Sunday, December 5, 2010

མདའ་མོ་དོང་ལས་ཤོར་ཚུལ།













༄༅།། ཡན་ལག་དྲུག་ཅུའི་དབྱངས་རྟ་རིང་མོས་སྐལ་ལྡན་འགྲོ་བ་ལམ་སྣ་ཟིན།།
ལ་ཁའི་ལུག་རྫིའི་དྲུག་འགྱུར་སྙན་མོས་རི་དྭགས་ཤ་བ་གཤེད་མས་དཀྲོངས།།
འདོད་ལྡན་གཞོན་ནུའི་ཆགས་གཏམ་མངར་མོས་ན་ཆུང་བུ་མོ་གཡང་དུ་བརྫང་།།
ཁྱོད་ཀྱི་འདོད་པའི་གཏམ་ཡན་དེ་ཡིས་བདག་གིས་སེམས་ཁམས་ཆུ་བཞིན་གཞུར།།

མནན་ན་མི་ནོན་གྱེན་དུ་འཕྱུར་བ་ཉོན་མོངས་མེ་ཡི་གཤིས་ཀ་དང་།།
བཀག་ན་མི་ཁེགས་ཐུར་དུ་གཞུར་བ་འདོད་པའི་ཆུ་བོའི་དན་རྟགས་དང་།།
ཇི་ཙམ་སེམས་ཀྱང་མངར་ཁ་མི་རྫོགས་བརྩེ་དུངས་དམར་མོའི་གནས་ལུགས་སྟེ།།
འདི་དག་རྟེན་འབྲེལ་སྒྱུ་མའི་འཕྲུལ་གྱིས་དོན་གྱི་གཞིན་རས་མཚོན་ཚུལ་ལོ།།

ན་ཆུང་མཛེས་མའི་འཛུམ་མདངས་འདི་ནི་ཕོ་སེམས་བསླུ་བའི་གདོན་འཕྲུལ་སྟེ།།
རྨོངས་བྱེད་རེངས་བྱེད་རྨུགས་བྱེད་དང་ནི་བདུད་ཀྱི་ཞགས་པ་ལ་སོགས་པའི།།
དོན་གྱིས་ཟབ་པའི་བརྡ་ཆད་དུ་མས་ལིང་གྱིས་བཀབ་པའི་མེ་འོབས་འདིར།།
ཁ་ཕོ་ཅན་གྱི་ཕོ་རྒོད་སུ་ཡང་སྲིན་འབུ་བཞིན་དུ་ཉམས་རེ་ཆུང་།།

སེམས་ན་ལྷུངས་པའི་བུ་མོའི་ཆེད་དུ་ཁྲག་དང་མིག་ཆུའི་ལོ་རྒྱུས་ཡོད།།
སེང་ལྕམ་འབྲུག་མོའི་འཇོ་སྒེགས་དེ་ཡིས་ཧོར་གྱི་འབུམ་དམག་གླིང་ལ་དྲངས།།
གླིང་གི་གཅེས་ཕྲུག་ཧོར་གྱིས་དཀྲོངས་ཤིང་ཧོར་གྱི་རྒྱལ་བུ་གླིང་གིས་བསད།།
འབུམ་དམག་བཅུ་གཉིས་གཡུལ་དུ་ཤི་བས་དྭ་ཕྲུག་ཡུགས་མོས་ས་གཞི་ཁེངས།།

གཡག་ལ་སེར་པོ་རོ་ཡིས་འདན་ཞིང་རྨ་ཀླུང་རིང་མོ་ཁྲག་གིས་འུར།།
སྡེ་ཆེན་གཉིས་པོ་བརྩད་པའི་མཐའ་མ་འབྲོག་མོ་ལན་བུ་སིལ་བསླས་ཅན།།
ཐམས་ཅད་ཤི་བའི་ལོ་ཟླ་དེ་ལ་གུར་དཀར་ཚང་གིས་བག་སྟོན་བྱས།།
སྲིན་བུ་དང་མཚུངས་ཧོར་གྱི་རྒྱལ་པོ་སེང་ལྕམ་འདོམས་ཀྱི་མེ་ལ་ལྕེབས།།

ཇ་མཁར་རིང་མོའི་སྒྱིད་པུ་མཚམས་ན་ཕོ་ཡུགས་ལུས་པའི་ཇོ་རུ་བུ།།
བརྩེ་དུངས་དམར་མོའི་གཟི་ཁ་ཞིག་གིས་མི་གཅིག་རྟ་གཅིག་ཧོར་ལ་འཁྱམས།།
ཨེ་ཤ་ཡ་ཡི་དམག་ཆེན་འདི་ཉིད་མཛེས་མའི་འཛུམ་ལས་བྱུང་བ་དང་།།
འདི་ནི་ཕོ་སེམས་མོ་ཡིས་བསླུས་པའི་ཆགས་སྲེད་དམར་མོའི་ཆོ་འཕྲུལ་ལོ།།

ཡང་གཅིག་གསོན་དང་མེ་ཏོག་མ་ཁྱོད་དངོས་བྱུང་ལོ་རྒྱུས་འདི་ལྟར་ཡོད།།
གཞོན་ནུ་དོན་འགྲུབ་ས་འཚོའི་བྲང་ན་མངར་དགུ་ཞིམ་བཅུའི་བྲོ་བ་མྱོང་།།
དགེ་སློང་འཆར་ཀས་མཛེས་མ་མཐོང་ཚེ་ཤམ་ཐབས་ལྟེབས་སུལ་དབྲེ་བོ་བཟོས།
ར་མཱ་ཎ་ཡིས་སི་ཏཱའི་ཆེད་དུ་ལངྐའི་གྲོང་ཁྱེར་མེ་ལ་ཕུལ།།

སྲོང་བཙན་སྒོམ་པོས་བུ་མོའི་ཆེད་དུ་རྒྱ་ཡི་ཕ་མཁར་མདུང་གིས་དཀྲུགས།།
ཇིང་གིར་རྒྱལ་པོས་ལོ་གསུམ་གོང་ནས་ན་ཆུང་བུ་མོ་གདམ་གསེས་བྱས།།
ཚངས་དབྱངས་རྒྱ་མཚོ་གསེར་ཁྲི་འགྱིང་ཡང་གྲོང་འདབས་བུ་མོ་སྤྱན་ལ་ཐོགས།།
དགེ་འདུན་ཆོས་འཕེལ་ལྷོ་ལམ་རྒྱུད་དུ་དགེ་སློང་སྡོམ་པ་ཐེངས་དགུ་ཤོར།།

རྒྱལ་པོས་མིག་ལ་མཛེས་མ་ཐོགས་ན་རྒྱལ་སྲིད་འཁོར་བཅས་རྩྭ་ལྟར་དོར།།
གཅོད་པའི་མིག་ལ་བུ་མོ་ཟུགས་ན་རྐང་གླིང་ཌཱ་རུ་གཡང་དུ་བསྐྱུར།།
བླ་མའི་ལག་ལ་བུ་མོ་སླེབས་ན་ཆོས་གོས་རྒྱབ་ནས་ཕུད་ལོང་མེད།།
དགེ་སློང་སྙིང་ལ་མཛེས་མ་ཟུགས་ན་སྡོམ་པ་ཐལ་བ་བཞིན་དུ་འདོར།།

འདི་དག་བསམ་ན་བུ་ནི་བུ་མོས་སྣ་ལོ་བཞིན་དུ་གར་ཡང་ཁྲིད།།
རི་བོ་བསྒུལ་ཞིང་རྒྱ་མཚོ་དཀྲུགས་པའི་བྱུར་གྱི་སྣ་འདྲེན་གྱུར་པ་ཡི།།
འདོད་པའི་རྩལ་རྫོགས་སྨན་ཤར་མོ་འདི་མི་ཡི་ཡུལ་གྱི་རིན་ཆེན་དང་།།
ཕོ་ལུས་ཡོངས་ཀྱིས་ལོངས་སུ་སྤྱོད་འོས་འཆི་མེད་བདུད་རྩི་ཕུང་པོ་ལོ།།

ཁ་ཕྱོགས་ངེས་མེད་རླུང་ཡན་བཞིན་དུ་ཡར་གླིང་རྒྱལ་ཁམས་ཉུལ་བའི་དུས།།
གདོང་དམར་ཅན་གྱི་ཁྲག་ལས་ཆད་ཅིང་མི་ཡི་བྲན་དུ་འཚོ་བ་ཡི།།
ཕུན་ཚོགས་སྒེགས་མོའི་ཆགས་ཉམས་དེ་ཡིས་ཡིད་དབང་ཅུང་ཟད་གཡོས་པ་ན།།
ལས་བྲེལ་མེད་པའི་དུས་སྐབས་ཤིག་ཏུ་སྙན་མོ་དྲུག་འགྱུར་གླུ་རུ་གྱེར།། །།

མ་ལེ་ཤི་ཡ། (crystal crown hotel) ཆུ་ཤེལ་ཅོད་པཎ་གྱི་མགྲོན་ཁང་དུ།