་ཐུབ། དེ་ནས་ཕྱི་ལོ་༡༩༨༦ལོར་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ཉིན་རྒྱ་ནག་སྤྲུལ་སྐུ་བདུན་པས་དབུ་མཛུགས་ཀྱིས་མ་ཎི་འཐོར་བ་རྣམས་བསྡུ་བ་དང༌། གསར་པ་གཞེངས་པའི་འགོ་བཙུགས། དེ་ནས་དད་ལྡན་མང་ཚོགས་ཀྱིས་དང་བླང་གིས་ལམ་ཆེན་གྱི་ཐོག་ནས་འདོན་པ་དང༌། ཁང་པ་སྐྱར་གསོ་སྐབས་སུ་མ་ཎི་དེ་དག་རླངས་འཁོར་གྱི་ནང་དུ་གང་ཐུབ་ཅི་ཐུབ་ཀྱིས་དབོར་འདྲེན་བྱས་པ་རེད། མ་ཟད་འབྱོར་ལྡན་རྣམས་ཀྱིས་གསར་དུ་རྡོ་ཡོན་དང༌། རྡོ་བརྐོ་རྣམས་ཀྱིས་གསར་དུ་བརྐོས་པ་སོགས་ཀྱིས་སྔར་གྱི་མ་ཎི་རྡོ་ཕུང་དེ་ཡི་རྣམ་པ་ཙམ་ཞིག་སླར་གསོ་བྱེད་ཐུབ་པ་བྱུང་ཡོད་པ་རེད། ད་ལྟའི་དུས་སུ་ཤར་ནས་ནུབ་ཏུ་རིང་ཚད་ལ་མེ་ཏྲར་རམ་ཡང་ན་ཕྲག་འདོམ་༢༨༢ཙམ་དང༌། བྱང་ནས་ལྷོ་རུ་ཕྲག་འདོམ་༧༠ལྷག་ཙམ། མཐོ་ཚད་ཀྱང་སྔར་རྟོགས་ལྡན་གྱི་ལུང་བསྟན་གྱི་ཐོག་ཏུ་སླར་ཡང་སླེབས་ཡོད་ཅིང་། ས་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཉིས། ནང་དུ་མ་ཎི་བརྐོས་པའི་རྡོ་ལེབ་དུང་ཕྱུར་ཉིན་ཤུ་ལྷག་བཅས་ཡོད་པའི་རྡོ་བརྐོས་མ་ཎིའི་རྫོང་མཁར་ཞིག་ཏུ་གྲུབ་ཡོད་ལ། དད་ལྡན་པ་དང་བོད་རིགས་མང་ཚོགས་ཀྱིས་ད་རུང་རྒྱུན་མི་ཆད་པར་རྡོ་བརྐོས་མ་ནི་རྩིག་དང་རྩིག་བཞིན་ཡོད་པས། སེང་ཟེར་རྒྱ་ནག་མ་ཎི་རྡོ་རྩིག་དེ་ལོ་རེར་མ་ཎི་བརྐོས་ཡོད་པའི་རྡོ་ལེབ་འབུམ་གསུམ་རེ་རྩིག་པའི་མགྱོགས་ཚད་ཀྱིས་མུ་མཐུད་དུ་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད།
ད་ལྟའི་ཆར་རྒྱ་ཆེའི་ཡུལ་མིས་རྒྱབ་སྐྱོར་གྱིས་ལྷ་ཁང་དང་། མཆོད་རྟེན། འཁོར་ཁང་སོགས་ཀྱང་གྲ་དག་སྤུས་ལེགས་བྱུང་ཡོད། འོན་ཀྱང་དེ་རིང་རང་བྱུང་གོད་ཆག་འདིས་འཁོར་ཁང་དང་། ལྷ་ཁང་སོགས་གཏོར་ནས་རྨི་ལམ་འཁྲུག་པ་ལྟ་བུའི་གོད་ཆག་བྱུང་ཡོད་པ་རེད།།

རེ་ཐག་ཆད་སྟངས་དེ་འདི་རང་རེད།



༡༽དེ་རིང་མདོ་ཁམས་སྐྱེ་དགུ་མདོ་མི་རྒྱུ་གཉིས་ས་འོག་ཏུ་མནན་ནས་ཉིན་གྲངས་བཞི་པ་དེ་རེད། ད་དུང་ཡང་ངུ་ངག་དང་འོ་དོད་ཀྱི་ཀློང་ནས་ཕ་མས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་དང་། ཕྲུ་གུས་རང་གི་མགོ་བོ་སྔས་ས་ཕ་མའི་མིང་ནས་འབོད་བཞིན་འབོད་བཞིན། ལག་པས་མིག་ཆུ་འཕྱིད་བཞིན་འཕྱིད་བཞིན་སྡོད་གནས་རྡིབ་ཤུལ་དག་གིས་མཐའ་ནས་སྐོར་སྐོར་བྱས་ནས་ཤི་གསོན་གཉིས་ཁ་བྲལ་ཟིན་ཀྱང་ད་དུང་ཨུ་ཚུགས་ཀྱིས་རྨི་ལམ་དུ་བསྒྱུར་བའི་དུས་ཚོད་ཅིག་ཏུ་ཁེལ་འདུག འོན་ཀྱང་རྒྱ་ནག་ནང་གི་གསར་ལམ་ཁག་ཏུ་གོད་ཆགས་བྱུང་བ་ནས་ཆུ་ཚོད་༢༢ཚུན་ཆད་དུ་གློག་དང་། གཞུང་ལམ་གེགས་མེད་དུ་གཏོང་རྒྱུ་དང་། དེ་ནས་ཆུ་ཚོད་༤༨ཙམ་ནས་ཟས་གོས་གནས་མལ་སོགས་གྲ་སྒྲིགས་ཐུབ་པ་བྱ་རྒྱུ། ནད་པ་རྣམས་མྱུར་སྐྱོབས་ཐུབ་པ་བྱ་རྒྱུ། སོགས་འཁོད་ཡོད་ཀྱང་དེ་དག་གི་ཡིག་ཐོག་གི་རི་མོ་ཙམ་ཞིག་ལས་དོན་ངོ་མ་ནི་འདི་ལྟར་སྟེ། ད་དུང་ཡང་གློག་བཟོ་ཐུབ་མེད་པ་དང་། རས་གུར་འགའ་ཞིག་བྱུང་ཡང་མ་འདེངས་ནས་མི་མང་སྡོད་གནས་མེད་པར་ཐང་སྟོང་དུ་ལུས་པ། བཟའ་བཅའ་ཡང་དགོན་པ་ཁག་ནས་རླངས་འཁོར་ཁ་ཤས་བྱུང་བར་ཁྲོམ་ལམ་ནས་བགོ་འགྲེམས་བྱས་པས་མི་མང་ཡོངས་ཁྱབ་ཏུ་འདེངས་ངེས་མེད་པ། འབྲི་སྟོད་དང་། རྫ་སྟོད་སོགས་རྫོང་ཁག་གཞན་པ་ལམ་ཐག་མེ་ཏྲར་༢༠༠ནས་༤༠༠བར་དུ་ཡོད་པ་དག་ནས་ཟ་འབྲུ་སོགས་དབོར་འདྲེན་བྱས་དགོས་བྱུང་བ། འབྱུང་བ་འཁྲུག་པས་གནམ་གཤིས་ཤིན་ཏུ་ངན་པ་སོགས་དཀའ་ངལ་སྣ་ཚོགས་ཀྱིས་མནར་ནའང་། བོད་ཡུལ་མདོ་དུས་ཁམས་གསུམ་ནས་བཙན་པོ་གདོང་དམར་བོད་ཀྱི་མི་རྒྱུད་ཡོངས་དང་ལྷག་པར་རྫ་སེར་ཤུལ་དགོན་པ་དང་། ཁམས་གསེར་རྟ་དགོན་པ། མདོ་སྨད་ཀིརྟི་དགོན་པ། ཁམས་ཆབ་མདོ་དགོན་པ་སོགས་ཀྱི་དགེ་འདུན་པ་རྣམས་ཀྱིས་གཞན་ཞིག་དོང་དུ་ལྷུངས་པའི་གནས་ཚུལ་མ་ཡིན་པར་རང་ཉིད་དོང་དུ་ལྷུངས་པའི་འདུ་ཤེས་ཀྱིས་ཡོད་ཚད་བློས་གཏོང་བྱས་ནས་མི་མང་གི་སྲོག་སྐྱོབས་པ་དང་། རོ་བསྡུ་བ། ཕུང་པོ་སྲེག་པ། ཟས་སྐོམ་སྩོལ་བ། སོགས་ཐེག་པ་ཆེན་པོའི་གཞུང་ནས་བཤད་པའི་ཆོས་ཀྱི་ཉམས་ལེན་དེ་དག་དངོས་སུ་ལག་ལེན་གྱིས་འགྲོ་བ་ཡོངས་ལ་མཐུན་དཔེར་བསྟན་བཞིན་ཡོད་པ་རེད། གཞན་ཡང་ཉེ་འཁོར་མི་མང་རྣམས་ནས་ཀྱང་ཆོལ་ཁ་དང་། ཆོས་རྒྱུད་ཟེར་བའི་སྐྱབས་བཅོལ་སྤྱི་ཚོགས་ནང་དུ་སྲོག་བསྡོས་བྱེད་བཞིན་པའིི་འཆིང་རྒྱ་དེ་དག་ཡོངས་སུ་བཅད་ནས་སྐྱེ་དགུ་མདོ་ཁྲག་དང་མིག་ཆུའི་ནང་ནས་མཛུམ་མུལ་མུལ་དང་། འཇམ་བྱིལ་བྱིལ་དུ་ལེན་བཞིན་པ་རེད། དེ་ལྟར་ཤུལ་ལུས་གངས་ཅན་པས་སེམས་པས་སེམས་པ་གླན། ལག་པས་ལག་པ་སྦྲེལ་ནས་སྐྱིད་སྡུག་མཉམ་མྱོང་བྱེད་བཞིན་པ་རེད། སྤྱིར་ན་མི་རིགས་འདི་ནི་རིག་གནས་གསར་བརྗེ་སོགས་དཀའ་སྡུག་ཅི་ཡང་མྱོང་བའི་མི་རིགས་ཤིག་རེད་ལ་ད་ནི་ཅི་ཡང་བཟོད་པའི་མི་རིགས་ཤིག་ཀྱང་གྱུར་འདུག འཛམ་གླིང་ཤར་ནུབ་ངེས་མེད་ཕྱིའི་ཁོར་ཡུག་ཏུ་གནས་པའི་རང་རིགས་གངས་ཅན་པ་ཡོངས་ཀྱིས་ལྷག་བསམ་རྣམ་པར་དག་པས་མ་སྐུལ་དང་བླངས་ཀྱིས་སྐྱེ་དགུ་མདོ་སླར་གསོ་དང་མི་མང་ལ་རོགས་སྐྱོར་ཇི་ལྟར་བྱ་དགོས་པ་དང་། ཇི་ལྟར་གནད་དུ་འཁེལ་བ། རོགས་སྐྱོར་ཇི་ལྟར་ལམ་ལྷོངས་ཡོང་བ་ལ་བསམ་བློ་གཏོང་བཞིན་པ་རེད། དགའ་བ་ལ་ཨང་།
༸གོང་ས་རྒྱལ་བ་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆོས་རྒྱུད་རིས་མེད་ཀྱི་བླ་ཆེན་དང་། གདན་ས་སེ་འབྲས་དགེ་གསུམ་གྱིས་གཙོས་པའི་རིས་སུ་མ་མཆིས་པའི་ཆོས་སྡེ་དག་གིས་ཤི་གསོན་གཉིས་ཀྱི་ཆེད་དུ་ཚོགས་གསོག་དགེ་སྒྲུབ་བྱེད་བཞིན་པ་རེད། ལྷག་པར་༸གོང་ས་མཆོག་ནས་སྐུ་དངོས་ཆེད་ཕེབས་ཀྱིས་ཉམས་ཆུང་འབངས་མི་རྣམས་ཀྱིས་སྡུག་བསྔལ་སེལ་བའི་ཐུགས་མདུན་ཡོད་པར་འཛམ་གླིང་གསར་ལམ་ཁག་ཏུ་བསྒྲགས་བྱུང་བས་རླབས་ཆེན་གྱི་མཛད་འཕྲིན་འདི་དག་འགྲུབ་པའི་བླ་མ་རྒྱལ་བས་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་ན་ཤི་བོ་ཚོའི་རོ་གོ་ཆོད་པ་རེད། བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱིས་ཁ་སྔོན་ཞིག་ཏུ། “ཁྱོད་ཅག་ས་འོག་ཏུ་མནན་པར། ང་ཚོ་བློ་ཕམ་བྱུང་།” ཟེར་བ་ལྟ་བུའི་སྐད་ཆ་ཧྲབ་ཧྲབ་འགའ་ཞིག་བཤད་ནས་བསྡད་པ་མ་གཏོགས་དེ་བྱས་དང་། འདི་བྱེད་ཀྱི་བང་རིམ་ཅི་ཡང་མེད་པར་འཇམ་ཐིང་ངེ་གནས། སྐད་ཆ་འདི་ནི་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་གཅོད་པའི་སྟ་རེ་ཞིག་དང་། ཕུ་ནུའི་བར་གྱི་དམ་ཚིག་གཅོད་པའི་སྤུ་གྲི། དཔོན་འབངས་གྱི་འདུ་ཤེས་གཤིག་པའི་ཐོ་བ། བླ་སློབ་བར་དུ་དཀྲུགས་ཤིང་འཇོག་པའི་ཌ་མ་རུ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཅི་ཡང་མེད་པ་ཡིན། ད་ལྟ་མདོ་ཁམས་ཕྱོགས་ཀྱི་བོད་མི་ཕལ་མོ་ཆེས་རྒྱལ་བ་རིན་པོ་ཆེ་མ་གཏོགས་པར་སྐྱབས་བཅོལ་བོད་ཀྱི་སྒྲིགས་འཛུགས་ཞེས་པ་འདི་དག་དང་། བོད་གཞུང་ཟེར་བ་འདི་དག་ནི་ཡིད་ཆེས་དང་རེ་བ་ཅི་བས་ཆུང་བ་རེད། སྤྱིར་ན་བོད་མི་རྣམས་མང་གཙོའི་གོ་རྟོགས་དང་ཤེས་རིག་མེད་པས་ཡིན་སྲིད་ཀྱང་གཙོ་བོ་ནི་ལོ་རྒྱུས་ཀྱི་བྱུང་རིམ་གྱི་ཁྲོད་དུ་མཐའ་མཚམས་སུ་གནས་པའི་མི་སེར་འདི་དག་ལ་ཕྱི་ཡི་མི་རིགས་ཀྱིས་བཙན་གནོན་དང་། སྡེབས་གསོད། རང་བྱུང་འབྱུང་བའི་གནོད་འཚེ། ས་ཡོམ་དང་། གངས་སྐྱོན། ནང་ཁུལ་བར་དུ་དམེ་འཁྲུག མདོར་ན་མི་ཤི་རྟ་འགྱེལ། ཕོ་གྱོད་མོ་འཁོན། ཁ་ཆགས་སྣ་རལ། གནམ་ས་རུ་རྡིབ་པ་ལྟ་བུའི་གོད་ཆག་རྐྱེན་ངན་ག་འདྲ་བྱུང་ནའང་དེ་ལས་སྐྱོབས་མཁན་ཞིག་དང་། རོགས་པ་བྱེད་མཁན་ཞིག་གཏན་ནས་ཡོང་མྱོང་མེད་པ་རེད། དེ་ནས་རང་བཞིན་གྱིས་རང་ཉིད་ཀྱིས་གོང་ན་དཔོན་པོ་བྱམས་སྐྱོངས་ཅན་ཞིག་ཡོད་པ་མཐོང་མ་མྱོང་ལ། འོག་ན་རང་ཉིད་འབངས་མི་ལྷག་བསམ་ཅན་ཞིག་ཡིན་པའང་དྲན་མ་མྱོང་། དེ་ནས། “ཕོ་སུ་ངར་བྱང་ལུང་སྟོང་པ་རེད།” ཟེར་བའི་གཏམ་དཔེ་དེ་མགོ་འབུས་པ་རེད། དཔེར་མཚོན་ཙམ་ཞུས་ན། བོད་བཙན་པོ་སིལ་བུ་མཐོར་རྗེས་སུ་ཡུལ་ལུང་འདི་དག་ལ་ཆགས་སྒོ་ཉམ་ང་བ་མང་པོ་བྱུང་ཡོད་པ་རེད། ཧོར་དོར་རྟ་ནག་པོ་བྱ་བས་མི་མང་སུམ་ཁྲི་ལས་བརྒལ་བར་བསད་པ་དང་། ནང་གི་ཆག་སྒོ་བེ་རིས་ཡུལ་མི་ཉམས་ཆུང་རྣམས་ལ་ཐབ་ཚོད་གཏོང་བ། དེ་ནས་སོག་པོ་རྟ་ཁྲ་ཅན་གྱིས་ཇག་པ་ལ་རྒྱུགས་ལུང་རྒྱུགས་བྱས་པ། དེ་ནས་མན་ཆིང་གོང་མ་ཡུང་ཏྲིང་གིས་མདོ་སྨད་ཀྱི་ཕྱོགས་ནས་མགོ་བརྩམས་ནས་སྐུ་འབུམ་དགོན་པའི་ཁྲི་པ་མེར་སྲེགས་པ་སོགས་ཀྱིས་མཚོ་སྔོན་ཕྱོགས་དེར་སླེབས་ནས་སྒ་ཡི་ཡུལ་འདིར་འབུར་འཇོམས་ནུས་མེད་བཟོས་པ། དེ་རྗེས་སྟོད་རྒྱ་མཱ་ཁྱི་ཚང་གིས་ནང་ཁུལ་ལ་དབྱེན་སྦྱོར་བྱེད་བཞིན་དུ་སྡེ་པ་མང་པོ་རྩ་མེད་བཟོས་པ་དང་། དེ་ལྟ་བུའི་གོད་ཆག་ཆེ་ཆུང་མང་དུ་བྱུང་ནའང་ཡུལ་ལུང་འདི་ལ་ཁ་ཞེ་གཉིས་མེད་ཀྱི་རོགས་རམ་བྱེད་མཁན་ཞིག་བྱུང་མྱངས་མེད་ན། ད་འོ་ན་རང་ཉིད་སུ་ཡིས་འབངས་མི་རེད། རང་ཉིད་རང་གི་འབངས་མི་ཡིན་པ་ལས་གཞན་གྱི་འབངས་མི་མིན་པར་ཤེས། གནས་སྟངས་དེའི་ལྟ་བུའི་འོག་ནས་ཡུལ་ལུང་འདི་དག་ནི་རིང་མོ་ཞིག་ནས་ཁྲིམས་སྒོ་རང་སྲུང་ཅན་གྱི་ཚོ་པ་ཁྱུ་གཅིག་རེད། དེ་ནས་གཡས་དང་གཡོན་ནས་སུ་ཞིག་སླེབས་ཀྱང་རང་ཉིད་ཁྲག་འཇིབ་མཁན་ཞིག་དང་། པགས་པ་བཤུ་མཁན། མགོ་སྐོར་གཏང་མཁན། བསླུ་བྲིད་བྱེད་མཁན་ཞིག་ཡིན་པ་ལས་རང་ཉིད་ལ་ལྷག་བསམ་དང་ལར་ཞེན་ཅན་ཞིག་ཡོད་པའི་སྣང་བ་འཁོར་མྱོང་མེད། དེ་དག་ལས་མཱ་ཁྱི་ཚང་གི་བཙན་འཛུལ་སྐབས་བོད་དམག་གིས་སྐྱེ་དགུ་མདོར་རོགས་སྐྱོར་དང་སྲུང་སྐྱོབས་ཀྱི་ཆེད་དུ་དམག་དཔུང་གཏོང་ཡོད་ཀྱང་བོད་དམག་དེ་དག་ལ་ཡིད་ཆེས་བྱེད་མ་ཐུབ་པ་རེད། དེ་ནས་ཕྱོགས་གཉིས་ཀ་ལ་གྱོང་རེག་པ་རེད། བོད་དམག་རྣམས་དམག་འཁྲུག་ལས་ཕམ་པ་དང་། ཡུལ་མི་རྣམས་གཞན་གྱི་བཙན་དབང་འོག་ནས་ལངས་མ་ཐུབ་པ་རེད། དེ་དག་ཐམས་ཅད་ཀྱི་འབྱུང་ཁུངས་འདྲ་བ་ནི་ཕན་ཚུན་ཡིད་ཆེས་མེད་པས་རེད། ཡིད་ཆེས་མེད་དགོས་དོན་ཡང་སྔ་མོ་ཞིག་འབྲེལ་ཐག་ཆད་དེ་བྱམས་སྐྱོང་དང་རོགས་རེས། ལྟ་སྐྱོང་མ་བྱས་པའི་རྐྱེན་གྱིས་རེད་སྙམ། ཡུལ་ལུང་འདི་ཡི་བོད་མི་དཀྱུས་མ་རྣམས་ཀྱི་བག་ཆགས་སམ་ཡང་འདུ་ཤེས་རྙིང་པ་འདི་འདྲ་བ་ཞིག་ཡོད་པ་སྟེ། བོད་ཀྱི་སྔོན་རབས་ཀྱི་ལོ་རྒྱུས་ཐོག་ཏུ་ངོ་ཤེས་ཤིང་ནུབ་མི་ཐུབ་པའི་མི་གཉིས་ཡོད་པ་རེད། དེ་ནི་རྒྱལ་པོ་སྲོང་བཙན་སྒོམ་པོ་དང་། ༸གོང་ས་ལྔ་པ་ཆེན་པོ་གཉིས་རེད། ཉེ་དུས་སུ་མི་གཉིས་ངོ་ཤེས་པ་རེད། དེ་ནི་རྒྱལ་བ་བཅུ་བཞི་པ་དང་། པཎ་ཆེན་བཅུ་པ་གཉིས་རེད། རྒྱལ་པོ་སྲོང་བཙན་སྒོམ་པོ་དང་། ༸གོང་ས་ལྔ་པ་ཆེན་པོའི་འབངས་མི་ཡིན་སྙམ་པ་ཞིག་ཡོད་ནའང་བོད་སྡེ་པ་གཞུང་གི་འབངས་མི་ཡིན་བསམ་པ་ཕལ་ཆེར་མེད་པ་རེད། གཞན་བཀའ་ཤག་དང་བོད་སྡེ་པ་གཞུང་ཟེར་བ་དེ་དག་ནི་བྱིས་པ་རྣམས་འཇིགས་སྣང་བསྐུལ་བ་ལ་བེད་སྤྱོད་བྱས་ན་རན་པོ་དང་མཚམས་པོ་ཞིག་ཆགས་རྒྱུ་རེད། དཔེར་ན་བོད་སྡེ་པ་གཞུང་ཟེར་བཤད་ན་ལམ་སེང་རྟ་ལྕག་དང་། ཟངས་རྟ་ཟེར་བའི་མི་གསོན་པོར་མེར་བསྲེག་སའི་ཁྲིམས་ཆས་འགའ་ཞིག་མིག་ལམ་དུ་འདྲེན་ཡོང་བས་ཞེད་སྣང་ཅི་བས་ཆེ་བ་ཞིག་རེད། དེ་ལྟར་བོད་སྡེ་པ་གཞུང་དེ་རྟ་ལྕག་དང་། ཟངས་རྟའི་ངོ་བོར་སུས་བསྒྱུར་པ་རེད། སྐབས་དེ་དག་གི་གཞུང་འཛིན་མི་སྣས་བསྒྱུར་པ་རེད་མ་གཏོགས་འོ་ན་སུ་རེད།


༢༽བོད་དམག་གིས་སྐྱེ་མདོ་སྲུང་སྐྱོབས་བྱེད་པར་སོང་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་རིང་ཡར་ལ་བརྩིས་པའི་མི་ལོ་བརྒྱད་ཅུའི་སྔོན་ཏེ། སྟོད་རྒྱ་མཱ་ཁྱི་ཚང་གིས་དེང་རབས་ཀྱི་མཚོན་ཆ་ལ་བརྟེན་ནས་འབྲོག་ཁུལ་གྱི་མི་རིགས་མང་པོ་སྡེབ་གསོད་དང་། བུ་མོ་རྣམས་ཟི་ལིང་དུ་དམག་སྒར་ལ་མོ་འགྱེད་གཏོང་བ་སོགས་མི་ལ་མ་གྲགས་པའི་ལས་ཀ་མང་པོ་མགོ་རྩོམ་པ་རེད། དེ་ནས་སྐྱེ་དགུ་མདོའི་དཔོན་པོ་འགའ་ཞིག་རྒྱུ་དང་དཔུང་གིས་བསླུས་ནས་དམག་གི་ལྟེ་བ་གྱུར་པའི་ཁ་ཆེའི་ལྷ་ཁང་གསར་དུ་བཙུགས་པ་རེད། དེའི་སྐོར་མདའ་དཔོན་ཤན་ཁ་བ། འགྱུར་མེད་བསོད་ནམས་སྟོབས་རྒྱས་ཀྱི་རང་གི་མི་ཚེ་བྱུང་བ་ལས། "དེ་ནས་མདོ་སྤྱིས་ང་ཕོད་པས་རྣམ་རྒྱལ་རྩེ་ནས་ཕར་རྒོལ་བྱས་མི་ཆོག་པ་དང་། ཟླ་གཉིས་སོང་མཚམས་སུ་ཧོར་ཁོག་ཁུལ་དུ་ས་ཤོར་ཕམ་ཉེས་ཆེ་བས་སྐྱེ་མདོ་འཕྲལ་ལོན་ཐུབ་པར་དགོས་རྒྱུ་ཕེབས་པར་བླ་གཉེར་དང་མཉམ་སྐྱོད་རག་ཤུལ་ཀླུང་ཤོད་དགོན་དུ་རྒྱ་མི་མེད་པས་ས་བཟུང་ཐོགས། ཤུངས་ལའི་ནང་དང། སེར་ཁྱིམ། ཨ་ཤེ་ལ་རྩེར་སྒར་ཕབ། ཆ་མདའ་ནུབ་རི་དང་། ཁ་མདའ་ཤར་རི་བཞུགས་སྐྱེ་མདོ་འཐབ་རྒོལ་སྐབས་འཛིངས་རགས་བཙན་བརྩིགས་དང་། ཞེས་དང་། ཡང་མེ་སྒྱོགས་མགོ་འབྲེལ་གདལ་དངུལ་བསྡུ་ལེན་གྱིས་སྐྱེ་མདོ་རི་རྩེ་འབྱོར་འཕྲལ་ཕ་རོིལ་པོ་དགྲ་རྫོང་སྡིག་ཁུངས་སྤྲད་དེ་མེ་སྒྱོགས་རིམ་འཕེན་གྱིས་སྐྱེ་མདོའི་གཡས་གཡོན་ལུང་ཤུར་ནང་དུ་འགྲོ་བ་ལས་བསྡིགས་སར་མེ་སྒྱོགས་ཕོག་པ་གཅིག་ཀྱང་མ་བྱུང་བས་ཕ་རོལ་པོས་ཚོད་ལོན་གྱིས་ཉིན་རེ་ཉིན་རེ་སྐྱེ་མདོའི་དགོན་ཁག་གི་རི་རྩེ་ནས་རྐང་གླིང་བཏང་སྟེ་ལྷ་གསོ་བྱེད་པ་དང་། སྐྱེ་མདོ་ནས་མེ་སྒྱོགས་ནམ་འཕེན་གྱི་ཚོད་ལ་ཀི་རྒྱག་པ་དང་། འ་འཕྱ་རྒྱག་པ་སོགས་ཀྱིས་ཞབས་འདྲེན་ཆེན་པོ་ཞུས་པ་མ་ཟད་ཁྱོན་མེ་སྒྱོགས་༡༥༡ནས་འཛིང་རགས་ཀྱི་འཁྲིས་ཀྱི་གཡབ་གུར་གཏོར་བ་ཙམ་ལས་མ་བྱུང་སྟབས།" ཞེས་པ་འདི་བོད་ཀྱི་དམག་དཔོན་ཞིག་གཡུལ་དུ་སོང་བའི་ལེའུ་ཞིག་རེད། མཐའ་མ་རྒྱལ་ཕམ་ཇི་བྱུང་གི་སྐོར་ནི། (ཀྱག་ཀྱོག་ཆེ་བའི་གཞུད་ལམ་དང་། འོད་སྟོང་འབར་བའི་མི་ཚེ།)བྱ་བ་ལས། "༡༩༣༡ལོར། བོད་དམག་ཉིས་སྟོང་ཙམ་གྱིས་སྐྱེ་དགུ་མདོར་ཡོད་པའི་མཱ་པུ་ཕྷང་གི་དམག་མི་བཞི་བརྒྱ་ཙམ་ཉིན་ཉི་ཤུའི་རིང་མཐའ་སྐོར་ཡང་མཐར་བོད་དམག་ཚུར་གཏོར་ཕམ་གཏོང་བ་དང་། ཡུལ་མིའི་བཤད་སྲོལ་ལ། སྐབས་དེར་རྣམས་སྲོག་མགོ་གང་ཐོན་གྱིས་ཁ་ནས་རྒྱ་མིའི་མགོ་ལ་རྒྱོབས་ཟེར་བཞིན་མེ་མདའ་གནམ་ལ་འཕེན་བཞིན་བྲོས།" ཟེར་རོ །།

སྐྱེ་དགུ་མདོའི་ཆགས་འཇིག



༡༽ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི། བོད་ཆོལ་ཁ་གསུམ་དུ་ཕྱེ་བའི་ཚེ་ཁམས་པ་དང་། བོད་བཙན་པོའི་སྟོང་སྡེའི་དབང་དུ་བྱས་ན་སུམ་པའི་སྟོང་སྡེའི་ཁོངས་སུ་གཏོགས། གནའ་དུས་རྒྱ་དང་། འ་ཞ། འཇང་། ས་ལ། མི་ཉག་སོགས་མི་རིགས་དུ་མའི་ཚོང་འདུས་ཀྱི་ལྟེ་བ་དང་། ཇ་རྟ་བར་གྱི་ཚོང་ལམ་གྱི་ཕྱོགས་གཅིག་དང་། རྒྱ་དཀར་ནག་བར་གྱི་འགྲུལ་ལམ་ཀྱང་འདི་ནས་བྱེད་སྲོལ་ཡོད། གནའ་དུས་རྒྱ་ཡི་བཙུན་པ་ཐང་སན་ཀྱང་དབུས་འགྱུར་འཕགས་པའི་ཞིང་དུ་ཕེབས་པའི་ལམ་སོ་དང་རབ་སོ་བྱས་པའི་བཤད་རྒྱུན་དང་། དཔང་རྟགས་ཀྱང་བསྟན་དུ་ཡོད། དེ་རྗེས་རྒྱ་བོད་བར་གྱི་གཉེན་འབྲེལ་གྱི་སྐབས་སུ་བཙན་པོ་སྲོང་བཙན་སྒོམ་པོའི་གནའ་མ་འོན་ཤིང་ཀོང་ཅོ་གནས་འདི་ནས་ཡོངས་བ་དང་། ལམ་བར་གྱི་ཚུགས་སོ་བྱས་པའི་སྐོར་བོད་ཀྱི་རྒྱལ་རབས་དག་ན་འཁོད་ཡོད། དེ་ནས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་རྣམ་པ་སྣང་མཛད་འཁོར་དགུ་ཅན་གྱི་བྲག་བརྐོས་ཀྱི་ཡིག་རིགས་དང་། བཟང་པོ་སྤྱོད་པའི་སྨོན་ལམ་འགྱུར་རྙིང་དཔྱད་གཞི་རིན་ཐང་ཅན་སོགས་རྟེན་འགངས་ཆེན་ཡུལ་མིས་འབིས་རྣམ་པར་སྣང་མཛད་ཟེར་བ་མཇལ་རྒྱུ་ཡོད། རྒྱ་ཡིག་ཁག་ན་འོན་ཤིིང་ཀོང་ཅོའི་ལྷ་ཁང་ཞེས་བཏགས། གཞན་ཡང་བོད་བཙན་པོའི་དུས་སུ་བརྐོས་པའི་བྲག་རྐོས་ཡིག་རིས་ཀྱང་ད་ལྟ་ཁྲ་ལམ་མེར་མཇལ་དུ་ཡོད། དཔལ་ལྡན་ས་སྐྱ་པའི་དུས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་གོང་མའི་གཙུག་གཏོར་དུ་འདི་ནས་དད་ལྡན་མི་སེར་གྱི་རེ་བ་སྐོང་བཞིན་དུ་ཕེབས་པ་རེད། དེ་ནས་༸གོང་ས་ལྔ་པ་ཆེན་པོ་རྒྱ་ནག་གོང་མའི་ཕོ་བྲང་དུ་ཆིབས་ཞལ་བསྒྱུར་བའི་སྐབས་ཀྱང་འབྲི་ཆུའི་རབ་སོ་ཆུ་དམར་རབ་བདུན་ཟེར་བའི་གནས་འདི་ནས་ཕེབས་པ་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས། རྒྱལ་བ་སྐལ་བཟང་རྒྱ་མཚོ། པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ་སོགས་ཉི་མ་དང་ཟླ་བ་ལྟར་བུ་བོད་ཀྱི་སྐྱེས་ཆེན་དམ་པ་དེ་དག་གིས་རྒྱ་བོད་བར་དུ་ཆོས་སྲིད་ཀྱི་མཛད་འཕྲིན་ཉི་མའི་རྒྱུ་ལམ་ཡིན་པ་རེད།
ས་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་28.8ཟིན་ཞིང་འདིས་མཚོ་སྔོན་ཞིང་ཆེན་གྱི་ས་ཡི་རྒྱ་ཁྱོན་སྤྱིའི་སུམ་ཆ་གཅིག་ཟིན་པ་ཡིན། ས་ཁྱོན་འདི་བལ་ཡུལ་ལས་ཆེ་བ་དང། ཡུ་རོབ་ཀྱི་ཨོ་སུ་ཁྲི་རེ་ཡ་(austria)ལས་ལྡབ་གཉིས། སུད་སི་(switzerland)ལས་ལྡབ་བཞི་ལས་ཆེ་ངེས་ཡིན། རྨ་ཆུ་དང་། འབྲི་ཆུ། རྫ་ཆུའམ་ཡང་ན་ཟླ་ཆུ་བཅས་ཆུ་མགོ་གསུམ་གྱི་འབྱུང་ཁུངས་དང་། ད་དུང་ཆུ་ཕྲན་དུ་མའི་ཕ་ས་ཡིན་པས་ཨེ་ཤ་ཡའི་བདུད་རྩི་ཆུ་མཛོད་ཆེན་མོ་ཞིག་ཡིན། གཙང་པོ་ཆེན་པོ་འདི་གསུམ་གྱིས་ཕྱི་རྒྱལ་ཁབ་དུ་མའི་སྙིང་གཤག་ནས་མཐར་རྒྱ་མཚོ་ཆེན་པོར་འབབ་པ་རེད། དེ་བཞིན་དུ་སྲིད་པའི་གངས་རི་ལ་མཚོན་ན། བྱང་ཨ་ཆེན་གྭ་ཡུ་སེང་ཐོད། བ་ཡན་ཁྲ་ལ། མཐིང་གི་གདོང་ལ། སྐུ་ལྷ་དར་མདུང་། ཁུ་ནུ་རི་རྒྱུད་སོགས་དང་། གནས་རིའི་དབང་དུ་བྱས་ན་སྒ་སྟོད་ཇོ་བོ། རྒྱམ་རྒྱལ་རྡོ་ཏི་གངས་དཀར། གནས་རི་རྡོ་རྗེ་སེམས་པ། སྐྱོ་བྲག་སེང་གེ་གནམ་མཆོངས། བྱང་གི་རྟ་རྣ་རི་བོ་སོགས་ཡོད། ས་བབ་སྤྱི་ཡི་མཐོ་ཚད་ནི་མཚོ་ངོས་ལས་སྨིས་སམ་ཡང་ན་ཕྲག་འདོམ་4000ལས་བརྒལ་བ་དང་། ཆེས་མཐོ་སར་ཕྲག་འདོམ་6621ཙམ་ཡོད་པ་རེད། ལོ་རེའི་དྲོད་ཚད་ཆ་སྙོམས་བྱས་ན་0.8མ་གཏོགས་མེད་པ་དང་། ནམ་ཟླ་ཆེས་གྲང་བའི་སྐབས་སུ་གྲང་ཚད་42ལ་སླེབས་ཀྱི་ཡོད་པ་རེད། ནམ་ཟླ་ཚ་དུས་སུ་དྲོད་ཚད་མཐོ་ཤོས་སུ་28ཙམ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཧོ་སྨིས་463.7ཙམ་ཡིན། འབབ་ཚད་ལ་ངེས་གཏན་མེ་དེ། 1996ལོར་གངས་སྐྱོན་ཚབས་ཆེན་བྱུང་ནས་མི་ཕྱུགས་གཉིས་ལ་གོད་ཆགས་ཚད་མེད་ཕོགས་ཡོད། ན་ནིང་ལོ་མཇུག་དང་། ད་ལོའི་ལོ་འགོ་འདི་ལ་ཁ་བ་གཏན་ནས་མ་བབ་པས་ལུང་པ་ཡོངས་རྫོགས་ཐལ་མདོག་ཆགས་ཤིང་ཤིན་ཏུ་མི་སྡུག་པ་གཅིག་དང་། དེ་རིང་གི་དུས་སུ་ཡང་རྩི་ཤིང་ཁ་འབུས་ནས་དཔྱིད་ཀའི་རྣམ་འགྱུར་མི་འདུག་ཟེར།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཟེར་བ་འདི་ཕྱི་ལོ་༡༩༥༡ལོའི་ཟླ་བ་༡༢པའི་ཚེས་༢༥ཉིན་དངོས་སུ་བཙུགས། ཡུལ་ཤུལ་ཞེས་མིང་བཏགས་དོན་ནི། སྔ་མོ་ཞིག་ནས་ཡུལ་འདི་ན་ལྡོང་རག་མ་རྒྱལ་མཚན་ཞེས་བྱ་བའི་དཔོན་ཁ་སྟོབས་ཅན་ཞིག་ལ་བུ་ཡུལ་རིས་དང་། དགེ་རིས། རག་རིས་ཞེས་བུ་སྤུན་གསུམ་ཡོད་པར་གྲགས། ཕྱིས་སུ་བུ་སྤུན་གསུམ་པོ་ལུང་པ་གསུམ་གྱི་དཔོན་པོ་རེ་བྱས་ནས་བསྡད་པས་ཡུལ་རིས་ཀྱི་རྒྱུད་པ་ལ་ཡུལ་ཤུལ་དང་། རག་རིས་ཀྱི་རྒྱུད་པ་ལ་རག་ཤུལ། དགེ་རིས་ཀྱི་རྒྱུད་པ་དགེ་ཤུལ་ལམ་དེང་སང་དགེ་རྒྱས་སུ་བཏགས་པ་འདི་དག་ཡིན། དེ་ལྟར་དཔོན་ཉི་ཚེ་དེའི་མིང་ནས་དྲས་ཏེ་བྱེ་བྲག་གི་མིང་སྤྱི་ལ་འཕོས་ནས་ཁུལ་ཡོངས་ཀྱི་མིང་དུ་ཡུལ་ཤུལ་ཞེས་ཐོགས་པ་ཡིན། འོན་ཀྱང་རྒྱ་ཡིག་ཡུས་ཧྲུའུ་ཞེས་པ་འབྲི་བཞིན་པ་རེད་ལ་འབྲི་དགོས་པའི་ཁྲིམས་ཀྱང་བཅས་ཡོད། ཁུལ་འདིའི་མངའ་ཁོངས་ལ་ཡུལ་ཤུལ་རྫོང་དང་། ནང་ཆེན་རྫོང་། ཁྲི་འདུ་རྫོང་། ཆུ་དམར་ལེབ་རྫོང་། འབྲི་སྟོད་རྫོང་། རྫ་སྟོད་རྫོང་བཅས་རྫོང་ཁག་དྲུག་དང་། ཤང་ ༤༧ ། གྲོང་སྡེ་ ༢༥༧བཅས་ཡོད་ལ། བསྡོམས་མི་གྲངས་ཁྲི་28.32ཡོད་ལ་དེའི་ནང་དུ་རྒྱ་རིགས་དང་། སོག་རིགས། ཟ་ལར་གྱི་རིགས། ཧུའུ་རིགས། མན་ཇུའི་རིགས་བཅས་ཡོད་པ་ནས་རྒྱ་ཆ་90ཡན་དུ་བོད་རིགས་ཀྱིས་ཟིན་པར་བཤད། ཆོས་ལུགས་རིས་སུ་མ་ཆད་པའི་དགོན་སྡེ་བརྒྱ་དང་དགུ་བཅུ་གོ་གཅིག་ཙམ་ཡོད། མི་རིགས་རིག་གནས་ཀྱི་དབང་དུ་བྱས་ན་སྒར་པའི་བྲོ་གཞས་དང་། གེ་སར་གྱི་སྒྲུང་། རྟ་བཤད་དང་། སྟོན་བཤད་སོགས་དམིགས་བསལ་འབུར་དུ་ཐོན་པའི་རིག་གནས་ཀྱི་པད་ཚལ་ཅི་ཡང་བཀྲ་བ་ཡིན།
༢༽ཆབ་མདོ་དང་། དར་རྩེ་མདོ། སྐྱེ་དགུ་མདོ་གསུམ་ནི་ཁམས་ཀྱི་མདོ་ཆེན་གསུམ་རེད། སྐྱེ་དགུ་མདོ་ནི་སྔ་དུས་རྒྱ་དང་། མི་ཉག ས་ལ། འཇང་། འ་ཞ་སོགས་མི་རིགས་དུ་མ་ཚོང་འདུས་དང་རྒྱུ་འགྲུལ་གྱི་གནས་ཡིན་པས་ན་སྐྱེ་དགུ་མདོ་ཐོགས། ལྷོ་ནུབ་གཉིས་ནས་ཆུ་བོ་གཉིས་རྒྱུགས་ཏེ་འཕྲད་པས་ས་དབྱིབས་ནོར་བུ་སུམ་ཚུགས་སུ་ཡོད། དེས་ན་སྒ་སྐྱེ་དགུ་ནོར་བུ་གླིང་ཞེས་རང་བསྟོད་བྱེད་སྲོལ་ཡོད། རྒྱ་ཡི་ལོ་རྒྱུས་ལས་འབྲི་ཆུ་སྟོད་རྒྱུད་ཞིག་ཏུ་སུམ་པའི་རྒྱལ་ས་དེ་ཉིད་ཡོད་པར་བཤད་པས་འདི་ཤེད་དུ་མིན་ནམ་སྙམ། དུས་རབས་ཉི་ཤུ་པའི་ནང་དེར་སྟོད་རྒྱ་རྨ་ཁྱི་ཚང་གིས་ཡུལ་འདིར་དམག་འཁྲུག་མང་པོ་བྱེད་མྱངས་ཤིང་བོད་རིགས་དཔའ་བོ་མང་པོ་གོད་ཆགས་འགྲོ་མྱངས། རྨ་ཁྱི་ཚང་གིས་ས་སྒོ་ཟེར་བའི་ལས་ཁང་ཡང་བཙུགས་མྱངས། དུས་ཟིང་གི་སྔོན་དུ་གྲོང་ཁྱེར་འདི་དྭའུ་དཔོན་གྱི་ཁོངས་གཏོགས་རེད། དེ་ནས་རིམ་གྱིས་རྒྱ་ནག་གསར་པས་ཡུལ་ཤུལ་བོད་རིགས་རང་སྐྱོངས་ཁུལ་དང་། ཡུལ་ཤུལ་རྫོང་སོགས་རིམ་པས་བཙུགས་ཡོད། གྲོང་ཁྱེར་དེའི་མཚོན་དོན་འདྲ་བ་ཞིག་ནི་ཉེའི་ཆར་ཕྱི་ལོ་༢༠༠༥ལོ་ནས་འགོ་འཛུགས་ཀྱིས་ཟངས་ས་ལེར་སྦྲམ་ལས་གྲུབ་པའི་གེ་སར་རྒྱལ་པོའི་སྐུ་བརྙན་གདན་ཁྲི་སོགས་ཕུད་པའི་མི་རྟ་གཉིས་རྐྱང་པ་ལ་མེ་ཏྲར་རམ་ཡང་ན་ཕྲག་འདོམ་22.2ཡོད་པ་དང་། གདན་ཁྲི་བཅས་པ་ལ་ཕྲག་འདོམ་25ཙམ་ལས་གྲུབ་པ་འཇིག་རྟེན་འདིའི་ཐོག་ཏུ་གེ་སར་གྱི་སྐུ་བརྙན་ཆེས་ཆེ་བ་ཞིག་རེད། དེ་ནས་བཟུང་གླིང་ག་དེ་ལ་གེ་སར་རིག་གནས་ཐང་ཆེན་ཞེས་མིང་ཡོངས་སུ་བཏགས་ཡོད་པ་རེད། སྐུ་བརྙན་དེ་དེ་རིང་གོད་ཆགས་འདིས་བཤིགས་ཡོད་རབས་མི་འདུག སྤྱིར་ན་ཡུལ་གྲུ་འདི་ནི་དེང་སང་ལོ་རེ་ནས་ལོ་རེ་དཔལ་འབྱོར་དང་། ལ་རྒྱ་གོང་འཕེལ་དུ་འགྲོ་བཞིན་པ་རེད། དེ་ཡང་འབྲོག་ཕྱོགས་ཀྱི་ཐོན་རྫས་རྣམས་རིན་གོང་མཐོ་བ་དང་། ལྷག་པར་དབྱར་རྩྭ་དགུན་འབུ་དང། འབྲོག་ཁྱིའི་རིགས་གོང་ཚད་ཆེན་པོ་ཅན་ཡུལ་ཕྱོགས་འདི་དག་ནས་ཡོང་གིན་ཡོད་པས་འབྱོར་ཕྱུགས་ཀྱི་ལམ་དུ་བསྐྱོད་མུས་ཡིན་ནའང་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་ཞིང་དགེ་བའོ།།

༣༽ས་ཡོམ་གྱི་རིགས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་རྣམ་ཐར་ཏུ་ཕྱི་ལོ་༡༩༤༦ཙམ་དེར་ཡུལ་འདིར་ས་ཡོམ་བརྒྱབ་པ་གསལ་ནའང་མི་ནོར་ལ་གོད་ཆགས་ཅི་ཕོག་གི་གསལ་ཁ་མེད་པ་རེད། ལོ་རྒྱུས་སུ་དེའི་སྔོན་དུ་ས་འགུལ་རྒྱུགས་པའི་གནས་ཚུལ་འཁོད་པ་མ་མཐོང་བས་ཁྱེད་ཅག་ལ་རྒྱུས་འདྲ་ཡོད་ན་གསུངས་རོགས་གནང་། དེ་ནས་ཕྱི་ལོ་༢༠༠༧ལོར་སྤྱི་ཟླ་བདུན་པའི་ནང་དེར་ས་ཡོམ་ཅུང་ཙམ་ཤུགས་ཆེན་པོ་ཞིག་རྒྱབ་འདུག་དེ་ཡང་ད་ལྟའི་ས་ཡོམ་རྒྱག་སའི་ལྟེ་བ་རེད་ཟེར་བ་རག་ཤུལ་སྟོད་སྨད་གཉིས་ཀྱི་ནང་ནས་སྟོད་ཀྱི་ཕྱོགས་དེར་རེད། སྐབས་དེ་དུས་མི་ཤི་རྟ་འགྱེལ་གྱི་གནས་ཚུལ་མེད་ཀྱང་དགོན་པ་འགའ་ཞིག་གིས་འདུ་ཁང་གས་གྲུམ་ཤོར་བ་དང་། གསེར་ཡབ་དང་རྒྱལ་མཚན་གཞུང་དུ་གཡུགས་པ་སོགས་བྱུང་བ་རེད། དབྱར་དུས་ཡིན་པས་འབྲོག་པ་སྦྲ་གུར་གྱི་ནང་དུ་ཡོད་པས་མི་ལ་སྲོག་སྐྱོན་བྱུང་མེད་པ་རེད། འོན་ཀྱང་དེ་ནས་སྐྱེ་དགུ་མདོ་རུ་བར་ཐག་སྤྱི་ལེ་བརྒྱ་སྐོར་ཙམ་ལས་མེད་ཀྱང་ས་ཡོམ་དེའི་ཤུགས་རྐྱེན་སྐྱེ་དགུ་མདོ་རུ་མ་སླེབས་པ་རེད།

༤༽ད་ཐེངས་ཀྱི་དཀའ་ངལ། བོད་ཟླ་གཉིས་པའི་གནམ་གང་གི་ཐོ་རེངས་ཆུ་ཚོད་ལྔ་དང་སྐར་མ་བཞི་བཅུ་ཙམ་ལ་ས་འགུལ་ཕྲན་བུ་བྱུང་བས་སྐབས་དེ་དུས་སུ་འགའ་ཞིག་དོགས་འདྲོགས་བྱས་ནས་སྒོར་ཐོན་ཡོད་འདུག་ལ་དེ་དག་སྲོག་ཉེན་ལས་ཐར་བ་རེད། ད་ཐེངས་གཏན་ནས་ནག་འཇོམས་བྱས་མ་སོང་བའི་རྒྱུ་མཚན་ཡང་སྔོན་བརྡ་ལྟ་བུ་འདར་སིག་ཨེན་ཙམ་ཞིག་སྔོན་ནས་བྱུང་བ་དེའི་བཀའ་དྲིན་རེད་འདུག འདི་ལ་མི་མང་པོས་ཞེད་སྣང་བྱས་འདུག དེ་ནས་ཆུ་ཚོད་གཉིས་ཙམ་གྱི་རྗེས་སུ་སྟེ་ཆུ་ཚོད་བདུན་དང་སྐར་མ་བཞི་བཅུ་ཞེ་དགུ་ཙམ་གྱི་སྐབས་དེར་དངོས་སུ་བདུད་ཀྱི་གཤེད་མ་དེ་ཡོམ་ཡོམ་དུ་རྒྱུགས་ཡོད་འདུག་འདི་ལ་བྲོས་ལོངས་དང་བསམ་ལོངས་ཡོད་མི་འདུག་ལ་སྟེས་དབང་གིས་སྒོ་ཕྱི་ལོགས་སུ་ཡོད་པ་འགའ་ཞིག་དང་། རྣོ་ལྕགས་དང་ཨར་འདམ་གྱིས་བསྐྲུན་པའི་གཞུང་གི་ཁང་བརྩེགས་ནང་དུ་སྡོད་མཁན་དཔོན་པོ་དེ་དག་ནི་སྐྱུགས་མེར་ཨེན་ཙམ་ལངས་པ་ཙམ་ལས་མ་བྱུང་ཡང་། གཞན་བོད་ཀྱི་བཟོ་བཀོད་ཅན་གྱི་ཁང་པར་བསྡད་པའི་བོད་རིགས་ཉམས་ཆུང་ཕལ་མོ་ཆེར་འཆི་བདག་གི་ཁ་སྒོར་དེད་སོང་བ་རེད། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ།
དེ་ནས་ཆུ་ཚོད་བཅུ་གཅིག་ཙམ་གྱི་རྗེས་སུ་ཡང་སྐྱར་ཕྲན་བུ་འདར་བསིག་བྱས་འདུག དེ་ནས་དེའི་ནུབ་མོར་བོད་ཟླ་གསུམ་པའི་ཚེས་གཅིག་གི་དགུང་མོའང་གཡུག་གཡུག་ཐེངས་འགའ་ཞིག་བྱས་ཀྱང་སྐྱོན་ཆེར་མ་བྱས། འདི་ལ་བསམ་ན་ད་ལོ་སྨན་རྩིས་ཁང་གི་ལོ་ཐོ་བསྡུས་པ་དེས་ཅུང་ཞིག་ཐིག་པ་མིན་ནམ། “ལྷོ་ཕྱོགས་སུ་མུ་གེ་དང་ས་འགུལ་ཡོང་ཉེན། དེ་ཡང་བོད་ཟླ་གསུམ་པའི་ཚེས་ཤར་ནས་བོད་ཟླ་བཞི་པའི་ཉེར་གཉིས་ཀྱི་བར་དང་། སླར་ཡང་བོད་ཟླ་བཅུ་གཉིས་པའི་ནང་བཅས་པར་ས་འགུལ་ཡོང་བའི་ཉེན།”ཞེས་གསལ། རྣམ་པ་གཅིག་ཏུ་ན་སྟེས་དབང་གིས་བྱུང་བ་ཡིན་སྲིད། ལྷོ་ཕྱོགས་སུ་ཟེར་བ་ཅུང་ཞིག་འགྲིག་དཀའ་བས་སོ།།

༥༽ད་ཐེངས་ཀྱི་གོད་ཆག་འདི་ལ་དཀའ་ངལ་གཙོ་བོ་གསུམ་སྟེ། དཀའ་ངལ་དང་པོ་དེ་གློ་བུར་དུ་ཁང་པ་བརྡིབས་ནས་མི་མང་པོ་ཞིག་ཁང་པའི་འོག་ཏུ་མནན་པ་རེད། དེའི་སྐབས་སུ་འཕྲལ་མ་ཉིད་དུ་ཤི་མ་ཐུབ་པར་སྐད་ངན་སྣ་ཚོགས་འདོན་པ་ཐོས་ནའང་མྱུར་སྐྱོབས་ཀྱི་ཆ་རྐྱེན་མེད་པས་ཉེ་འཁོར་དག་གིས་ས་སེལ་རྡོ་སེལ་བྱས་ནས་སྲོག་སྐྱོབས་ཐབས་བྱས་ཀྱང་ཉམས་མྱོང་དང། ལག་ཅ་མེད་པས་ཕལ་མོ་ཆེར་སྲོག་སྐྱོབས་མ་ཐུབ་པར་གྲོངས་ཤོར་ཡོད་འདུག ད་དུང་ཡང་ཉིན་ཞགས་ཆ་གཅིག་གི་རྗེས་སུའང་བདག་པོ་མེད་པར་ཁང་པ་བརྡིབས་རོ་མང་པོ་ཞིག་སློག་མ་ཐུབ་ནས་ཤི་གསོན་གྱི་དབྱེ་ཐག་མི་ཆོད་པ་རེད། དགོན་སྡེ་ཁག་ནས་ཡོང་བའི་གྲྭ་པ་དེ་དག་གིས་རང་སྲོག་ལ་ཡེ་ནས་མ་འཛེམས་པར་མིག་ཆུ་འཕྱིད་བཞིན་དུ་དཀའ་ངལ་ཆེ་ས་དང་། ཁུག་དཀྱོག མངོན་ཆུང་དེ་དག་ནས་དངོས་སུ་ལག་པ་བརྐྱངས་འདུག རོགས་སྐྱོར་ས་སློག་མཁན་རྣམས་ཀྱིས་བཤད་དོན། འདི་ན་གློག་དང་། ཆུ། ཟས་གོས། གནས་མལ་སོགས་ཀྱི་ཆ་རྐྱེན་ཡག་པོ་མེད་པས་བཀྲེས་སྐོམ་དང་ངལ་དུལ་གྱིས་ཤི་གྲབས་བྱེད་ཀྱི་འདུག འོན་ཀྱང་འདི་དག་ནི་ཕྱིའི་ཚོར་འདུ་ཙམ་རེད། དཀའ་ངལ་དང་ཡི་ཆད་ཆེ་ཤོས་དེ་ནི་ལག་ཆ་དང་མྱུར་སྐྱོབས་མེད་ནས་སྤུན་ཟླ་དེ་དག་གི་སྲོག་སྐྱོབས་མ་ཐུབ་པ་དེ་རེད་ཨ་ཁ། ཟེར།
དཀའ་ངལ་གཉིས་པ་དེ་ནི་སྐབས་འདིར་རྨས་སྐྱོན་ཕོགས་པའི་ནད་པ་དེ་དག་སྨན་བཅོས་ཚུལ་བཞིན་མ་རེག་པར་ཁྲག་དང་དབུགས་མི་འདེངས་པ་སོགས་བྱེད་དུ་ཡོད་ཀྱང་རྐྱེན་ཕྲན་བུ་མ་ཚང་བ་ཙམ་གྱིས་གྲོངས་ཤོར་གི་འདུག་པས་སེམས་ཕམ་ཅི་བས་ཆེ་བ་འདུག་ཟེར།
དཀའ་ངལ་གསུམ་པ་དེ་ནི་ཤུལ་དུ་ལུས་པའི་དྭ་ཕྲུག་བདག་མེད་དེ་དག་དང་། གཉོར་སྐྱོང་མེད་པའི་རྒན་རྒོན་བདག་མེད་དེ་དག་རེད་ཟེར། འདི་དག་མིག་གིས་མཐོང་བ་ཙམ་གྱིས་དགྲ་ཤ་ཕ་ཡིན་ཀྱང་མིག་ཆུ་ཤོར་ས་རེད་ཟེར། མ་འོངས་པ་འདི་དག་གི་མདུན་ལམ་སྐྱ་ཐིང་ཐིང་དང་། འོག་མོག་མོག་ཅིག་ལས་མེད་པར་བཤད། དེ་རིང་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་བློན་དབུན་ཅ་པའོ་དངོས་སུ་འདིར་སླེབས་ནས་ལས་ཀ་ལ་བཀོད་འདོམས་བྱས། བར་ཆད་འདི་ལས་མྱུར་དུ་སྐྱོབ་པའི་དམ་བཅས་ནས་བུད་སོང་ཟེར། གཞན་ཡང་དམག་མི་རོགས་སྐྱོར་མཁན་དང་། ཕྱི་རྒྱལ་གསར་འགོད་པ་སོགས་རང་དབང་གང་མཚམས་ཀྱིས་སྤྱོད་བཞིན་ཡོད་འདུག་ལ་ནད་པ་ཚབས་ཆེ་བ་འགའ་ཞིག་གནམ་གྲུ་ནང་དུ་རྒྱ་གཏིང་དུ་དབོར་འདྲེན་བྱེད་ཀྱི་ཡིན་ཞེས་བཤད་སོང་ཟེར། འོན་ཀྱང་ཤི་བའི་ཁ་ཚོན་ནི་སུས་ཀྱང་མི་ཆོད་སྟེ། སུས་ཀྱང་གྲངས་འདྲེན་བྱེད་མི་ཐུབ་པའི་ཕྱིར། ཁ་སང་རོ་ལོན་པ་རྣམས་དེ་རིང་ནས་བྱ་ཁྱིར་གཏོར་ཚར་སོང་། དེ་རིང་ང་ཚོའི་ཕ་ཡུལ་དགོན་པ་ཞིག་དུ་དུར་ཁྲོད་ཆུང་ཆུང་ཡོད་དེའི་སྒང་དུ་རོ་བཅུ་གསུམ་བྱ་ལ་གཏོར་བ་ཡིན་ཟེར། ད་དུང་བརྒྱ་ལྷག་ཙམ་ཞིག་ལྷགས་འདུག་པས་སང་ཉིན་ནས་བྱ་ཡིས་དེ་ཙམ་མང་པོ་ཟ་རོགས་བྱེད་ཨེ་ཡོང་ན་ཟེར། ད་མི་བཤད་དཀོན་མཆོག་མཁྱེན་མིག་ཆུ་ཆོད་ཐབས་མི་འདུག

Wednesday, April 7, 2010

གཅིག་གཏན་ལ་ཕབ། གཉིས་སྒྲོ་འདོགས་ཆོད།

ཀ་ལནྜ་ཀ་ཞེས་བྱ་བའི་སྲོག་ཆགས་འདི་ཉིད་མདོ་རྒྱུད་བསྟན་བཅོས་ཀྱི་ནང་དུ་ཡང་ཡང་འབྱུང་བའི་སྲོག་ཆགས་ཤིག་ཡིན་ནའང་། ཡང་སྙིང་སྲོག་ཆགས་སུ་ཞིག་ཡིན་པ་ཏན་ཏན་མེད་པར་ཕྱོགས་གཉིས་སུ་གྱེས་ཡོད། དེ་ཡང་མདོ་རྒྱུད་བསྟན་བཅོས་ཕལ་མོ་ཆེའི་ནང་དུ་འདི་ཉིད་བྱ་ཞིག་ཡིན་པར་ངོས་འཛིན་གྱིས་བྱ་ཀ་ལནྜ་ཀ་ཞེས་གྲགས་བཞིན་པ་ཡིན། སྡེ་དགེའི་བཀའ་འགྱུར། འདུལ་བ། ང། ༧༧ལས།་་་་་་་་་་་་་་་"དེ་ནས་སྦྲུལ་གདུག་པ་དེས་རྒྱལ་པོའི་དྲུང་ན་སྒྲ་མི་གྲགས་པ་རིག་ནས་རྒྱལ་པོ་ལ་གཟུང་བའི་ཕྱིར་ཚང་ནས་བྱུང་སྟེ་ཆས་སོ།། རྒྱལ་པོའི་བསོད་ནམས་ཀྱི་མཐུས་བྱ་ཀ་ལན་ད་ཀ་ཞེས་བྱ་བ་དེ་རྣམས་ཀྱིས་སྦྲུལ་གདུག་པ་དེ་ཀུན་ནས་བསྐོར་ནས་ཙི་ཙིའི་སྒྲ་ཕྱུང་ངོ།།" ཞེས་སྦྲུལ་མཐོང་ན་ཙི་ཙིའི་ཞེས་པའི་སྐད་འབྱིན་པའི་བྱ་ཞིག་ཡིན་པར་གསུངས། མ་ཟད་ལེགས་སྦྱར་གྱི་སྐད་དུ་བྲིས་པའི་རྟོགས་བརྗོད་བརྒྱ་པའི་ནང་དུ་བྱ་ཀ་ལནྡ་ཀ་ཞེས་བྲིས་ཡོད་པ་དང་། དེ་དང་མཚུངས་པར་ལེགས་སྦྱར་གྱི་ཚིག་མཛོད་འགའ་ཞིག་ཏུའང་སྲོག་ཆགས་འདི་ཉིད་བྱ་རིགས་ཤིག་ཡིན་པར་འགྲེལ་བཤད་བྱས་ཡོད་པར་རང་གི་མཆེད་གྲོགས་ཨཅཱརྱ་ཞིག་གིས་གསུངས།

འཇམ་དབྱངས་བཞད་པའི་བྱ་ཀ་ལན་ཏ་ཀའི་དྲིས་ལན་བྱ་བ་ལས།
ཀ་ལན་ཏ་ཀ་འཕྲུལ་གྱི་གཤོག་པ་ཅན།།
ཁ་ནས་ལེགས་བཤད་སྨྲ་བའི་ངོ་མཚར་བྱ།།
ག་ཞིག་གཞན་ལ་དར་ཅིག་མ་འཕུར་བར།།
ང་ཡི་ས་ལ་བག་ཕེབས་གླེང་མོལ་བྱ།།
ཞེས་གནའ་དེང་མཁས་པ་ཕལ་མོ་ཆེས་དབྱངས་གཅིག་མགྲིན་གཅིག་གིས་བྱའི་རིགས་ཤིག་ཡིན་པར་གསུངས་ཡོད། འོ་ན་དེ་འདྲ་བའི་བྱ་དེ་གང་ཡིན་ཟེར་ན། དངུལ་ཆུ་དྷརྨ་བྷདྲས། མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིག་ལས། ཀ་ལནྜ་ཀ་མཆིལ་པའི་མིང་།། ཞེས་མཆིལ་པའམ་ཁང་བྱེའུ་མིང་དུ་གྲགས། དེ་ནས་ཕྱི་རབས་པས་དག་ཡིག་དང་ཚིག་མཛོད་རྣམས་སུ་མཆིལ་པའམ་ཡུལ་སྐད་དུ་ཁང་བྱེའུ་ཡིན་པར་ངོས་འཛིན་བྱས་ཟིན་པ་ཡིན།
དེ་ལས་ལྡོག་སྟེ་སྨྲ་བ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། "ཀ་ལནྟ་ཀ་ནི་འདུལ་བའི་ཚིག་མང་པོར་སྲོག་ཆགས་ཀ་ལནྟ་ཀ་ཞེས་བསྒྱུར་ཅིང་སྲོག་ཆགས་ནི་བོད་རང་སྐད་འཆར་ཅན་པར་དུད་འགྲོ་རྐང་བཞི་པའི་མིང་ཙམ་ཡིན་ལ། འོན་ཀྱང་སྐབས་འགར་བྱ་ཀ་ལནྟ་ཀ་ཞེས་བྲིས་མོད། སྲེ་མོང་རང་དུ་འདུག འདིས་ཚང་ཤིང་རྩེར་བྱེད་པས་བྱར་འཁྲུལ་སྙམ་ཡོད། རྒྱ་ནག་ལ་ཡང་འདི་བྱ་ཞིག་གི་མིང་དུ་བྱས་ཡོད་ཟེར། རྒྱབ་གཞུང་དུ་གར་ཤ་ཡོད་པ་སི་ཏཱ་སྲིན་པོས་ཁྲིད་ཚེ་འདིས་སེམས་གསོ་བཏང་བས་རཱ་མས་ལག་པས་བྱིལ་བྱིལ་བྱས་པའི་ཤུལ་ཡིན་སོགས་ཟེར། འདིའི་མིང་ལ་མངོན་བརྗོད་དུ་རྒྱབ་ཁྲ་ཟེར་བ་དེ་ལ་བྱེད་པ་ཡིན་འདུག སྦྲུལ་མཐོང་ན་སྐད་འབྱིན་པ་ཡང་ཡོངས་གྲགས་ཡིན། འོད་མའི་ཚལ་གྱི་ཤུལ་ན་ཤིན་ཏུ་མང་བ་སྙམ་བྱེད།" ཅེས་གསུང་། འདི་དག་མཁས་པ་ཆེན་པོའི་གསུང་ཡིན་ནའང་དོགས་པ་འགའ་ཞིག་འདུག་པ་རེ་རེ་ནས་བསེད་དཀྲོལ་བྱས་ནས་སྲོག་ཆགས་འདི་ཉིད་ཀྱི་ངོ་གདོང་ངོ་མ་དེ་མཐོང་བ་འདོད།

༡༽འདུལ་བའི་ཚིག་མང་པོ་སྲོག་ཆགས་ཀ་ལནྜ་ཀ་ཞེས་བསྒྱུར་ཡོད་ཟེར་བ་མི་འཐད་དེ། གལ་སྲིད་སྲོག་ཆགས་ཀལནྜ་ཀ་ཟེར་ན་སྲོག་ཆགས་ལ་རི་དྭགས་དང་། གཅན་གཟན། འདབ་ཆགས་སྣ་ཚོགས་པ་ཡོད་པ་ལས་སུ་ཡིན་ནམ་སྙམ་པའི་དོགས་པ་འབྱུང་བ་རེད། གནད་ཀ་འདི་ལ་དམིགས་ནས་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཤིང་དང་། ཡུལ། མེ་ཏོག སྲོག་ཆགས་ཀྱི་རིགས་དེ་དག་བོད་སྐད་དུ་བསྒྱུར་བའི་དུས་ཡིད་ལ་གོལ་ས་དང་། བརྗོད་མི་བདེ་བ་ཡོད་ན་རྒྱ་སྐད་ཀྱི་མགོར་ཡུལ་དང་། རི་དྭགས། མེ་ཏོག་སོགས་གང་ཡིན་པའི་མིང་དེ་ཉིད་བསྣན་ནས་རྒྱ་གར་གྱི་སྐད་དེ་རང་སོར་འཇོག་དགོས་པའི་གཏན་འབེབས་མཛད་ཡོད། དེ་ཡང་སྒྲ་སྦྱོར་བམ་གཉིས་མ་ལས། "ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་། ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་བ་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་ཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག" ཅེས་གསུང་པའི་ཕྱག་རྒྱ་དེ་ལས་མི་འདའ་བར་སྔོན་གྱི་ལོ་པཎ་མཁས་པ་རྣམས་ཀྱིས་ཚིག་གི་གང་ལ་བྱ་བའི་གནས་བྱ་ཀ་ལནྜ་ཀ་ཞེས་བཏགས་པར་མཛད་དོ།། དེ་བཞིན་དུ་བྱ་ཀཱ་ལ་པིངྐ་དང་། བྱ་ཤང་ཤང་ཏེའུ་སོགས་སྒྲ་སོར་གཞག་དགོས་པ་རྣམས་ལ་རྒྱ་གར་གྱི་སྐད་ཀྱི་མགོར་བྱ་ཞེས་པ་རེ་བླ་ཐབས་སུ་བསྣན་པར་མཛད། འདུལ་བའི་ཚིག་ཏུའང་བྱ་ཀ་ལནྜ་ཀ་ཞེས་བསྒྱུར་བ་སྡེ་དགེ་བཀའ་འགྱུར་དྲངས་ཟིན་པ་ལྟར་ལས་སྲོག་ཆགས་ཀལནྜ་ཀ་ཞེས་པར་བསྒྱུར་ཡོད་པ་མ་མཐོང་ངོ་།
༢༽ཡང་སྲོག་ཆགས་ཞེས་པ་དུད་འགྲོ་རྐང་བཞིའི་མིང་ཡིན་བཤད་པ་སོགས་ཀྱང་ཡིད་ཆེས་མི་ཐུབ་སྟེ། སྲོག་ཆགས་ཞེས་པ་འགྲོ་བ་ཡོངས་ལ་འབོད་ཅིང་གོ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཁོང་ཉྀད་སིངྒཱ་ལར་ཕེབས་པའི་སྐབས་མཐོ་སྒང་གི་སྲོག་ཆགས་ཁྱད་མཚར་ཞིག་སླེབས་འདུག་ཟེར་ནས་གོར་གོར་དུ་བལྟ་བ་འོངས་པ་སིངྒཱ་ལའི་གནས་ཡིག་ཏུ་ཡོད་བསམ།
༣༽སྲེ་མོང་རང་དུ་འདུག་ཅེས་པ་འདི་དགེ་ཆོས་ནོར་ས་གནད་འགག་ཅིག་རེད། སྲེ་མོང་ནི་ལེགས་སྦྱར་དུ་ནཀུལ༔དང་། དབྱིན་སྐད་དུ་(weasel)ཞེས་འབོད་ཅིང་བོད་སྐད་དུ་ནེའུ་ལེ་ཟེར་བ་ནི་གོང་གི་ལེགས་སྦྱར་མིང་དེ་ཉིད་ཟུར་ཆག་སོང་བ་ཡིན་ནམ་སྙམ། དགེ་ཆོས་ཀྱིས་སྲེ་མོང་ཟེར་བྲིས་ཀྱང་དོན་ལ་ཤིང་སྡོང་སོགས་ཀྱི་སྟེང་དུ་རྒྱུགས་ཤིང་ཚང་བཅའ་ཞིང་འཕུར་མི་ཐུབ་པ་གླང་བྲ་(squirrel)ཞེས་པའི་བྱི་བའམ་བྲ་བའི་རིགས་འདི་ལ་དམིགས་འདུག་བསམ། སྲེ་མོང་དང་། གླང་བྲ་(squirrel)གཉིས་ནི་སྲོག་ཆགས་ཆེེས་མི་མཚུངས་པ་གཉིས་རེད། སྲེ་མོང་ནི་གཏུམ་སྤྱོད་དྲག་ཤུལ་ཅན་སྟེ་བྱི་བ་དང་། བྱེའུ་མང་པོ་ཁ་ཟས་བྱེད་ཅིང་། བོད་ཡུལ་འབྲོག་ཕྱོགས་ནས་རེའུ་དང་། ལུ་གུ་སོགས་ཀྱི་སྲོག་ལ་འཇབ་པ། ཤ་དམར་རིགས་ལ་ཤིན་ཏུ་རྔམས་པ་ཞིག་རེད།

གླང་བྲ་འདི་ནི་འབྲུ་རིགས་དང། རྩྭ་ལོ། ཤིང་འབྲས་སོགས་ཀྱིས་འཚོ་བའི་སྲོག་ཆགས་ཞི་འཇམ་ཅན་ཞིག་ཡིན་པས་འདི་གཉིས་ཁྱད་པར་ཤིན་ཏུ་ཆེ། དེ་ལྟར་ནའང་བྲ་བ་འདི་ལ་ཀ་ལནྜ་ཀ་ཞེས་འབོད་མཁན་ཡོད་དུ་ཆུགས་ཀྱང་བྱ་ཀ་ལནྜ་ཀ་ནི་མཆིལ་པ་ཡིན་པའི་ངེས་ཤེས་བརྙེད་པ་ཡིན་པས་དགེ་ཆོས་ཀྱི་གསུངས་དེ་དག་གནས་སྐབས་མཁས་པས་གསར་བུ་འགའ་ཞིག་ལ་བློ་སྒོ་འབྱེད་བྱེད་དུ་འབེལ་གཏམ་ཉམས་དགའ་བ་ཞིག་བྱས་པ་ཙམ་ལས་དོན་ལ་འབབ་ས་ཡོད་པ་མི་སེམས་སོ།། ཡང་ན་གླང་བྲ་དང་། མཆིལ་པ་གཉིས་ལ་རྒྱབ་ཁྲ་ཞེས་པའི་མངོན་བརྗོད་ཀྱི་མིང་གཅིག་མཐུན་དུ་ཡོད་འདུག་པས་དེ་ནས་མགོ་རྙོག་བྱུང་བ་ཡིན་ནམ། དོ་གལ་ཅན་འདུག་ན་དཔྱོད་ཅིག །
མཆན། བྲ་བ་ལ་རྫ་བྲ་དང། ཨ་བྲ། གླང་བྲ་གསུམ་ཡོད་པའི་གླང་བྲའི་རིགས་སུ་འདུག་བསམ། བོད་ཡུལ་ཡོད་པའི་གླང་བྲ་ནི་གླང་མ་དང་། ལྕང་མ་སུར་དཀར་སོགས་ཀྱི་ནང་དུ་གནས་ཤིང་དབྱིབས་གཟུགས་སྤྱི་ཡོངས་ནས་རྒྱ་གར་ན་ཡོད་པ་འདི་དག་འདྲ་བ་ལ་རྔ་མ་དང། གཟུགས་པོའང་འདི་ལས་ཆུང་བ་ཡོད་པ་ནི་ས་བབ་ཀྱིས་བྱུང་བར་སེམས།