Sunday, March 6, 2011

མེ་ཏོག་སྤྲུ་མའི་ཁོར་ཡུག


དེང་སང་རྒྱ་སྤྱི་གསར་ལམ་ཁག་ན་དབྱིན་མིང་དུ་(jasmine)ཞེས་མེ་ཏོག་ཞིག་གི་མིང་ལས་འཕྲོས་ནས་གསར་བརྗེའི་རྦ་རླབས་ཞིག་དཀྱིལ་ཤར་ཡར་གླིང་གི་དབུས་སུ་ཁྱབ་ནས་མེ་ལྩེ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་མཆེད་བཞིན་དུ་ཡོད་པ་རེད། ཞི་བའི་ལས་འགུལ་འདིས་གཉའ་ནས་གནོན་པའི་གཏེ་བོ་འགའ་ཞིག་གན་སྐྱལ་དུ་བསྒྱེལ་ནས་ཉམ་ཆུང་འགྲོ་བ་རྣམས་རང་དབང་དང་ཞི་བདེའི་ས་ཚིགས་ཤིག་ཏུ་བསྐྱེལ་བའི་ཕོ་ཉ་ཞིག་ཡིན་པ་རེད། ང་ཚོ་ཁ་བ་བོད་པ་ཚང་ལ་མཚོན་ན་ཞི་བའི་མེ་ལྕེ་འདི་འདྲ་བ་ཞིག་གང་ནས་ཐོག་མར་མགོ་འབུས་པ་དང་། བར་དུ་ཚ་རླབས་ཇི་ལྟར་ཆེ་བ། ཐ་མ་འབབ་ས་གང་ཞིག་ཏུ་ཡོང་བ་སོགས་བསམ་གཞིག་བྱེད་མཁན་ཉུང་ཉུང་ཙམ་དུ་མ་ཟད་ཉིན་ཤས་རིང་གི་སྔོན་ནས་གསར་འགྱུར་འདི་འདྲ་དྲ་ངོས་སུ་འགོད་མཁན་རྣམས་ལ་མེ་ཏོག་འདི་ཉིད་ཀྱི་བོད་མིང་རྣལ་མ་ཞིག་མ་རྙེད་ནས་བ་སྤྲུ་དང་། ཡང་འགའ་ཞིག་གིས་བ་སྤུ་ཡང་ཟེར། ཁ་ཤས་ཀྱིས་མ་ལི་ཀ་ཞེས་ལེགས་སྦྱར་གྱི་ཐ་སྙད་དེ་དག་བཀོད་པ་སོགས་གཅིག་གྱུར་བརྡ་ཆད་ཞིག་བཀོལ་ཐུབ་མེད་པ་རེད། དེ་རིང་གུང་སེང་དང་བསྟུན་ནས་མེ་ཏོག་འདི་ཡིས་དངོས་མིང་གང་ཡིན་ལ་ཞིབ་འཇུག་ཕྲན་ཙམ་བྱས་པའི་གྲུབ་དོན་འདི་ཉིད་ལོ་སར་གྱི་ལེགས་སྐྱེས་ཀྱི་ཚོད་དུ་དྲ་གྲོགས་རྣམས་ལ་འབུལ་བ་ཡིན་པས་ཧབ་ཐོབ་མེད་པར་དགྱེས་བཞེས་གནང་རོགས།
དབྱིན་མིང་དུ་གོང་དུ་གསལ་བ་བཞིན་(jasmine)དང་། འདི་ནི་་མཛམ་གླིང་ཤར་ནུབ་གང་སར་སྐྱེ་བའི་མེ་ཏོག་ཅིག་ཡིན་པས་རང་རང་གི་ཡུལ་དུ་མིང་སྣ་ཚོགས་པ་དང་། མེ་ཏོག་འདི་ཉིད་བེད་སྤྱོད་བྱེད་སྟངས་ཀྱང་སྣ་ཚོགས་པ་ཞིག་ཡོད་འདུག ནུབ་ཕྱོགས་ཀྱི་ཡུལ་གྲུ་རྣམས་སུ་ནི་མེ་ཏོག་འདི་ཉྀད་ལ་ལས་སྣོན་བྱས་ནས་སྐུད་མཉེ་བྱུགས་སྣུམ་གྱི་རིགས་དང་། དྲི་བཟང་གཏོར་ཆུ་རིན་གོང་མཐོ་བོ་ཅན་དང་། གདུག་སྤོས་རིགས་དུ་མ་བཅས་བཟོ་གིན་ཡོད་འདུག

བོད་སྐད་དུ་སྤྲུ་མ་ཞེས་འབོད། འདི་ལ་རིགས་དཀར་ནག་སེར་གསུམ་ཡོད། དེ་དག་ངོས་འཛིན་སྟངས་ནི།
སྤྲུ་མ་དག་ལ་རྣམ་གསུམ་སྟེ།། ཉིན་སྲིབ་རི་ཐང་ངེས་མེད་སྐྱེ།། དཀར་པོ་ལོ་མ་སྔོ་ལ་མཉེན།། སྡོང་པོ་རིང་ལྡེམ་མེ་ཏོག་དཀར།། ནག་པོ་ལོ་མ་ནག་ལ་སྣུམ།། སྤུ་ཞོལ་རྐང་དམར་མེ་ཏོག་དཀར།། རྐང་པ་དམར་ལ་དྲི་ངད་ཆེ།། སེར་པོ་མེ་ཏོག་གསེར་མདོག་མཆར།། ཀུན་གྱི་རྩ་བ་ལྩ་བ་འདྲ།། དེ་ལས་ཆེ་བ་གསོབ་པ་ཡིན།། དྲི་ཞིམ་དཀར་ལས་ནག་པོ་དང་།། སེར་པོ་དྲི་མ་རྩུབ་ལ་དམན།། ཞེས་གསུང་ཞིང་འདི་ནི་བོད་པ་ཚང་གིས་སྔོ་སྨན་ཞིག་ཏུ་ངོས་འཛིན་གྱིས་བེད་སྤྱོད་བྱེད་སྲོལ་ཡོད་པ་རེད། སྤྲུ་མས་གཉན་ཚད་སྲིན་དང་འབྲས་ནད་དང་།། མཛེ་ནད་འཇོམས་ཤིང་ཁྲག་ཤོར་གཅོད་པའི་མཆོག། ཅེས་གསུང་པ་ལྟར་རྒྱུན་དུ་ལག་ལེན་གྱི་ཁྲོད་གོང་འཁོད་ནད་ངན་དེ་དག་དང་ལྷག་པར་ཁྲག་གཅོད་སྨན་རྫས་ཀྱི་གྲས་སུ་བཀོལ་བ་ཡིན།

རྒྱ་ནག་གི་ཡུལ་དུ་ནི་མེ་ཏོག་འདི་ཉིད་རྨོ་ལི་(茉莉)ཞེས་པའི་ཇ་ཡི་རིགས་ཤིག་ཏུ་ངོས་འཛིན་པ་གསལ་ཞིང་། གཞན་ཡང་དགེ་བཤེས་དེའུ་དམར་ལགས་ཀྱིས། ནག་པོ་འདི་ལ་རྒྱ་ནག་ཏུ་ཏོང་ཀུ་ཟེར་ཞིང་སྤོས་བྱེད་པ་འདུག་ལ། ནག་པོ་རྩ་སྟོང་ཆགས་མེད་སྣར་བདུགས་ན་འགོས་ནད་མི་ཡོང་བཤད་ཡམས་ཡོད་ཚུལ་ཡང་གསུང་། དེ་ཡང་དེང་སང་སྤོས་དང་དྲི་བཟང་བཟོ་སྟངས་ལ་བལྟས་ན་དགེ་བཤེས་ཚང་གིས་གསུང་པ་བཞིན་རྒྱ་ཡུལ་སོགས་སུ་སྤོས་དང་དྲི་བཟང་འདི་དག་གིས་ནད་རིགས་སྔོན་འགོག་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད་ཤས་ཆེ།
རྒྱ་གར་དུ་ལེགས་སྦྱར་གྱི་སྐད་དུ་མ་ལི་ཀ་དང་། ཧིན་དྷུའི་སྐད་དུ་མོ་ཏི་ཡ་སྟེ་མུ་ཏིག་དཀར་པོ་སོགས་སུ་ཆེ་བསྟོད་བྱེད་སྲོལ་ཡོད་འདུག མདོག་དང་དབྱིབས་གཟུགས་ལེགས་ཤིང་། དྲི་ངད་བཟང་བ་བཅས་ཀྱིས་རྒྱུན་དུ་སྨན་ཤར་མ་རྣམས་ཀྱིས་ཞོགས་པར་གནག་སྣུམ་སྐྲ་ཡི་ལན་བུ་ཐོག་ཏུ་དཀར་ཁྲོལ་ལེ་བརྒྱན་ནས་སྲང་ལམ་སུ་རྒྱུ་བ་བྱེད་ལ། ཕྱི་ནང་གི་ལྷ་སྐུ་མང་པོའི་མགུལ་དུ་མེ་ཏོག་འདི་ཡི་ཕྲེང་བ་ཕུལ་བཞིན་པའང་མཐོང་རྒྱུ་ཡོད་པ་ཡིན།
དྲ་གྲོགས་རྣམས་ནས་འདི་ལ་ཁ་སྣོན་དང་ཡོ་བསྲང་གནང་ན་སྙྀང་ནས་དགའ་བསུ་ཞུ། ཅིའི་ཕྱིར་ན་དོན་འདི་ཉིད་ཁ་གསལ་དུ་འགྲོ་ཞིང་མ་འཁྲུལ་བ་ཞིག་འབྱུང་བའི་རེ་བ་ཆེ་བས་སོ།།

2 comments:

Anonymous said...

མེ་ཏོག་དེ་གོ་བོ་དར་རྒྱས་སྒོ་སར་བཞེད་ནས་འངུག

Unknown said...

དི མེན་དོཀ པོ་ཡི མིང་པོ ཅིའ འིན?