Saturday, January 28, 2012

མཁན་པོ་ཨ་ཁྱུག་གི་ཆབ་རེད་དཱ། ༼དངོས་སྒྲུང་།༽







ཉིན་ཞིག་བསམ་འགྲུབ་ཀྱིས་རང་གི་གྲོགས་པོ་གཉིས་དང་ལྷན་དུ་ཉེ་ཆར་ཉོས་པའི་རླངས་འཁོར་ཆུང་ཆུང་དེ་བསྐོར་ནས་ཡུན་རིང་ཞིག་ཏུ་མ་ཐུག་པའི་རང་གི་སྲིང་མོ་ཞིག་འབྲོག་ཕྱོགས་སུ་ཡོད་པ་དེར་ཐུག་འཕྲད་དུ་སོང་། དབྱར་དུས་ཀྱི་མདོ་དབུས་མཐོ་སྒང་གི་ས་ཆ་འདི་ནི་མི་ཡུལ་གྱི་ལྷ་གནས་ཞེས་སུ་བོས་པ་དོན་ལ་གནས། རྔམས་བརྗིད་ཀྱི་གངས་རིའི་དུམ་བུ་རྣམས་ཅུང་རྒྱང་རིང་ཞིག་ནས་དཀར་ཁྲོལ་ལེ་མཐོང་ཞིང་། སྤང་གཞོངས་རྣམས་ནེ་ཙོའི་སྒྲོ་གཤོགས་དང་། རྨ་བྱའི་མགྲིན་པ་ལྟར་ལྗང་དུང་ངེ་དང་། སྔོ་ཆིལ་ལེར་ཡོད། དེང་རབས་ཀྱིས་གཞུང་ལམ་རྣམས་སྤང་གཞོངས་དེ་དག་ཐིག་སྐུད་གདབ་པ་ལྟར་སྨུག་ཁྱུག་གེར་འདུག་ཅིང་། སྐྱེ་རྒུ་མདོ་ནས་ལྷོ་ཕྱོགས་སུ་དལ་གྱིས་བཞུད། "དབྱར་ཁ་སྤང་ལ་རྒྱས་སོང་།། སྤང་ལ་མེ་ཏོག་ཤར་སོང་།། ང་ཡི་སེམས་ཀྱི་མེ་ཏོག། ཡང་ཡང་ཡིད་ལ་ཤར་སོང་།། ཡ་ལ་སོ། ཡ་ལ་སོ།" འོ་ཇ་དང་རྩམ་དྲི་འཐུལ་བའི་འབྲོག་པའི་ལ་གཞས་ཤིག་ལྷང་ལྷང་རླངས་འཁོར་གྱི་ནང་དུ་ཁྱབ་ཅིང་། སྒེའུ་ཁོང་གི་ཕྱི་རོལ་གྱི་སྣང་བ་ཐམས་ཅད་འཇམ་ཐིང་ངེ་དང་། ལྷོད་མེར་རེ་ཡོད་པའི་ཚོར་བ་བྱིན། དེ་ནི་སྐྱེ་རྒུ་མདོ་ས་འགུལ་གྱི་རྐྱེན་ངན་བྱུང་སྟེ་མི་ཤི་རྒྱུ་བརླགས་ཚབས་ཆེ་བའི་གནས་ཚུལ་གྱི་ནང་དུ་མགོ་འཐོམས་སོང་བ་དང་། ཕྱོགས་གཞན་ནས་ས་ཁང་ཐོབ་ཤོར་གྱི་ཁ་འཆུ་སོགས་ཀྱིས་རྙོགས་གླེང་ཧ་ཅང་ཆེ་བའི་བྲེལ་ཟིང་གི་ནང་དུ་ལོ་ཟླ་མང་པོར་ལུས་སེམས་ལ་བརྡབས་བསིག་ཡུན་རིང་ཕོག་སོང་བ་དེ་དག་རེ་ཞིག་བག་ལ་ཞ་བར་གྱུར། དེ་རིང་འབྲོག་ཐང་གི་མཁའ་དབུགས་བསིལ་མོ་འདིས་ཡུན་རིང་འཐབ་བརྡུངས་བྱས་པའི་ལུས་སེམས་ལ་སྲོག་རླུང་གསར་པ་རེ་བྱིན་པས་རླངས་འཁོར་གྱི་ནང་གི་མི་གསུམ་པོར་ཕན་ཚུན་ཁ་བརྡ་སོགས་ཅི་ཡང་མེད་པར་རང་རང་གི་འདས་སོང་དང་། མ་འོངས་པའི་རེ་འདུན་སོགས་སེམས་ཀྱི་འགྲུལ་བཞུད་འཇམ་ཐིང་ངེ་བ་རེ་བྱེད་བཞིན་ཡོད་པ་ཀུན་གྱིས་ཚོར། སྐབས་རེ་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་གྱི་ཁོར་ཡུག་ལ་མིག་གཡེངས་རེ་བྱེད་ཅིང་། ལུང་གཤོང་འགའ་ཞིག་སྨུག་ཞགས་སྣུམ་ཆིལ་ལེ་བ་ཞིག་སྟེང་ཕྱོགས་སུ་ལྡིང་། དལ་ཅིང་ལྷོད་པའི་ཁུ་བྱུག་གི་སྐད་སྙན་དེ་དག་ཆེས་རྒྱང་རིང་ཞིག་ནས་གྲག་ཅིང་། བྱིས་དུས་ལུག་རྗེས་སུ་གོམ་ཁ་བསྒྱུར་བའི་ཚོར་བ་དེ་དག་ཡིད་ངོར་ཁྲ་ལྷམ་མེར་དྲངས།
མདོར་ན་དུས་རབས་སྔ་ཕྱི་འདིའི་བར་མཚམས་ནས་ཡུལ་སྡེ་འདི་དག་གིས་འཚོ་བ་དང་། གོམས་གཤིས། རིག་གཞུང་། ཆོས་ལུགས། སྐད་རིགས། བསམ་པའི་ཁྱེར་སོ། དམིགས་ཡུལ་སོགས་འགྱུར་བ་རབ་དང་རིམ་པ་ཞིག་སོང་ཡོད་ནའང་། རི་ཀླུང་དང་སྤང་ལྗོངས་དེ་དག་གིས་སྔར་གྱི་རྒྱུན་སྲོལ་གཉོམ་པོ་དེ་ཉིད་འཁྱོངས་ལ་མ་འཁྱོངས་པར་དེ་རིང་བདག་ཅག་བསུ་མ་བྱེད་པ་བཞིན་དུ་མཐོང་། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།། ཟེར་བའི་རྒན་པོའི་ངག་སྒྲོས་དེ་ཡང་འདི་ལྟར་བརྡ་འཕྲོད་རྒྱུ་ཡོད་པ་འདྲ།
དེ་ནས་ཅུང་མ་འགོར་བར་ས་བཟང་འབྲོག་སྡེ་རུ་འབྱོར། དེ་ནི་སྦྲ་ནག་དང་ལུག་ཁྱུ་ཡིས་བཟུང་བའི་ལོ་ངོ་ཁྲི་ཕྲག་གི་ལོ་རྒྱུས་ལྡན་པའི་གནའ་དུས་ཀྱི་འབྲོག་སྡེ་ཞིག་ཡིན་ནའང་། དེང་སང་ས་ཁང་ཁ་ཁེར་གྱི་འཁྲིས་སུ་རས་གུར་སྔོ་ཟིང་ངེ་བ་རེ་ཕུབ་ཅིང་། འབྲོག་ཁྱི་བཅུ་གྲངས་ཙམ་རེ་བཏགས་ནས་རྒྱང་རིང་པོ་ཞིག་ནས་ཁྱི་སྐྱག་གི་དྲི་མ་འཐུལ་ལེར་བསྡད་འདུག་ཅིང་། འདི་ནི་རྩྭ་གསོ་ཕྱུགས་གསོད་ཀྱི་ལས་འགུལ་གྱི་རྗེས་ཀྱི་ས་བཟང་སྡེ་པ་དང་། ས་འགུལ་གྱིས་གནོད་འཚེ་ཕོག་ཤུལ་གྱི་ཡུལ་ཤུལ་འབྲོག་སྡེ་རེད། དེ་ནས་བསམ་འགྲུབ་ཀྱི་སྲིང་མོ་གནའ་མ་སོང་ས་ལྡོང་ཀུན་བཟང་ཚང་གི་སྒོ་འགྲམ་དུ་རླངས་འཁོར་བཀག་ནའང་མི་སུའང་སྒོ་རུ་འབུད་འཁན་མེད་ཅིང་། བསྐོ་ཁྱི་དེ་དག་ཀྱང་འོབ་སྐད་མཉམ་ནུར་རེ་བ་ཞིག་ལས་ཆེར་མི་འདུག་པས་མ་ཚོར་བ་འདྲ། དེ་ནས་ཁོང་གསུམ་དལ་གྱིས་བབ་ཅིང་ཁང་པ་ཞིག་འདུག་པ་དེ་རུ་སོང་ཀྱང་ནང་དུ་ཅ་དངོས་འཇོག་པ་ལས་མི་སྡོད་ཕོད་ཀྱིན་མེད་པ་འདྲ། དེ་ནས་ག་ལེར་རས་གུར་སྔོ་སྒུར་རེ་བ་དེའི་ཕྱོགས་སུ་སོང་ནས་ནང་དུ་འཛུལ། སྲིང་མོ་ཚེ་སྐྱིད་ནི་རང་གི་བྱིས་པ་བཞི་དང་། ཁྱིམ་མཚེས་ཀྱི་བྱིས་པ་དང་བུད་མེད་སྐོར་ཞིག་གིས་མཐའ་བསྐོར་ཞིང་གློག་བརྙན་ཞིག་ལ་བལྟས་ནས་བསྡད་འདུག གློག་བརྙན་དེ་ནི་བོད་ཡུལ་དུ་གྲགས་ཆེ་བའི་གནའ་དུས་རྒྱ་ནག་གི་སྒྲུང་གཏམ་གྲགས་ཅན་གསུམ་གྱི་ཡ་གྱལ་ཆུ་ངོགས་གཏམ་རྒྱུད་ཅེས་པ་དེ་རེད། "ཨོ། སྐུ་འོ་བརྒྱལ་ཆེ་འམ།" ཞེས་འཚམས་འདྲི་བྱས་ཤིང་གདོང་དུ་ཅེར་ཞིང་མིག་ཟུང་ནས་བརྩེ་བའི་འོད་མདངས་ཤིག་གིས་བསུས། "ཀུན་བཟང་ཁྱིམ་དུ་བསྡད་མེད། གློག་ཁང་གསར་འཛུགས་ཀྱི་ལས་གྲྭ་ནང་དུ་ལས་ཀ་རེག་སོང་བས་ཁྱིམ་དུ་མ་སླེབས་ནས་ཟླ་ཤས་ཡིན།" ཟེར། བྱིས་པ་རྣམས་ཀྱིས། "ཨ་ཞང་། ཨ་ཞང་།" ཞེས་བོས་ཏེ་གཡན་འཐམ་གཡོན་འཐམ་བྱས་ནས་རེ་ཞིག་གི་བར་དུ་ཕན་ཚུན་འཚམས་འདྲི་བྱས་ཤིང་། མངར་གསུམ་དང་རྩེད་ཆས་སོགས་རང་རང་ལ་སྤྲད། དེ་ནས་གང་བདེར་གདན་དུ་འཁོད་ཅིང་སྐྱིད་སྡུག་གི་ལབ་གླེང་མང་པོར་བྱས། འོ་ཇ་མངར་སིང་ངེ་བ་འགྲེམ་སོང་བས་འབྲོག་ཐང་གི་ཟས་སྐོམ་འདི་དེང་རབས་ཅན་དུ་བསྙད་པའི་རྩི་བཅུད་གང་གིས་འགྲན་དུ་མེད་པ་ཞིག་རེད་ཨང་སྙམ། དེ་ནས་འགྱིག་གི་གཞོང་པ་ཆེན་པོ་ཞིག་གི་ནང་དུ་རླངས་པ་སྐྱ་ཐུལ་ལེར་ལུག་ཤ་བཙོས་མ་ཞིག་ཁུར་ཡོང་ནས། སྲིང་མོ་ཚེ་སྐྱིད་ཀྱིས། "ང་ཚོ་ནང་དུ་ཕྱུགས་ཟོག་གསོད་ཀྱིན་མེད། ཤ་འདི་སྐྱེ་རྒུ་མདོའི་རྒྱ་ཁ་ཆེའི་ལག་ནས་ཉོས་འོང་བ་ཡིན། དེ་སང་བླ་མ་དང་མཁན་པོ་མང་པོ་ཞིག་གིས་འབྲོག་ཡུལ་དུ་ཕེབས་ཡོང་སྐབས་ཕྱུགས་ཟོག་གསོད་མི་ཉན་པའི་བཀའ་སློབ་ཟབ་མོ་བསྩལ་ཞིང་ཁྲིམས་ཡང་ཅུང་ཙམ་བསྡམས་ཡོད་པས་ལུང་པ་འདིར་ཤ་ཟ་མཁན་མེད། མ་རེད། མ་རེད། ཤ་ཟ་མཁན་ཡོད་ཀྱང་། སྒོ་ཕྱུགས་གསོད་མཁན་མེད།" ཟེར། ཡུལ་གྱི་འཚོ་བའི་གནས་སྟངས་དང་ལུག་ཤ་འདིའི་རྒྱུད་རིམ་རྣམས་བཤད། དེ་ནས་སྲིང་མོ་ཚེ་སྐྱིད་ཀྱིས་ཅི་ཞིག་དྲན་པ་ལྟར་ཧར་གྱིས་ལངས་ནས། "ཡ་ཡ། ད་ཤ་མ་ཟོས་གོང་དེར་བྱིན་རྟེན་ཞིག་འཐུང་ན་བཟང་།" ཟེར་ཞིང་ལྦུ་ཆང་གི་ཤེལ་དམ་འགྱིག་ཤོག་གིས་ཁ་བཅད་ཡོད་པ་ཁུར་ཡོང་ནས་རིམ་གྱིས་བསྒོ་འགྲེམ་བྱས། དང་པོ་བསམ་འགྲུབ་རོགས་པ་གཉིས་ལ་འགྲེམས་ཤིང་དེ་ནས་བསམ་འགྲུབ་ཀྱི་དྲུང་དུ་སླེབས། ལག་འཐིལ་དུ་ཅུང་ཙམ་བླུགས་པས་སེར་པོ་མར་ཁུ་འདྲ་བ་ཞིག་འདུག མ་ཎི་རིལ་བུ་སོགས་ཆུར་སྦངས་པ་ཞིག་ཡིན་པ་གཞིར་གཞག་བྱས་ཤིང་ཁ་རུ་བླུགས། ཚྭ་ཁུའི་རོ་འདྲ་བ་ཞིག་ལས་བྱིན་རྟེན་གྱི་དྲོ་བ་གང་ཡང་མེད་པས་ཅུང་ཞིག་ལྕེ་ཐོག་ཏུ་གཡམ། མིད་པའི་ལམ་དུ་འདེད་གྲབས་བྱེད་དུས། སྲིང་མོ་ལྷ་སྐྱིད་ཀྱིས། "མཁན་པོ་ཨ་ཁྱུག་གི་ཆབ་རེད་དཱ།" ཟེར། དེ་མ་ཐག་ཏུ་གློག་འཁྱུད་པ་ལྟ་བུའི་ཚོར་བ་ངར་མོ་ཞིག་གིས་མགོ་མཇུག་ཀུན་ནས་བསྡོམས་པས་ཡུན་རིང་ཞིག་གི་བར་དུ་གཅིན་པ་དེ་ཁ་ནང་ནས་ཕྱིར་འདོན་མ་ཐུབ། "ཐུའུ་ཐུའུ། ཐུའུ་ཐུའུ།" ཟེར་ཞིང་ཐབ་སྣ་དེར་འཆིལ་མ་མཉམ་དུ་ཕོས་ཟིན་ནའང་། ཞེན་པ་གཏིང་ནས་ལོག་ཏེ་ལུས་ལ་ཚ་བ་འབར། རྔུལ་ཆུ་བཞུར། མགོ་ཡུ་འཁོར། མགྲམ་སྐྱུར་ལངས་ཏེ། ད་ནང་སྐྱེ་རྒུ་མདོ་ནས་ནང་ཇ་བཏུང་པའི་སྤྲིན་མོག་འབྲས་ཐུག་སོགས་དང་། ཁ་སང་གི་དགུང་མོ་ཟས་ཁང་ནས་ཟོས་པའི་ཉ་ཤ་སོགས་ཆ་ཚང་བསྐྱུགས་རྗེས་ཅུང་ཙམ་དྲག་ཏུ་སོང་། སྲིང་མོ་ཚེ་སྐྱིད་དངངས་སྐྲག་ཅིག་གིས། "ཨ་ཅི་ཞིག་བྱས་སོང་། ག་རེ་བྱས་སོང་།" ཞེས་ཡང་ཡང་འདྲི། "ཆུ་ཞིག་ཁུར་ཤོག ཆུ་ཞིག་ཁུར་ཤོག " བཤད་དེ་ཁ་བཤལ་སྣུབས་གཡུགས། "ཁྱོད་འདྲེ་མོ་ཡིན་ས་རེད། སུས་བྱེད་སྟངས་རེད། ང་ཚོར་གཅིན་པ་བླུད་ནས་ག་རེ་བྱེད་ཀི་ཡིན།" ཁོང་ཁྲོའི་དབང་གིས་བསམ་འགྲུབ་ཚིགས་རྩུབ་ཀྱི་སྐད་འཕང་ཤིན་ཏུ་མཐོ། ཚེ་སྐྱིད་ཀྱིས། སྣ་ཤུར་རིང་པོ་འགའ་ཞིག་བྱེད་པ་ལས་ལན་ཅི་ཡང་མེད། གཅིན་པ་དེ་བཙོག་ཆེས་ནས་ད་དུང་ཡང་བསམ་འགྲུབ་ཀྱིས། "ཁྱོད་ཚོས་གཅིན་པ་བླུད་ནས་ཅི་ཞིག་བྱེད་རྩིས་ཡིན། གཅིན་པའི་ནང་དུ་འགོས་ནད་རིགས་མེད་པའི་ངེས་པ་མེད་པས་ང་ཚོ་ཚང་མ་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས་རེད།" སོགས་བཤད་དེ་ཁོང་ཁྲོ་ཇེ་ལངས་དང་། ཞེན་པ་ཇེ་ལོག་རེད། དེ་ནས་ཚེ་སྐྱིད་ཀྱིས། "བྱིན་རྟེན་རེད། བྱིན་རྟེན་ནང་དུ་འགོས་ནད་སུ་ཡོད་མ་རེད།" ཟེར་ཞིང་རྣམ་འགྱུར་ཅུང་ཟད་འགྱུར་འདུག ནམ་རྒྱུན་ཕ་མའི་རྩ་ན་ཡོད་སྐབས་བུ་ཆེ་བ་བསམ་འགྲུབ་ལ་ཁ་ལན་བྱེད་སྲོལ་མེད་སྟབས། སླར་ཡང་བསམ་འགྲུབ་ཀྱིས།"ག་རེ་བྱིན་རྟེན། གཅིན་པ་བྱིན་རྟེན། སྐྱག་པ་བྱིན་རྟེན། གྱོན་པ་དེ་ཚོས། ཁྲམ་པ་དེ་ཚོས་དད་ལྡན་མང་ཚོགས་ལ་གཅིན་པ་བླུད་་་་་་་་་། སོགས་ཚིགས་རྩུབ་འགའ་ཞིག་བཤད་རྗེས། ཚེ་སྐྱིད་ཀྱིས། "ཁྱོད་ཚོ་ལ་ཆོས་ལུགས་ཡོད་ས་མ་རེད། དད་པ་ཡོད་ས་མ་རེད། ཁྱོད་ཚོ་རྒྱ་ཟཱ་ལ་དང་འདྲ་འདྲ་རེད།" ཅེས་གདོང་མདོག་འགྱུར་ནས་ཁ་རྩོད་ཤོར་བའི་མགོ་ཚུགས་སོང་།
དེ་ནས་འཕྲིན་ལས་ཀྱིས། "ད་དེ་རིང་ང་ཚོ་འགྲོ་ན་བཟང་། བྲེལ་བ་ཅུང་ཙམ་ཡོད། སྡེ་པ་ག་གེ་མོ་ཞིག་ལ་འབྲོག་ཁྱི་སྐད་གྲགས་ཅན་ཞིག་ཡོད་པས་དེར་བལྟ་བ་འགྲོ་དགོས་རེད། ང་ཚོ་འགྲོ།" ཟེར་ནས་བསམ་འགྲུབ་དཔུང་པ་ནས་བསླངས། རོགས་པ་བསྟན་པ་འང་ཡར་ལངས་ནས་སྒོར་ཐོན་གྲབས་བྱེད་ཅིང་ལུག་ཤ་བཙོས་མ་དེ་ལ་མིག་ཟུར་འགའ་ཞིག་ཤོར་སོང་། དེ་ནས་ཁོང་ཚོ་ཕྱིར་ཐོན། བུ་མོ་ཆུང་བ་སྒྲོན་སྐྱིད་ཀྱིས་མིག་མཐའ་ཁྲ་འཆིལ་ལེར་བསམ་འགྲུབ་ཀྱི་གདོང་ལ་བལྟས་ནས། "ཨ་ཞང་། རྗེས་མ་ཤོག་ཨཱ།" ཟེར། "ཡ་ཡ། གཅེས་ཕྲུག་མ། རྗེས་མ་ཡོང་དུས་ཀྱང་ངས་ཁྱོད་ལ་འབབ་ཁུར་ཡོང་གི་ཡིན་དཱ། ཁྱོད་ཀྱིས་ང་སྒུགས་ལ་སྡོད། སློབ་སྦྱོང་ཡག་པོ་བྱོས་ཨཱ" ཞེས་བཤད་ཅིང་མགོ་བོར་བྱིལ་བྱིལ་བྱས། དེ་ནས་རླངས་འཁོར་དེ་འབྲི་གཡག་གཏགས་སའི་ལྷས་གདངས་དེ་ལས་གཡས་སྐོར་ཞིག་བྱས་ནས་ཁ་བྱང་དུ་བཏད་ནས་བྱ་འཕུར་བ་ལྟར་སོང་། རྒྱང་རིང་ཞིག་ཏུ་སླེབས་རྗེས། བསམ་འགྲུབ་ཀྱིས། "ཁོ་རེ་གཉིས། ཁྱོད་གཉིས་གཅིན་པ་དེས་སྐྱུགས་མེར་ལངས་མ་བྱུང་བས།" ཞེས་དྲིས། བསྟན་པས་འཛུམ་མདངས་ཅུང་ཙམ་བསྟན་ནས། "ང་ནི་རྒྱུན་ལྡན་དུ་འདི་ཕྱོགས་སུ་འཆམ་ཡུན་རིང་བས་མང་པོ་འཐུང་མྱོང་། དེ་རིང་དམིགས་བསལ་ཚོར་བ་ཅང་མི་འདུག" ཟེར་། འཕྲིན་ལས་ཀྱིས། "གཅིན་པ་རེད་ཟེར་དུས་མིད་ཚར་བ་ཡིན། སྐྱུགས་མེར་ཨེན་ཙམ་ལངས་བྱུང་ཡང་ཅི་བྱ། དངོས་གནས་ང་ཆོས་ལུགས་པ་འདི་ཚོར་མགོ་ན་ནས་བསྡད་ཡོད། སྔོན་མ་ང་སློབ་ཆེན་དུ་མ་སོང་གོང་དེར། གྲུབ་ཆེན་བུ་མང་མའི་གདུང་ཚྭ་ཞིག་ཟོས་རྗེས་དམར་གྲིབ་ཕོག་ནས་སྔོན་སོ་འདི་གས་གྲུམ་ཤོར་བ་རེད། དེ་རིང་གཅིན་པ་དེས་ཀྱང་ན་ཚ་བཅོས་དཀའ་བ་ཞིག་གིས་གཞི་འཇོག་ན་ཐང་། ཨ་ཁ།" ཟེར། བསྟན་པས་"ཞེན་པ་ལོག་དགོས་པ་ཅི་ཞིག་འདུག དྲོ་བ་བཙོག་པ་ཅང་འདུག་གམ། ཨཱ། ཧཧཧཧ།" འཕྲིན་ལས་ཀྱིས། "དྲོ་བ་ག་འདྲ་འདུག" ཟེར་ནས་བསམ་འགྲུབ་ལ་དྲིས། མི་ཚེ་འདི་དེ་རིང་མ་གཏོགས་གཅིན་པ་འཐུང་མ་མྱོང་། གཅིན་དྲི་སྣ་ལ་འཁོར་བ་ལྟ་བུ་སླར་ཡང་སྐྱུགས་མེར་ལངས། "ད་མང་པོ་མ་བཤད། གཅིན་གྱི་དྲོ་བ་སྐོར་མ་བཤད། ལུག་ཤ་ཡག་པོ་ཞིག་འདུག་སྟེ། ་་་་་་་་་་་་་ཡ། ད་ཐ་མག་རེ་སྤྲོད་ཤོག དོ་དགུང་ང་ཚོས་སྐྱེ་རྒུ་མདོ་རྨི་ལམ་ཆང་ཁང་ན་ཤ་དང་ཨ་རག་རྒྱགས་ཚད་ཅིག་བཟའ་དགོས། དེ་རིང་ཉིན་གང་པོ་བཟའ་བཏུང་མེད་པས་་་་་་་་་་་་།" ཞེས་བཤད་དེ་ལམ་བར་དུ་འབྲོག་ཁྱི་སྐོར་ཞིག་ལ་ལྟད་མོ་བལྟ་བཞིན་དུ་ཡོང་།
གནམ་མཐའ་སྤྲིན་ནག་འཁྲིགས་ནས་ཆར་པ་ཅུང་ཙམ་བབ་མགོ་ཚུགས། སྐྱེ་རྒུ་མདོ་སྐྱར་འཛུགས་ཀྱི་ལས་འགུལ་འདིའི་སྐབས་སུ་གཞུང་ལམ་དུ་རླངས་འཁོར་འཚང་ཁ་ཆེ་བས་གྲོང་གི་སྲང་བར་དུ་ཆུ་ཚོད་གཅིག་ཙམ་འགོར། གློག་ཞུན་དམར་ཏིང་ངེ་འགའ་ཞིག་སྒོ་འགྲམ་དུ་བཀལ་ཡོད་པའི་འགྱིག་གི་ཁང་པ་སྟབས་བདེ་ཞིག་ཏུ་ཡོད་པའི་རྨི་ལམ་ཆང་ཁང་གི་སྒོ་ཡོལ་ཕྱེས་ཏེ་འཕྲིན་ལས་ནང་དུ་འཛུལ། "མགྱོགས་པོ་ཤོག རྐུབ་སྟེགས་གཉིས་སྟོང་པ་རེད་འདུག ཤོག་ཤོག "ཟེར།