Thursday, January 28, 2010

བརྩེ་འཕྲིན














དཔྱིད་ཀ

བྱེ་ཐང་སྐྱ་མོར་སྨིག་སྒྱུ་འཕུར་ཞིང་རི་ལུང་སྨུག་པོ་རླངས་ཞག་བསྐྱིལ།།
ཁུ་བྱུག་སྔོན་མོས་དཔྱིད་དཔལ་བསུ་བའི་གདངས་སྙན་རྣ་བའི་བུ་གར་འཇགས།།
མི་ཚོགས་རྒྱ་མཚོའི་ཟུར་ནས་འཕྲད་པའི་སྤོས་ངད་ལྡན་པའི་ན་ཟླ་ཁྱོད།།
སོར་བཅུ་ལག་པས་བཏང་ན་མི་ཕོད་སེམས་ཀྱི་སུལ་གྱི་མགྲོན་པོ་ཞིག།

དབྱར་ཀ
རྩི་ཐོག་དཀར་དམར་རི་ལུང་ཁྱབ་ཅིང་འབྲུ་དྲུག་ཞིང་ལ་ན་བུན་འཐིབས།།
དབྱར་གྱི་རྒྱལ་མོའི་ལང་ཚོ་འབར་ཚེ་ཁྱོད་ཀྱི་བཞིན་ལ་མཛེས་སྡུག་རྒོད།།
དགའ་བའི་མཆུ་འདབ་ཁྱོད་ལ་བསྐྱལ་བས་དུངས་པའི་འཁུན་སྒྲ་བདག་ལ་བསྲིངས།།
མཐའ་མེད་བརྩེ་དགའི་རྒྱ་མཚོའི་ཀློང་ན་མི་ཚེ་སུམ་ཆ་ཡུད་ཀྱིས་རྫོགས།།

སྟོན་ཀ
འབྲས་ལྡན་ལྗོན་པའི་གཡུ་མདོག་ལོ་མ་སྟོན་གྱི་བ་མོས་སེར་ཐིག་ཕོག།།
འདབ་ཆགས་ངུར་པས་ངུད་མོ་བྱེད་ཅིང་རྒྱང་རིང་མཁའ་མཐར་མིང་ཟུང་གཏད།།
བདག་ཀྱང་ཁྱོད་ལ་འཁྲེང་སེམས་ཆེ་ཡང་མི་འདོད་ལམ་ཕྲན་རྡོག་པས་བརྫིས།།
རབ་རིབ་གནམ་སའི་མཐའ་རུ་བསྐྱེལ་མཁན་མ་དང་ཁྱོད་ཀྱི་མིག་ཆུ་ཙམ།།

དགུན་ཀ
མཐིང་རིང་མགྲིན་པའི་རྫ་རྔ་བརྡུང་ཞིང་ཁེར་རྐྱང་ཤྭ་བས་ཆོ་ངེ་འདོན།།
དགུན་གྱི་དུས་ཚིགས་དབུགས་ཀྱིས་བགྲང་ཞིང་རྨི་ལམ་མཇལ་འཕྲད་རེ་སྒུགས་བྱས།།
སྙིང་ནས་འཕུར་བའི་བརྩེ་འཕྲིན་འདི་ཡིས་ལོ་བརྒྱའི་གྱེས་གདུང་མཐའ་རུ་བསྐྲད།།
འདི་ནི་ནང་གི་གསང་བ་མཚོན་པའི་སྙན་ངག་སྨྱུ་གུས་རི་མོ་སྟེ།།

མི་ཚེ།
མདོར་ན་མཛེས་སྡུག་ཟླ་བར་འཁུ་ཞིང་ཕྱི་ཐག་རིང་བ་ཁྱོད་དང་ལྷན།།
བརྩེ་དགའི་ཞག་པས་དམ་དུ་བཅིངས་ཀྱང་ངང་པས་བོར་བའི་ངང་མོ་བཞིན།།
ཁྱོད་ཉིད་གཅིག་པུ་ཤུལ་དུ་བཞག་ནས་བཟློག་མེད་འཐོར་རླུང་དྲག་པོ་ཡིས།།
ལྷོ་ཕྱོགས་ཚ་བའི་ནགས་ཀློང་བདས་ཀྱང་དུངས་སེམས་མདའ་མོ་ཁྱོད་ལ་ཤོར།།

Friday, January 8, 2010

བོད་ཀྱི་རི་དྭགས། ༡༽གླ་བ། musk deer


༡ གླེང་སློང་བ།

དེ་ནས་བཅོམ་ལྡན་འདས་རྒྱལ་བ་འབྲོག་རྒན་རྡོ་རྗེ་འཆང་དེ་ཉིད་ཀྱི་འཁོར་དུ་སྤོབས་པ་མཐའ་ཡས་ལ་སོགས་པ་གངས་ཅན་ལྗོངས་སུ་ལྟེ་ཁྲག་བྱོ་བ། ལོ་གསུམ་གོང་ནས་མི་ཡུལ་གྱར་བ། ཤེས་རབ་ལ་གཞན་དྲིང་མི་འཇོག་པ། འཇིག་རྟེན་གསར་པའི་ལུགས་ལ་མཁས་པ། གློག་རླབས་ཕྲ་མོའི་སྣེ་ན་འགྱིང་བ། གླིང་དང་གླིང་ཕྲན་ཐམས་ཅད་ཉུལ་བ། སྐད་རིགས་དགུ་བཅུ་གོ་དགུ་བཤད་པའི་དེང་རབས་ན་གཞོན་འབའ་ཞིག་སྐོར་བ་དང་ཐབས་ཅིག་ཏུ་བཞུགས་སོ།། འོན་ཀྱང་དེ་ཐམས་ཅད་བོད་གངས་ཅན་གྱི་རི་དྭགས་དང༌། གཅན་གཟན་དང༌། འདབ་ཆགས་སོགས་ཀྱི་རིགས་སྤྱི་དང༌། ལྷག་པར་གླ་བ་གར་ཡོད་མི་ཤེས། གླ་རྩི་གང་ཡིན་མི་ཤེས་པ་ཤ་སྟག་གོ། དེའི་ཚེ་དེའི་དུས་ན་གནོད་སྦྱིན་སྡེ་དཔོན་ཆེན་པོ་སྤོབས་པ་མཐའ་ཡས་དེ་ཉིད་སྟན་ལས་ལངས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། འདི་ན་ལྷ་ཆེན་པོ་སྒོམ་སྡེ་ལྷ་རམས་པ་དང༌། ཀླུ་ཆེན་པོ་ར་ས་ཕོ་ཉ་ལ་སོགས་དབང་པོ་དང༌།
སྐལ་པ་དང༌། ལམ་མཐོན་པོ་ལ་གནས་དག་གིས་ཀྱང་གླ་བ་གང་ཡིན་མི་ཤེས་པ་དང་གླ་རྩི་གར་ཡོད་མི་ཤེས་ནས་ལམ་གོལ་བ་ཆེན་པོར་འཕྱན་པར་འགྱུར་བཞིན་པ་ལགས་པས་བཅོམ་ལྡན་འདས་ཀྱིས་གླ་བ་དང་གླ་རྩིའི་མདོ་ཞིག་བསྟན་དུ་གསོལ། ཅེས་ཞུས་སོ།། དེ་ནས་རྒྱལ་བ་འབྲོག་རྒན་རྡོ་རྗེ་འཆང་དེ་ཉིད་ཀྱིས་བོད་གངས་ཅན་གྱི་སྲོག་ཆགས་ཐམ་ཅད་ཀྱི་ངོ་བོ་དང༌། གཤིས་ཀ་ བྱུང་རབས་སོགས་མ་འདྲེས་པར་གསལ་བར་གཟིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གླ་བའི་གཟུངས་འདི་ཉིད་བཀའ་སྩལ་ཏོ།།


༢ གླ་བའི་ངོས་འཛིན།

གླ་བའམ་གླ་བ་སྨུག་ཆུང༌ཟེར། རྩྭ་གཟན་འོ་འཐུང་གི་རིགས་ཡིན། གཟུགས་ནར་མོ་སྒུར་དབྱིབས་ཅན། དེ་ལས་རོ་སྨད་མཐོ་བ། རྣ་ཅོག་རིང་ཤིང་གོར་མོ་ཅན། རོ་སྨད་རྒྱས་ཤིང་འཁྱིལ་བ། རྒྱབ་ནས་བལྟ་བའི་ཚེ་ལུས་ཡོངས་རོ་སྨད་ཀྱིས་སྒྲིབ་པ་ལྟར་བུ། རྔ་མ་ཅུང་ཆུང་བ། ཕོའི་རྔ་མ་ལ་སྤུ་མེད་པ། ཕོ་ཡི་རྔ་མ་འདི་ལས་དབང་ངམ་ན་ཚ་ཅི་ཞིག་གིས་ཟ་འཕྲུག་ཡང་ཡང་ལངས་ནས་ཡར་རྒྱུགས་མར་རྒྱུགས་བྱེད་ཀྱི་ཡོད་པ། རྡོ་སོ་དང༌། གད་པ། ཤིང་དུམ་སོགས་སུ་ཡང་ཡང་བརྡར་དགོས་བྱུང་བ། དེའི་དབང་གིས་སྤུ་དང་པགས་པ་ཟད་ནས་རྨ་ཤུ་ཐོན་པ། དེ་ལ་དབྱར་གྱི་དུས་སུ་འབུ་སྲིན་ཕྲ་མོ་རྣམས་རྨ་ཁ་དེར་འབབ་ནས་གཏན་དུ་སྡོད་འཇུག་གི་མེད་པ། དགུན་དུས་སུ་རྔ་མ་དེར་སྤུ་མེད་པས་གྲང་ངར་གྱིས་ཕྱིད་ནས་ཁྲག་དང་ཆུ་སེར་འཛག་པ། མདོར་ན་དུས་བཞིར་རྔ་མ་འདི་ཟ་འཕྲུག་ལངས་ནས་སྡོད་དུ་མི་གཅུག་ཅིང་ལྷག་པར་དགུན་ཁ་གྲང་ངར་ཆེ་བ་དང༌། དབྱར་ཀ་ཚ་བ་ཆེ་བའི་དུས་དེར་སྡུག་ཏུ་འགྲོ་བ། དེ་ལྟར་ཟ་འཕྲུག་འདི་མ་བརྡར་ན་ཡེ་ནས་མི་བཟོད་པས་གནས་ཡུལ་གྱི་རྒྱུ་ལམ་ངེས་ཅན་ཞིག་ནས་བྲག་སྣ་དང༌། ཤིང་སོ། གད་སྣ་སོགས་ལ་རྟག་པར་བརྡར་གྱི་ཡོད་པས་དེར་དྲི་མ་ངར་པོ་ཞིག་ཀྱང་འཐུལ་བཞིན་ཡོད་པ། རི་དྭགས་རྔོན་པ་རྣམས་ཀྱིས་རྔ་མ་བརྡར་ས་འདི་གང་དུ་ཡོད་པ་བཙལ་ནས་དེར་ས་རྙི་སོགས་རྒྱ་བཞག་ནས་རི་དྭགས་འདི་སྟབས་ཤིན་ཏུ་བདེ་བོ་ཞིག་གི་ཐོག་ནས་འཛིན་འགྲོ་བ་བཅས་ནི་ཅི་འདྲའི་ལས་ངན་ཞིག་རེད་ཨང༌། མོ་ཡི་རིགས་ལ་རྔ་མའི་དཀའ་ངལ་འདི་མེད། ཡང་ཡུལ་དེའི་ཉེ་སྐོར་དུ་གླ་བ་ཕོ་གཉིས་ཡོད་ན་ཁོང་གཉིས་རྟག་པར་འཛིང་ཤིང་འདེད་རེས་དང༌། སྡིག་རེས་བྱེད་པ། དེ་ལྟར་བག་མེད་དུ་གང་སར་འདེད་རེས་བྱེད་པ་སོགས་ཀྱིས་ཀྱང་རྔོན་པ་ལ་གོ་སྐབས་སྐྲུན་གྱི་ཡོད་པ། འོན་ཀྱང་ཁོ་གཉིས་ཞེ་གཏིང་ནས་འཆི་གསོན་ཐུག་པའི་དམར་འཛིང་བྱེད་ཀྱི་མེད་པ་མ་ཟད་རྩྭ་མཉམ་ཟ་དང༌། ཆུ་མཉམ་འཐུང་བྱེད་པ་སོགས་གཅིག་ཤོས་མེད་ན་གཅིག་ཤོས་དེ་སྡོད་མི་ཐུབ་པ་ལྟར་གང་སར་བཙལ་ནས་འགྲོ་གི་ཡོད། རྔོན་པ་རྣམས་ཀྱིས་གཅིག་ཤོས་དེ་སོད་ན་གཅིག་ཤོས་སྔར་གྱི་གནས་ཤུལ་དེར་སྒུགས་ནས་གསོད་ཆོག་པར་བཤད།
འདི་ལ་བོད་རྒན་རྣམས་ཀྱིས་གླ་བ་ཁ་འཐབ་ཟེར། ཡུལ་གྱི་ནང་དུ་ཞེ་ནས་མཐུན་ཞིང་རྟག་པར་ཁ་རྩོད་རྒྱག་མཁན་གྱི་མི་ལ་གླ་བ་ཁ་འཐབ་ཅེས་དཔེ་ཡི་སྒོ་ནས་མཚོན་པར་བྱེད། ཉིན་གུང་དང༌། མཚན་གུང་ལ་བྲག་སྐྱིབས་སོགས་སུ་ཡིབ་སྡོད་བྱེད་པ་དང༌། སྲོད་དང་ཐོ་རེངས་གཉིས་ནི་རྩྭ་དང་ལྕུག་ཕྲན་སོགས་གཟན་ལ་རོལ་བའི་དུས་ཡིན། རིལ་མ་གནས་གཅིག་ཏུ་སྤུངས་པར་བྱེད། གླ་བ་ཕོ་མོ་རིལ་མ་དང༌། གཅིན་པའི་དྲི་ཡིས་འབྱེད་པར་ནུས་ཟེར། གླ་བའི་ཤ་སྤྱི་དང་ལྷག་པར་ཕོ་ཡི་ཤ་ནི་ཡར་སོ་མཆེ་བ་ཅན་གྱི་ཤ་ཡིན་པས་ཁྱི་ཤ་དང་མཚུངས་པར་བཤད་ཅིང་ཕལ་ཆེར་ཟ་མི་མེད། ལྷག་པར་ཤ་འདི་ལ་གླ་རྩི་དྲི་མ་འདྲ་བོ་སྣས་མི་བཟོད་པར་བྲོ་གི་ཡོད་པས་ཟ་མི་ཐུབ་པ་ཡིན། འོན་ཀྱང་གླ་ཕོའི་རྔ་མ་འདི་ནི་ཞིམ་མངར་ཅན་ཞིག་ཡིན་པར་བཤད་ནས་ཟ་མཁན་རེ་གཉིས་ཡོད་སྲིད་པ་འདུག ངག་རྒྱུན་དུ། ཞིམ་པོ་ཁ་གང༌། གླ་བའི་རྔ་མ། ཟེར། འདི་ནི་ཚིལ་དང་མར་ཁུ་རང་བཞིན་ཅན་དྲོད་ཤུགས་ཆེ་བ་ཞིག་སྟེ། རྟ་དབུགས་ཐག་བུད་པ་དགུན་ཁ་ལྷག་གདོང་ཤིན་ཏུ་གྲང་བའི་སྐབས་དེར་སྤྲད་གི་ཡོད། གླ་བའི་སྤུ་ནི་ཤིན་ཏུ་རྩུབ་ཅིང་བཀུག་ན་ཆག་འགྲོ་སྙམ་པ་ལྟ་བུ་ཡོད། གླ་བ་ཡོད་སའི་གནས་དེར་སྦྲུལ་ཡོད་ན་གླ་བའི་སྤུ་ཟུག་ནས་འཆི་འགྲོ་བར་གྲགས། གླ་ལྤགས་མཉེད་མ་འདི་ནི་ཁྲོག་སྨན་སོགས་ཀྱི་སྨན་ཁུག་བཟོ་བ་ཡིན། ཡང་ཕོ་ཡི་ཡ་སོའི་མཆེ་བ་རིང་པོ་ཕྱིར་མངོན་པ། མོ་དེ་ལས་ལྡོག་པ། ཕོ་ཡུ་མོ་ཡུ་ཡིན་པ་བཅས་ནི་གླ་བ་སྤྱི་ཡི་ཁྱད་ཆོས་རེད། མང་ཁྲོད་ཀྱི་ཁེད་དུ། གླ་ཨ་ཐེ་ཞིག་ལ་ཐེ་དགུ་ཡོད།། གླ་ལྤགས་སྐྱ་མོ་དར་ལ་ཐེ།། གླ་རྩི་བཟང་དྲུག་སྨན་ལ་ཐེ།། རྣ་ཅོག་སྨུག་ཆུང་དྲེལ་ལ་ཐེ།། སྤུ་རྩེ་ནག་པོ་ནོར་ལ་ཐེ།། སྤུ་སྐེད་ཚེ་ཚེ་ར་ལ་ཐེ།། སྤུ་རྟིང་གཡང་དཀར་ལུག་ལ་ཐེ།། གཞན་རྣམས་མ་དྲན།
༣ གླ་བའི་དབྱེ་བ།

དེང་དུས་ཚན་རིག་པས་དཔྱད་བརྗོད་དང་བསམ་ཚུལ་ཞིག་སྤེལ་གྱི་ཡོད་པ་འདི་དག་འཛམ་གླིང་གི་གླ་བ་སྤྱི་དང་སྦྲེལ་ནས་བཤད་ཀྱི་ཡོད་པས་དབྱེ་བ་འདི་དག་སྐབས་སུ་མ་བབ། བོད་ཡུལ་གྱི་གླ་བ་འདི་ལ་རིགས་གཉིས། གླ་ནག་དང༌། གླ་སྐྱ་གཉིས། འདི་གཉིས་ཀྱི་ཁྱད་པར་ནི་གཙོ་བོ་གནས་ཡུལ་མི་འདྲ་བའི་དབང་གིས་བྱུང་བ་ཡིན། རྨ་ཆུ། འབྲི་ཆུ། རྫ་ཆུ། རྒྱ་མོ་རྔུལ་ཆུ་སྟེ་ཆུ་བོ་ཆེན་པོ་བཞི་ཡི་འབབ་རྒྱུན་གྱི་སྨད་ཕྱོགས། མདོར་ན་ལྕང་མ་དང་གླང་མ་སོགས་ནགས་རོང་སྟུག་པོའི་གསེབ་ཏུ་གནས་པ། ཤིང་སྡོང་སོགས་སུ་ཅུང་ཙམ་འཛེགས་ཐུབ་པ། མདོག་ཁམ་ནག འཕོང་ཚོས་སེར་ཤས་ཆེ་བ། འདི་ལ་གླ་ནག་ཟེར། ཡང་རྫ་གསེབ་དང༌། བྲག་བར། ས་ཁད་མཐོ་སྒང་དུ་གནས་པའི་རིགས་རྣམས་ལ་གླ་སྐྱ་ཟེར་ཞིང་གླ་ནག་ལས་ཆེ་བ་ཡིན།

༤ གླ་བའི་བྱུང་རབས།

དེང་སང་ཚན་རིག་པས་སྲོག་ཆགས་འདི་ནི་ཆེས་གདོད་མའི་སྲོག་ཆགས་དཀོན་གྲས་ཤིག་སྟེ་གླིང་ཆེན་ཨེ་ཤ་ཡའི་མངའ་ཁོངས་མ་གཏོགས་མེད་པར་བཤད།འོན་ཀྱང་ཏུང་ཧོང་ཡིག་ཆ་སོགས་བྱུང་རབས་རྙིང་པ་རྣམས་སུ་གླ་རྩི་སྨན་དུ་བཀོལ་བ་གསལ་བ་དང༌། བོད་ཀྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་སྐབས་སུ་ལི་ཡུལ་གྱི་རྒྱལ་པོ་ལ་རི་དྭགས་འདི་ཉིད་སྤོས་ཀྱི་གླང་པོ་ཞེས་པའི་མིང་ཐོག་ནས་ལི་བོད་བར་གྱི་ལེགས་སྐྱེས་སུ་ཕུལ་བ་གསལ་ཏེ་སྦ་བཞེད་༧༦ལས། གླ་བ་གཅིག་ལྕགས་ཀྱི་དྲ་བར་བཅུག་ནས་འདི་བོད་ཀྱི་བཙན་པོའི་སྤོས་ཀྱི་གླང་པོ་ཡིན་པས་འདི་བཞེས་ལ། ལི་སྤྱོད་པའི་རྒྱལ་པོ་ཞེས་པ་བཟོ་བོ་མཁས་པ་ཞིག་ཡོད་ཟེར་བ་དེ་བོད་ཀྱི་བཙན་པོའི་ཐུགས་དམ་གྱི་ལྷ་ཁང་གི་བཟོ་བྱེད་པ་ལ་གནང་བ་ཞུ་བྱ་བ་དང༌། དེ་མ་གནང་ན་བཙན་པོའི་ཐུགས་ཁྲོས་ནས་དམག་འདྲེན་ནོ་བྱ་བའི་སྒྲོམ་བུ་བསྐུར་ནས་ཕོ་ཉ་བཏང༌། ཕོ་ཉ་བས་དེ་ལི་རྗེ་ལ་ཕུལ་བས། ལི་རྗེས་བཀའ་སྒྲོམ་གཟིགས་ནས། སྤོས་ཀྱི་གླང་པོའི་ཆུ་དང་རིལ་མ་ཚུན་ཆད་སྤོས་སུ་བྱུང་བས་ཞུ་རྟེན་ལའང་མཉེས། བཙན་པོའི་བཀའ་མ་ཉན་ན་དམག་ལའང་འཇིགས་ནས། བཀའ་སྒྲོམ་ནས་བྱུང་བ་ལྟར་རྫོང་བར་ཆད་ནས། ཞེས་གསལ་བ་ལྟར་བོད་བཙན་པོའི་དུས་སུ་ཕྱི་ཕྱོགས་འབྲེལ་བ་འཛུགས་པའི་ཆེད་དུ་རི་དྭགས་འདི་དག་ལེགས་སྐྱེས་སུ་འབུལ་བའི་སྲོལ་ཡོད་པ་ལས་གང་བྱུང་གསོད་བཟུང་བྱེད་གི་མེད་པར་ངེས། ཡང་དཔོན་དང་བླ་མ་འགའ་ཞིག་གིས་གླེའུ་ཆུང་ངུའི་དུས་ནས་བཟུང་སྟེ་བདག་ཉར་བྱས་ཡོད་ཀྱང་ཕལ་ཆེར་ནི་མགྲོན་པོ་གསར་པ་ལྟར་བུ་འབྱོར་སྐབས་གྲིབ་འདྲ་བ་ཞིག་གིས་ཤི་འགྲོ་བར་བཤད། རེ་གཉིས་གསོན་པོར་གནས་པའང་ཡོད་འདུག ང་རང་གཡག་ལུག་གི་རྫི་བོ་འགྲོ་ཐུབ་ཙམ་གྱི་སྐབས་སུ་རི་ནས་འགྲོ་སྐབས་གླ་བ་ཁ་འཐབ་དང༌། གླ་བ་ཕོ་མོ་མང་པོ་མཐོང་རྒྱུ་ཡོད་ཅིང༌། བྲག་ཕུག་ནས་གླ་བ་ཉྭ་བཟུང་བྱས་ཏེ་དབུགས་བཀག་ནས་བསད་པ་མིག་གིས་མཐོང་མྱོང༌། དེ་ནས་རིམ་གྱིས་གླ་རྩི་གོང་ཚད་ཆེ་རུ་སོང་བས་ཡུལ་གང་ཞིག་ཏུ་གླ་བ་ཞིག་ཡོད་པ་ཐོས་ན་དེར་ཉལ་ཆས་ཁུར་ནས་བསྒུགས་སྡོད་བྱེད་ཅིང་མེ་མདའ་དང་རྒྱ་རྙི་སོགས་ཀྱི་འོག་ནས་གཅིག་ཀྱང་ཐར་བ་མངག་གི་མི་འདུག་པས་ཕལ་ཆེར་རྩ་སྟོང་དུ་བཏང་ཚར་བའི་ཚོད་ཡིན།

༥ གླ་རྩི།

གླ་རྩི་ནི་གླ་བ་ཕོ་ཡི་ཕོ་མཚན་གྱི་སྔོན་དེར་ཁུག་མ་ཞིག་གི་ནང་དུ་ཡོད་པ་ཡིན། དེ་ནི་སེམས་ཅན་གཞན་གྱི་ལྟེ་ཐག་ཆད་པའི་ཐད་དེར་རེད། རྗེ་ས་པཎ་གྱིས། དྲི་ཞིམ་བྱུང་ན་རི་དྭགས་ཀྱི།། ལྟེ་བ་ལས་ཀྱང་གླ་རྩི་ལེན།། གསུངས་པ་ལྟར་ལྟེ་བ་རང་ལ་ཡོད་པ་ཡིན། སྤྱིར་གླ་བ་སྐྱེས་ནས་ལོ་ན་གསུམ་ཙམ་མ་ཟིན་གྱི་བར་དེ་གླ་རྩི་གསོག་ཐུབ་ཀྱིན་མེད་པར་སྐབས་དེ་དག་ཏུ་རྩི་ཁུག་དེ་རྣག་གིས་གང་ནས་ཡོད། ཡང་གླ་ཕོ་ཁ་ཤས་གཏན་ནས་གླ་རྩི་གསོག་མི་ཐུབ་པར་ཡོད་པ་ལ་ཡུལ་མིས་འགོང་པོ་རྩི་སྟོང་ཟེར། དབྱར་ཉི་ལོག་སྐབས་ཉི་མ་ལོག་རྩི་ཞེས་གླ་རྩི་ཁུག་མ་དེ་ཕལ་ཆེར་ཆུས་གང་ནས་ལྷུག་ལྷུག་གྱུར་ཅིང་ནང་ནས་གླ་རྩི་རྡོག་རྡོག་ཆེར་ལེན་རྒྱུ་མེད་པ་དེ་འདྲ་བ་ཡོང་བས་དབྱར་རྩི་ངན་པ་དང༌། དགུན་རྩི་བཟང་བ་ཡིན། གནའ་དུས་སུ་གླ་རྩི་ཆེ་ཆུང་འཇལ་ཐབས་ཤིག་ནི་ཁ་ཡི་ནང་དུ་བཅུག་པ་ཡིན། གླ་རྩི་ཆེ་ཤོས་ནི་ཁ་ཡི་ནང་དུ་མི་འགྲོ་བ་ཡོད་པ་ཡིན་ལ་དེ་ལ་བྱཁ་རྩི་མི་འཕྲོད་པ་ཟེར་ཞིང་ཆེས་ཆེའི་མཐར་ཐུག་པར་བཤད། གླ་རྩི་ལེན་སྟངས་ནི་དབོ་འོག་པགས་པ་ཕལ་ཆེར་གོར་མོ་བྱེད་ནས་ལེན་དགོས་པ་མ་ཟད་གཅིན་རྒྱུད་ཀྱང་མཉམ་དུ་བཀོག་དགོས་ཀྱི་འདུག འོན་ཀྱང་རླིག་རིལ་མ་བཀོག་ཀྱང་ཆོག འདི་གླ་རྩི་མ་རེད། དེ་ནས་ཁབ་སྦོམ་པོ་ཞིག་གིས་གཅིན་རྒྱུད་སོགས་རྒྱུས་པའི་རིགས་རྣམས་རྩི་ཁུག་ནང་དུ་དྲངས་ན། དེས་སྲང་ལ་འཇལ་སྐབས་ལྗིད་ཚད་མཐོ་རུ་ཡོང་བ་ཡིན་ཟེར། རྔོན་པ་དང་གླ་རྩི་ཉོ་ཚོང་བྱེད་མཁན་རྣམས་ལ་ལྕགས་ཐུར་སྣེ་མོ་གོར་གོར་ཅན་རྣ་ཅོག་གཤང་བྱེད་འདྲ་བ་ཡོད། འདི་ལ་རྩི་ཁབ་ཟེར། རྩི་ཁབ་ཀྱིས་གླ་རྩི་དག་མིན་ལྟ་སྐབས་ཀྱང་རྒྱུས་པའི་རིགས་རྣམས་ཕྱི་རུ་མཐེན་མི་ཐུབ་པས་རྫུས་མ་ཐོན་གྱིན་མེད་ཟེར། དེ་ནས་གླ་རྩི་དེའི་མཐའ་སྐོར་ནས་ཤིང་ཕྲན་གོར་མོ་ཞིག་གི་མཉམ་དུ་ཚེམས་དགོས། དེ་ལ་རྩི་ར་བཀུག་ཟེར། དེས་སྐམ་སླ་བ་དང༌། མིག་ལ་རྔམས་པ་སོགས་ཀྱིས་ཆེད་ཡིན། གླ་ནག་གི་རྩི་བཟང་བ་དང༌། གླ་སྐྱའི་རྩི་ངན། ནང་དུ་རྩི་རིལ་གཅིག་རྡོག་ཡིན་པར་རབ་དང༌། རྩི་ཕྱེ་ཅན་ཐ་མ། མདོག་དམར་སེར་མཆོག་དང༌། ཁམ་ནག་ངན་པ་བཅས་སོ།། གླ་རྩིའི་ཕན་ཡོན་ནི། གླ་རྩི་སྦྲུལ་གྱི་གཤེད་མ་ཡིན་པ་མདོ་རྒྱུད་བསྟན་བཅོས་ཀུན་ལ་ཡོངས་གྲགས་ལྟར་དང༌། སྨན་གཞུང་ལས། གླ་རྩིས་དུག་སྲིན་མཁལ་ནད་གཉན་ཚད་སེལ།། ཞེས་སོ།།

དེ་ལྟར་གླ་བའི་གཟུངས་འདི་རས་སམ། ཤིང་ཤུན། གྲོ་ག་དང༌། སླེ་ཏྲེ་སོགས་ལ་བྲིས་ཏེ། གནམ་གྲུ་འབབ་ཚུགས། ལམ་གྱི་གཞི་མདོ་སོགས་འཛམ་གླིང་གང་སར་བསྒྲགས་ཅིང༌། སྤེལ་བ་དང༌། འཆང་བ། ཀློག་པ་སོགས་བྱས་ན་གླ་བའི་ཚེ་ཚད་རིང་དུ་འགྲོ་བ་དང༌། གླ་བ་ཡུལ་ན་གནས་པས་དེས་གཉན་རིམས་སོགས་ནད་རིགས་དུ་མ་སྔོན་འགོག་ནུས་པ་དང༌། མི་རབས་ཕྱི་མ་རྣམས་ཀྱིས་གླ་བའི་ངོ་མཐོང་བ་སོགས་ཕན་ཡོན་བསམ་གྱིས་ཁྱབ་བོ།། འདི་ལ་འཁྲུགས་པ་དང༌། གབ་པ། ནོར་བ་སོགས་འདུག་ན་ལྷ་ཆེན་པོ་དང༌། ཀླུ་ཆེན་པོ། སྤོབས་པ་ཆེན་པོ་རྣམས་ནས་དྲང་ངེས་དང༌། ལྷན་ཐབས། ཟུར་བཀོལ་སོགས་ཀྱི་བསྟན་བཅོས་སྤེལ་བར་རིགས་སོ།། གླ་བའི་གཟུངས་རྫོགས་སོ།།

Monday, January 4, 2010

ཉི་མ་གཟས་ཟོས་སོང་།


གསེར་འོད་ལམ་ལམ་འཕྲོ་བའི་དགོན་པའི་ནང་དུ་མཁར་རྔ་སིལ་སིལ་གྱིས་གྲགས་སོང། མཁན་རིན་པོ་ཆེའི་ཞལ་ཁྱིམ་ལའང་སྐྱོ་ཉམས་ཤིག་བསྡུས་ནས་འདུག་པས་དེ་རིང་གནས་ཚུལ་དམིགས་བསལ་བ་ཞིག་ཡོད་པར་དཔོགས་ཐུབ། དེ་ནས་བླ་མས།
࿊ཟླ་འཛིན་དུས་སུ་བྱེ་བ་བརྒྱ་འགྱུར་དང་།། ཉི་འཛིན་དུས་སུ་བྱེ་བ་སྟོང་དུ་འགྱུར།།
མྱ་ངན་འདས་སོགས་སྟོན་པའི་དུས་ཆེན་ལ།། བྱེ་བ་འབུམ་དུ་འགྱུར་བ་མདོ་ལས་གསུངས།།
ཞེས་པ་སོགས་མདོ་རྒྱུད་ཁུངས་མ་རྣམས་ཀྱི་ལུང་ཚིགས་མང་ཙམ་སྐྱོར་ཞིང་ཉི་ཟླ་གཟས་བཟུང་བའི་སྐབས་སུ་རྣམ་དཀར་དགེ་བ་ལ་གཅིག་ཏུ་འབུངས་དགོས་པ་དང་། ད་དུང་རྒྱུ་མཚན་ནི་ལྷ་ཡི་བུ་ཉི་མ་དང་ཟླ་བ་གཟའ་འམ་ཡང་ན་འབྱུང་ཨོག་རལ་མ་ཟེར་བ་ཞིག་གིས་ཁ་ནས་མིད་འགྲོ་བ་དང་། འོན་ཀྱང་ཨོག་ཞབས་ནས་རལ་ནས་ཡོད་པས་དེའི་ནང་ནས་ཕྱིར་ཐོན་འགྲོ་བར་གསུངས་ཤིང་ཉིན་ཞག་གཅིག་དང་ལྷག་པར་ཉི་ཟླ་གཟའ་ཡི་མ་གཏང་གི་བར་དུ་དགེ་བའི་ལས་ལ་གཅིག་ཏུ་བརྩོན་དགོས་པར་བཤད་ཅིང་ཁོང་ཉིད་ཏིང་ངེ་འཛིན་སྒོམ་པའི་གྲབས་ཤོམས་བྱས།
དབང་ཕྱོགས་རི་བོའི་རྩེ་ནས་ཟླ་བའི་དཀྱིལ་འཁོར་གསལ་བ་དང་ལྷན་དུ་དུས་རྒྱུན་དང་མི་འདྲ་བར་གྲོང་མི་ཁྱིམ་མཚེས་རྣམས་ཀྱང་རང་རང་གི་ཁང་སྒོར་ཐོན་ནས་མིག་གིས་ཅེར་རེ་ལྟ་ཞིང་རྣ་བས་ཀྲོང་ངེ་ཉོན། དེ་ནས་རིམ་གྱིས་ཟླ་བ་སྒྲིབ་མགོ་རྩོམ་པ་ན་རྒན་རྒོན་རྣམས་ཀྱིས་མ་ཎི་རྒྱང་འབོད་བྱེད་ཀྱིན་ཡོང་གི་ཡོད་ལ་བྱིས་པ་སྣབས་ལུགས་རྣམས་ཀྱིས་ཀི་ཤར་རེ་བྱེད་ཙམ་བྱེད། ཕོ་གསར་དར་མ་རྣམས་ཀྱིས་མེ་མདའ་བརྡེགས་པ་དང་ཁྱི་རྦོད་པ་སོགས་བྱེད། ད་དུང་སྔགས་པ་སོགས་ཀྱིས་དུང་འབུད་པ་དང། རྔ་བརྡུང་པ་སོགས་བྱེད་ནས་ལྷིང་འཇགས་ཀྱི་ནམ་གུང་ཀུ་ཅོས་བསྐྱལ། དུས་ནམ་ཞིག་ན་སྔར་ལམ་ལྟར་ཟླ་བའི་དཀྱིལ་འཁོར་དགུང་སྔོན་དབྱིངས་སུ་ལྷམ་མེར་རྒྱུ་བ་ན་དབུགས་རིང་ཞིག་ནར་ནར་འཐེན་བཞིན་རང་ཁྱིམ་དུ་འཚུབས་སེ་འཛུལ་འགྲོ་ལ་ད་དུང་སྔ་མ་ལྟར་སེམས་ཁམས་བག་དྲོ་བོ་ཞིག་མེད་པར་སྲོག་ཆགས་གང་ཞིག་མི་བསྲུན་པ་ངར་མ་ཞིག་གིས་ཟོས་སོང་བ་དེ་བརྗེད་མེད། གླེགས་བམ་དུད་དྲེག་ཅན་དེ་དག་གི་མདུན་དུ་མར་མེ་གསལ་ཏིང་ཏིང་འགའ་ཕུལ་ནས།
ཨ་དཀོན་མཆོག་མཁྱེན། ད་དེ་འདྲ་རེད། མི་རྟག་པ། ཨོཾམཎིཔདྨེཧཱུཾ་་་་་་་་་་་་་་་་་་་་་་་ཨོཾམཎིཔདྨེཧཱུཾ་་་་་་་་་་་་་་་་་་་་་་་ཨོཾམཎིཔདྨེཧཱུཾ

࿊གོང་གི་ཚིགས་བཅད་དེ་སྔོན་མ་གཅིག་མཐོང་མྱོང་ཡོད་ནའང་ད་ལྟ་གཞུང་གང་ཡིན་ཙམ་ཡང་ཞུ་མི་ཐུབ་ཅིང་དག་མིན་ཡང་སུས་ཤེས། དྲ་གྲོགས་རྣམས་ནས་གསལ་ཆ་ཡོད་ན་བཅོས་རོགས།
༼བོད་རྒྱལ་ལོ་༢༡༣༦ས་གླང་མགོ་ཟླ་བའི་གནམ་གང་དང་། ཕྱི་ལོ་༢༠༡༠ཟླ་དང་པོའི་ཚེས་༡༥ཉིན།༽

དེ་རིང་ཉི་འཛིན་གི་གློག་བརྙན་འདི་ན་འདུག http://news.bbc.co.uk/2/hi/south_asia/8461356.stm

ཟིན་བྲིས་དང་པོ།


ཕྲ་རབ་རྡུལ་གྱི་འགྱུར་བ་ཡོམ་ཡོམ་ངོས།།

ཀུན་རྟོག་ཀློང་དུ་ཉར་བའི་སེམས་ཀྱི་ཚོར།།

མི་བརྟན་ལག་པས་ནེམ་ནེམ་གནན་པ་འདི།།

དེང་གི་དུས་སུ་ཟིན་བྲིས་སྤེལ་བར་གྲགས།།