Sunday, February 14, 2010

གནའ་དེང་གི་ལོ་སར།

༄༅།། གནའ་ནས་ད་ལྟའི་བར་དུ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ལོ་གསར་གྱི་སྤྲོ་སྐྱིད་གཏོང་སྲོལ་ཡོད་པ་འདྲ། འོན་ཀྱང་ལོ་གསར་སྐབས་སུ་སྤྲོ་སྐྱིད་གཏོང་སྲོལ་འདི་འགོ་ག་དུས་ཚུགས་པ་དང་། ཚུལ་ཇི་ལྟར་དུ་བྱུང་བ་སོགས་ཀྱི་རྒྱུད་རིམ་ཁྲིག་ཆགས་སེ་བ་ཞིག་ནི་ཤེས་དཀའ་བའི་ཚོད་དུ་གྱུར་པ་མ་ཟད་མཛད་སྒོ་སོགས་ཀྱང་རྒྱས་བསྡུས་མི་འདྲ་ལ། ཐ་ན་ཉིན་གྲངས་བཞག་ཚུལ་ལའང་འགྱུར་བ་རབ་དང་རིམ་པ་སོང་ཡོད་པར་ངེས།
དེ་ཡང་གནའ་བོའི་དུས་སུ་ནི།
ལོ་སར་ཚེས་གཅིག་ནི་མི་ཡི་ལོ་སར་ཡིན་ལ། ཉིན་དེར་ཟས་སྣ་གང་འཛོམས་བཤམས་ནས་རང་རང་མཆོད་ཡུལ་ལ་འབུལ་བ་དང་། དེ་ནས་རང་གི་ལོངས་སྤྱོད་ནས་སྤྲོ་སྐྱིད་ཀྱིས་ཉྀན་མོ་དེ་བསྐྱལ་ཞིང་རང་གི་ཁྱིམ་དུ་སྡོད་ལ་གཞན་གྱིས་བོས་ཀྱང་མི་འགྲོ་ལ་འབོད་མཁན་ཕལ་ཆེར་མེད། དེ་ལྟར་ཕན་ཚུལ་འགྲིམས་འགྲུལ་མི་བྱེད་ལ་ཐ་ན་གད་གདར་ཙམ་ཡང་མི་བྱེད་པར་སྐྱིད་ཉལ་བྱེད་པ་ཡིན།
དེའི་ཕྱི་ཉིན་ཏེ་ཚེས་གཉིས་ཉིན་མོ་ནི་ཁྱི་ཡི་ལོ་སར་རེད། ཁྱི་ལ་དགའ་བའི་ཤ་ཁྲག་དང་འོ་ཞོ་སོགས་ཀྱིས་ཟས་སྣ་གྱ་ནོམ་པ་སྤྲོད་དགོས་པ་ཡིན།དེ་ནི་སྤྱི་ཚོགས་ཀྱི་འཚོ་བ་སྤྱི་དང་ལྷག་པར་ལོ་ངོ་གཅིག་གི་རིང་དུ་དཔུང་པ་མཉམ་གཤིབ་ཀྱིས་མི་ཡི་དགོས་མཁོ་སྒྲུབ་པ་དང་། འཚོ་བའི་དཀའ་ངལ་ལ་གདོང་ལེན་བྱས་པ་སོགས་ཀྱིས་ཁྱི་ལ་མི་ཡིས་དྲིན་བཟོ་བ་དང་། མི་དང་ཁྱི་ཡི་བར་དུ་བརྩེ་དུངས་ལྷད་མེད་པར་དེ་དག་མཚོན་པར་ཡིན། གནའ་བོའི་དུས་སུ་སྤྱི་ཚོགས་ཀྱི་ཁྲོད་ན་ཁྱི་ཡིས་གནས་བབ་ཧ་ཅང་གི་ཚད་མཐོན་པོར་བཟུང་ཡོད་པར་ནི་ཏུན་ཧོང་གི་ཡིག་རྙིང་སོགས་ལས་ཤེས་ལ་སྤྱི་ཚོགས་ཀྱི་ནང་དུ་ཡང་གོམས་པར་བྱས་ནའང་རྒྱུས་ལོན་རེ་བྱེད་ཐུབ་པ་ཡིན།
ཚེས་པ་གསུམ་ཉིན་མོ་འདི་ནི་གཞི་བདག་གི་ལོ་སར་རེད། འདི་ནི་མི་ཡིས་དངོས་སུ་སྒྲུབ་མ་ཐུབ་པའི་དོན་གནད་དེ་དག་ལྷའམ་གཞི་བདག་སོགས་མི་ཡི་ནུས་པ་ལས་བརྒལ་བའི་གཟུགས་མེད་ཀྱི་འགྲོ་བ་ཞིག་ལ་སྐྱབས་འཚོལ་བའི་གདོད་མའི་ཆོས་ལུགས་ཀྱི་རྨང་གཞི་རུ་གྱུར་པའི་ལྷ་འདྲེ་ལ་གསོལ་མཆོད་བྱེད་པའི་ཉིན་མོ་དེ་རེད། འདི་ནི་རྒྱུན་དུ་མི་དང་འགྲོགས་འདྲིས་ཆེ་བའི་རི་བོ་དང་། ཤིང་སྡོང་། ཆུ་འགོ། ཕ་བོང་སོགས་པ་དང་། དེ་ལ་གནས་པའི་གཟུགས་མེད་ལྷ་འདྲེ་ལ་སྔར་བསྒྲུབས་ཟིན་པའི་ལས་ལ་བཏང་རག་དང་། ཕྱིས་སུ་བསྒྲུབ་པར་འགྱུར་བའི་ལས་ལ་བསྐུལ་བའི་གསོལ་མཆོད་སོགས་མཚོན་པར་བྱེད་པའི་ལྷ་འདྲེ་མཆོད་པའི་ཆོ་ག་ཞིག་རེད། ད་ལྟ་ལུག་མགོ་ཞིག་གཤམ་བཞིན་པ་འདིའང་སྐབས་དེ་དག་ཏུ་དགོས་ངེས་ཀྱི་ཡོ་བྱེད་དམར་མཆོད་ཀྱི་དངོས་པོ་ཞིག་གི་ལྷག་མ་མིན་ན་མཆོད་པའི་ནང་དུ་ལུག་མགོ་ཞིག་ཅི་ཡིན། དེའང་དང་ཐོག་ལུག་གསོན་པོ་དམར་མཆོད་བྱས། དེ་རྗེས་ལུག་ཤ་བུབ་དང་། དེ་ནས་ལུག་མགོ་དང་། དེང་དུས་ནི་ལུག་མགོའང་རྫུས་མ་ཞིག་གིས་ཚབ་བྱེད་པའི་དུས་སུ་སླེབས་འདུག་པ་འདི་ནི་དཔྱད་རིན་ཡོད་པའི་ཤུལ་ལུས་ཀྱི་དཔང་རྟགས་བཙན་པོ་ཞིག་རེད་བསམས།
དེང་གི་ལོ་སར།
དེ་ནས་ཕྱིས་སུ་རིམ་གྱིས་བོད་ཀྱི་ལོ་རྒྱུས་ཆོས་ཕྱོགས་སུ་བསྙེས་ཆེས་པར་ལྟར་བུ་བྱུང་བའི་དུས་སུ་ནི། རིམ་བཞིན་རྒྱལ་པོ་ལོ་སར། བླ་མ་ལོ་སར་ཟེར་བ་སོགས་བྱུང་། ལོ་སར་གྱི་གསོལ་སྟོན་སོགས་ཀྱང་ཉིན་དང་པོ་ཉིན་ནས་དགོན་པ་རྣམས་ཀྱིས་ཚོགས་འཚོགས་པ་དང་། དད་ལྡན་རྣམས་ཀྱིས་མཆོད་མཇལ་དུ་འགྲོ་བ་སོགས་ཀྱི་ལམ་ལུགས་དར་བ་སོགས་ད་ལྟ་སྤྱོད་བཞིན་པ་འདི་དག་རེད།
འོ་ན་བོང་རྒུར་རྣ་ཅོག་འདི་ཅི་རེད། ངས་མི་ཤེས། གྲོགས་པོ་རྣམས་ཀྱིས་ཁུངས་དང་། ལུང། ངག་སྒྲོས་སོགས་ཅི་འདྲ་བར་བདོག་ཀྱང་གསུངས་པར་མཚལ།།
ཡང་དོགས་པ་གཞན་ཞིག་ནི། ལོ་སྐོར་བརྩི་སྟངས་འདི་མགོ་ག་དུས་ཚུགས་པར་གསལ་པོ་མི་ཤེས་ལ་ཏུན་ཧོང་ཡིག་རྙིང་དུ་ཁྱིའི་ལོ་ལ་བཙན་པོ་ག་གེ་མོར་བཞུགས་ཟེར་བ་དང་། བྱ་གག་གི་ལོ་དང་། སྟག་གི་ལོ་སོགས་ལོ་སྐོར་བཅུ་གཉིས་ཀྱི་བརྩི་སྟངས་གསལ་པོ་འབྱུང་ལ་དབང་ཐང་དང་ཁམས་སོགས་ནི་ཕྱིས་སུ་ལྷན་ཐབས་སུ་ལྷན་པ་ཞིག་མིན་ནམ་སྙམ། འདིའང་གསུངས་རོགས།

Friday, February 5, 2010

གནའ་དེང་རྩོད་པའི་འགྱུར་འགྲོས།



ཞོགས་པའི་སྐྱ་མདའ་ཤར་ནས་འཆར་དུས་རྩོད་པ་རྩོད་རྒྱུ་བསམ་བློ་གཏོང༌།།
ཉི་འོད་སེར་པོ་ཐང་ལ་འབབ་དུས་རྩོད་པའི་རྒྱལ་ཕམ་གདན་ལ་གཤམས།།
ས་གཞི་མུན་པས་འུབས་ཀྱིས་གཏུམ་ནའང་རྩོད་པའི་ངར་སྐད་སྔར་ལས་འབར།།
རྩོད་པའི་རྒྱལ་ཕམ་ཡེ་ནས་མ་ཆོད་ནམ་གུང་ཟླ་བས་མལ་དུ་བསྙལ།།

དེ་ལྟར་རྩོད་པའི་ལོ་ཟླ་རྩེགས་མ་དཔྲལ་བའི་ངོས་སུ་བམ་ཁ་བཞིན།།
རྩོད་པའི་མི་ཚེ་རྡོ་བཅལ་སྟེང་དུ་སྐད་ཅིག་ཡལ་བའི་མིག་འཕྲུལ་བཞིན།།
རྩོད་པའི་གསང་བ་སྔར་ལས་མང་ཞིང་རྩོད་གཞི་ཆུ་ཁའི་བྱེ་མ་བཞིན།།
རྩོད་པ་འདི་དག་ནམ་ཞིག་དུས་ན་རྒྱ་ཕམ་འཁྲུན་ཐག་ཆོད་པར་ཤོག།

སྔོན་ཚེ་རྒྱལ་བ་ཞིང་འདིར་ཕེབས་དུས་རྟོག་གེ་སྡེ་ལྔ་རྩོད་ཟླ་ལངས།།
གང་འདུལ་འགྲོ་བ་རིགས་པས་བཏུལ་ཅིང་འགའ་ཞིག་དྲི་ལན་མ་མཛད་པར།།
དེ་རིང་བདེ་གཤེགས་ཀུན་མཁྱེན་སྒྲུབ་པའི་གཏན་ཚིགས་ཤིག་ཏུ་རུང་ངོ་སྐད།།
འཁོར་འདས་ཆོས་ཀུན་རྗེན་པར་གཟིགས་པས་ཟློག་མེད་གནམ་གྱི་རྩོད་པ་རེད།།

སྡེ་པ་ཚོ་ཆེན་བཅོ་བརྒྱད་གྱུར་ནས་རྩོད་པ་གནམ་དུ་མི་ཤོང་སྐད།།
འོན་ཀྱང་རྣམ་དཔྱོད་མཁས་མཛངས་བློ་ཡིས་ངན་མིང་བླ་དྭགས་མ་དགོས་པར།།
རང་རང་བསྟན་པ་རང་གིས་ཉར་ནས་ལུང་གསུམ་མདོ་ནས་གྱེས་སོ་ལོ།།
དེ་ནི་བདེ་གཤེགས་རིང་ལུགས་འདི་ཉིད་དྲི་མ་སེལ་བའི་རྩོད་པ་རེད།།

དེ་ནས་གངས་ཅན་བསིལ་ལྡན་ལྗོངས་འདིར་དམ་ཆོས་ཉི་མ་ཤར་བའི་དུས།།
དཀར་ནག་རྒྱ་ཡི་ཆོས་རྒྱུད་བར་གྱི་རྣོ་ངར་རྩོད་པ་གྱེན་དུ་བསླངས།།
གནམ་གྱི་གོང་མ་གདན་དུ་བསུས་ནས་རྩོད་པའི་དཔང་པོ་བཙན་པོས་བྱས།།
ལུང་རིགས་གཉིས་ལ་བདེན་ཁ་སྟེར་ནས་ལུང་མདོ་ཞིག་ནས་གྱེས་མཇལ་ཞུས།།


ཙོང་ཁ་པ་ཡི་ལྟ་བའི་གནད་ལ་གོ་ཤག་སྟག་གསུམ་ཧར་གྱིས་ལངས།།
ལུང་དང་རིགས་པའི་མཁར་རྫོང་བཙན་པས་དཔུང་ཆུ་ཤོར་ཤོར་རྩོད་མ་དགོས།།
སྟག་ལོའི་འགྱོད་གཤགས་སྙན་ཚིག་རིང་མོ་སྲིད་པ་གསུམ་གྱི་བླ་ན་འཕུར།།
མཐའ་བཞི་བྲལ་བའི་རྟེན་འབྱུང་ལྟ་བ་གཏན་ལ་འབེབས་པའི་རྩོད་པ་རེད།།

འཇུ་ཡི་མི་ཕམ་རྣམ་རིག་རྒོད་པས་རིགས་པའི་ངར་ཁ་སྟོད་ལ་འཕྱུར།།
སྣ་བོ་ཆེ་ཡི་ལྟ་བའི་གནད་ལ་སླར་ཡང་རྩོད་པའི་འཁོར་ལོ་སྐོར།།
ལྡན་མ་དཔའ་རིས་བྲག་དཀར་གསུམ་པོས་རྩོད་ལན་ཐལ་ངག་གློག་ལ་འགྲན།།
ཕྱོགས་གཉིས་ཞེ་ཕུག་གསལ་བར་བྱུང་རྗེས་གུས་ཕྱག་ཞིག་གིས་གྱེས་སོ་ལོ།།

རྒྱ་བོད་རིགས་པའི་ཚོང་འདུས་ཆེན་མོ་འབྲས་སྤུངས་ཆོས་ཀྱི་ཞིང་ཁམས་ན།།
ཞི་བྱེད་གཅོད་པའི་རྒན་པོ་ཞིག་གིས་བློ་རྟགས་བསྡུས་གསུམ་གདན་དུ་གཏིང༌།།
སེམས་ཀྱི་རྟ་ལ་ཁ་ལོ་མེད་པའི་གསར་བུ་ཐམས་ཅད་ཕྱོགས་དེར་དྲངས།།
བརྒལ་བརྟགས་རིག་པའི་སྲོལ་འདི་བསྲུང་ཕྱིར་ལྡན་མ་སྟོང་དཔོན་དྲག་ཏུ་ཁྲོས།།

ལུང་དང་རིགས་པའི་གཟི་ཁ་རྒོད་པའི་མཚལ་མདོག་གྲྭ་པའི་འཇིག་རྟེན་ན།།
བསྐལ་པའི་མེ་དཔུང་རྡོ་སྦིས་སེང་ཆེན་ཁེངས་དྲེགས་རལ་པ་གནམ་དུ་གཟེངས།།
རྩོད་ངག་དྲག་པོས་ཆུ་ཡི་འཕྲུལ་འཁོར་སྒེར་སྟེང་མཁན་པོ་གཟིམ་ལས་བསླངས།།
རིང་རིང་ཡུལ་ནས་འབོད་པ་བྱས་ཀྱང་ཉེ་བའི་ཡུལ་ནས་འཛུམ་གྱིས་བསུས།།

དེ་ལས་སྙིགས་མ་སྙིགས་མའི་ཡང་སྙིགས་དེ་རིང་ང་ཚོའི་རྩོད་པ་འདི།།
གཞལ་བྱའི་གནས་ལ་དཔྱད་པར་མེད་པར་ང་དང་ཁྱོད་ཀྱི་ཁ་མཆུ་དྲངས།།
གཞི་ཡི་གནད་ལ་སྒྲོ་འདོགས་མ་ཆོད་གྲྭ་པ་ཡིན་མིན་རྩོད་པ་ལངས།།
དེ་ལས་ཅུང་ཙམ་ཕུགས་སུ་བསྔོགས་ན་ཤག་ཚང་ལྟོ་ཚང་ཕྱོགས་སུ་བཟུང་།།

བརྒལ་དང་བརྟག་པ་ཕྲན་བུ་བྱས་ན་ཁྲིམས་ཀྱི་མདུན་སར་བསྐྱལ་ལ་ཁད།།
ཚར་དང་འཁོར་གསུམ་ཅུང་ཙམ་བྱུང་ན་གཏོ་དང་ཟློག་པ་བྱེད་ལ་ཁད།།
ལུང་དང་རིགས་པར་རིན་ཐང་མེད་ཅིང་མནའ་ནག་དཔང་དུ་བཙུགས་ལ་ཁད།།
མི་ཚེ་རིང་མོ་རྩོད་པ་བརྩད་པས་རྩོད་པ་ཁོ་ན་བྱང་བ་ཙམ།།

གནའ་དེང་གཉིས་ལ་མཐོང་ཆོས་གྱུར་པ་རྩོད་པའི་ཧེ་བག་འདི་ལྟ་སྟེ།།
འདི་ན་གཅིག་གིས་ཡིན་པར་སྨྲས་ཚེ་གཅིག་གིས་དེ་ཉིད་མིན་པར་སྒྲུབ།།
གལ་ཏེ་དེ་ཉིད་མིན་པར་སྨྲས་ཚེ་ཨུ་ཚུགས་གཅིག་གིས་ཡིན་པར་སྒྲུབ།།
རྟོན་པ་བཞི་པོ་མགོ་རྟིང་སློག་ནས་རྩོད་པ་སྐམ་པོས་རི་ལུང་བཀང༌།།

རྩོད་པ་འདི་དག་ཐོབ་ཤོར་མེད་པས་ཨུ་ཚུགས་སུ་ཆེ་རྒྱལ་གྱུར་ཅིག།
༢༠༡༠།༢།ཚེས་༣ཉིན།