Wednesday, July 28, 2010

བྲོས།


























ཆགས་སྡང་མདུང་སོ་རྣོ་བ་སྲིད་ཀྱི་ཁབ།།
འཇིགས་ནས་ཐུབ་པ་ཆེན་པོ་ནགས་སུ་བྲོས།།

དགྲ་འདུལ་གཉེན་སྐྱོང་འདི་སྣང་སོ་ཚིས་ལ།།
འཇིགས་ནས་མི་ལ་རས་པ་གངས་སུ་བྲོས།།

ཏཱ་མིང་རྒྱལ་པོའི་གསེར་གྱི་མགྲོན་ཤོག་ལ།།
འཇིགས་ནས་ཙོང་ཁ་པ་དེ་རི་ལ་བྲོས།།

གཏིང་དུ་གནག་པའི་སྲིད་ཀྱི་ཡོ་ལངས་ལ།།
ཆོས་པ་ཕལ་ཆེར་དབེན་པའི་གནས་སུ་བྲོས།།

དེ་ལྟར་བྲོས་པའི་རྣམ་ཐར་མཐོང་བའི་ཚེ།།
བྲོས་པར་འདོད་ཀྱང་གར་བྲོས་འདི་བྲོས་མེད།།

བོད་ཀྱི་གཅན་གཟན། ༢༽དྲེད་མོང་། Tibetan Bear 熊


དྲེད་མོང་། ཤ་གཟན་གྱི་སྲོག་ཆགས་སྟོབས་ཆེན་ཞིག་ཡིན་ནོ།། མིང་གི་རྣམ་གྲངས་ལ་ས་སློག་དང༌། སྦར་ཁོ། རྔ་ཡུ་མ་སོགས་སོ།། འདི་ནི་བྱང་རོང་གཉིས་ཀ་དང་བོད་ཡུལ་སྟོད་སྨད་བར་གསུམ་གང་སར་ཡོད་པའི་གཅན་གཟན་དཀོན་གྲས་ཀྱི་རིགས་སུ་གཏོགས། ཁེར་རྐྱང་དང༌། ཡང་ན་མ་བུ་རེ་ཟུང་དང་ལྷན་དུ་ཡོད། སྤུ་མདོག་ཕལ་མོ་ཆེར་རག་པ་དང༌། ཁམས་ནག རག་པ་སོག་དཀར་ཅན། རག་དཀར། ཁྲ་བོ་སོགས་ཅི་རིགས་སུ་ཡོད། ཁ་ཟས་ཀྱི་གཙོ་བོ་སེམས་ཅན་ཆུང་ཚགས་ཀྱི་རིགས་དང༌། སྒོ་ཟོག་ར་ལུག་སོགས་ཀྱི་སྟེང་དུ་ཡང་ལྷས་ར་ནང་དུ་མཆོངས་ཡོང་བ་ཡིན། རྒྱུན་དུ་རི་ལ་གནས་ཤིང་བྱི་བ་དང༌། འབུ་སྲིན་སོགས་ཀྱི་ཚང་སོགས་སློགས་ནས་དེ་དག་ཟ་བ་ཡིན་ཅིང་དེ་དག་ཚང་སློགས་སྐབས་སྲོག་ཆགས་དེ་དག་གཟུགས་པོ་ཆུང་བས་གང་སར་བྲོས་ཤོར་ནས་མང་པོ་ཟ་ཐུབ་གི་མེད། གནས་ཚུལ་དེ་ཝ་སྦྲེ་སོགས་ཀྱིས་ཤེས་ནས་རྒྱུན་དུ་ཝ་སྦྲེ་སོགས་དྲེད་མོང་གི་རྗེས་སུ་འབྲངས་ཤིང་དྲེད་མོང་གི་ཚང་སློགས་སྐབས་ཁོང་ཚོས་བྱི་བ་སོགས་སྲོག་ཆག་ཆུང་ཚགས་མང་པོ་ཟ་རྒྱུ་རྙེད་གི་ཡོད། དེ་ཡི་དབང་གིས་ཝ་སྦྲེ་མཐོང་སྐབས་ཡུལ་མི་རྣམས་ཀྱིས་དེའི་ཕྱོགས་དེར་དྲེད་མོང་ཡོད་པའི་ཚོད་དཔག་བྱེད་པ་ཡིན་ནོ།
མི་རྣམས་དྲེད་མོང་ལ་སྐྲག་གི་ཡོད་ལ་དེའི་རྒྱུ་མཚན་ནི་དྲེད་མོང་འཁྲིས་སུ་སླེབས་སྐབས་ཁོ་རང་སྔངས་སྐྲག་གིས་མི་ཡི་སྟེང་དུ་མཆོངས་ཡོང་བ་དང༌། ཁོ་རང་ནི་མི་ལས་སྟོབས་ཤུགས་ཆེ་བས་རྒྱུན་དུ་མི་དང་དྲེད་མོང་གཉིས་དྲེད་མོང་ལ་རྒྱལ་ཁ་ཐོབ་ཀྱི་ཡོད། འོན་ཀྱང་ཁོས་མི་མཐོང་ཚད་ཁ་ཟས་སུ་མཐོང་ནས་རྗེས་སྙེགས་བྱེད་ཀྱིན་མེད་པས་རྒྱང་རིང་ནས་དྲེད་མོང་མཐོང་བ་ན་ཀི་ཤར་བྱས་ན་ཕྱི་ལྟས་བྱེད་བཞིན་དུ་བྲོས་འགྲོ་བ་ཡིན། གལ་སྲིད་དྲེད་མོང་གིས་མི་ཞིག་དེད་པ་ཡིན་ན་དེའི་སྐབས་སུ་གྱེན་དུ་མི་བྲོས་པར་ཐུར་དུ་བྲོས་དགོས་པའི་རིགས་པ་རྙེད་ཡོད། དེའི་རྒྱུ་མཚན་ནི་དྲེད་མོང་གི་པགས་པ་ལྷུག་པོ་ཡིན་པས་ཐུར་དུ་རྒྱུགས་པའི་ཚེ་ཁོག་སྟོད་ཀྱི་པགས་པ་ཡོངས་རྫོགས་མགོར་ལུད་ནས་འགྲོ་ལམ་མཐོང་གི་མེད། སྐབས་དེ་དང་བསྟུན་ནས་བྲོས་ན་ཐར་འགྲོ་བ་ཡིན། གྱེན་དུ་བྲོས་ན་དེ་ལས་ལྡོག་པས་མྱུར་བ་ཉིད་དུ་རྗེས་ཟིན་ངེས་ཡིན། གལ་སྲིད་རྗེས་ཟིན་པ་ཡིན་ན་སྟོབས་ཤུགས་ཤིན་ཏུ་ཆེ་བས་མི་དང་བསྡུར་རན་མེད་པ་རེད། འོན་ཀྱང་དཔའ་སྙིང་ཅན་འབྲོག་པའི་ཕོ་སར་འགས་དྲེད་མང་ཞོན་ནས་ལ་ལུང་མང་པོ་རྒྱུགས་སུ་བཅུག་ནས་མཐར་དྲེད་མོང་ཕམ་བཅུག་པའི་བྱུང་རབས་ཡང་ཡོད་པ་རེད།
ཡིན་ནའང་འཁྱག་དྲེད་ཞེས་དྲེད་མོང་དམིགས་བསལ་བ་ཞིག་ཡོད་པས་དེ་ནི་མི་ཟོག་སུ་ཐུག་ཀྱི་སྟེང་དུ་ཤོར་ཡོང་བ་ཡིན་ལ་དེ་ནི་སེམས་པ་བདེ་བོ་མེད་པའི་རྒྱུ་མཚན་གྱིས་ཡིན། དེ་ལ་ཡུལ་མིས་དྲེད་སྨྱོན་དང་། ཡང་ན་འཁྱག་དྲེད་ཅེས་མིང་དུ་བཏགས་ཡོད། འཁྱག་དྲེད་ཅེས་འབོད་དོན་ནི། དགུན་ཁ་ས་ཆུ་འཁྱག་གིས་སྡོམ་པའི་སྐབས་སུ་ཉལ་མ་ཐུབ་པའི་དྲེད་མོང་ཡིན་པས་དེ་ལྟར་གྲགས། སྤྱིར་ན་དྲེད་མོང་ནི་དགུན་དུས་སུ་ས་ཆུ་འཁྱག་པས་སྡོམ་པའི་སྐབས་སུ་ཁོ་རང་ཡང་མལ་སྟན་དྲོན་པོ་ཞིག་ཏུ་ཉལ་འགྲོ་བ་ཡིན་ལ་སྐབས་དེ་དག་ཏུ་གཉིད་སད་པ་དང་ཁོ་རང་རང་བཞིན་གྱིས་ཉལ་མ་ཐུབ་པར་གང་སར་ཤོར་ཡོང་བའང་འགའ་ཞིག་ཡོད་པ་ཡིན། དོན་དུ་དེ་དག་དྲེད་སྨྱོན་དུ་བཏགས་པས་ཆོག གནའ་དུས་སུ་བོད་ཡུལ་གྱི་ས་ཆ་གྲང་ངར་ཆེ་བའི་ཡུལ་གྱི་མི་རྒན་རྒོན་དང༌། ཡང་ན་ཅུང་ཙམ་འབྱོར་པ་ཅན་རྣམས་ཀྱིས་དྲེད་མོང་གི་པགས་ལ་གདན་དུ་གཏིང་བའི་སྲོལ་ཡོད་པ་ཡིན། དྲེད་མོང་གི་པགས་པ་འདི་ལ་དྲོད་ཚད་ཆེ་བས་གྲང་བའི་ནད་གཞི་དང༌། མཁལ་རྐེད་སོགས་ལ་ཕན་གྱི་ཡོད་པར་ཤེས། ངག་རྒྱུན་དུ། དྲེད་སྔས། གྲུམ་གཏིང༌། ཟེར་བ་ཡང་འབྱུང་བ་ཡིན། དྲེད་ལྤགས་ནི་དྲོད་ཡིན་པས་གདན་དུ་གཏིང་བ་དང༌། གྲུམ་ལྤགས་ནི་བསིལ་བའི་རང་བཞིན་ཡིན་པས་མགོ་དང་མིག་ནད་སོགས་ལ་ཕན་པས་དེ་སྐད་ལག་ལེན་དུ་ཡོད། གསར་བུ་ངར་ཤ་ཅན་འགའ་ཞིག་གིས་དྲེད་སྟན་ཞིག་ལེན་དུ་འགྲོ་གི་ཡིན་ཞེས་བསྒྲགས་ཏེ་སྟ་རེ་ཙམ་ཞིག་ཁུར་ནས་དྲེད་མོང་བཙལ་ནས་ལ་ལུང་གང་སར་འགྲོ་ནས་དྲེད་གདན་གཏིང་མཁན་ཡང་ཡོད་པ་བཅས་སོ།།

བོད་ཀྱི་གཅན་གཟན། ༡༽གྲུམ་རྒྱ་མོ། (badger)


གྲུམ་པ། ཡང་ན་གྲུམ་རྒྱ་མོ། འོ་འཐུང་ཤ་གཟན་གྱི་རིགས་དང༌། སྲེ་མོང་དང༌། ཏི་ལོ་སོགས་རིགས་མཐུན་པར་བཤད། གཟུགས་པོ་ཅུང་ཆུང་ལ། མིག་ཀོང་ནག་པོ། གདོང་དང་སྣའི་གཡས་གཡོན་གཉིས་ནས་གྭ་ཕྲ་མོ་ཅན། སྤུ་མཐུག་ཙམ་ཡོད་པ། རྐང་པ་ཐུང་ཞིང་ཕོ་བ་སར་དྲུད་ལ་ཁད་པ། སྤུ་རྩེ་ནག་ལ་སྤུ་རྟིང་དཀར་པོ། སྤུ་འདིས་ཐང་ག་འབྲི་བྱེད་སོགས་སུ་བཀོལ་རྒྱུ་པིར་བཟོ་ཆོག ཨ་ཧྥི་རི་ཀ་སོགས་ཡུལ་ལུང་གཞན་གྱི་གྲུམ་པ་རྣམས་ཅུང་ཙམ་ཆེ་བ་དང་། གདོང་གི་རི་མོ་རྣམས་ཀྱང་ཞིང་ཆེ་བ་ཡིན། བོད་ཀྱི་གྲུམ་པ་ནི། བོད་ཡུལ་གྱི་ས་ཁད་ཅུང་དམའ་ས་དག་ན་མཐོང་རྒྱུ་ཡོད། རྒྱུན་དུ་ནགས་ཚལ་དང༌། གྲོག་རོང༌། བྲག་སྐྱིབས་སོགས་ལ་གནས་བཅའ། རི་བོང་དང་བྱི་བ་སོགས་སེམས་ཅན་ཆུང་ཙག་རིགས་གསོད་པ་དང༌། འབུ་སྲིན་རིགས་ཀྱི་ཚང་སློགས་ནས་ཟ། ཕྲུ་གུ་བདུན་བརྒྱད་ཙམ་ཐེངས་ཅིག་དུ་སྐྱེ་ཐུབ། འདི་ནི་གཟུགས་པོ་ཆུང་ཡང་ཞེ་སྡང་ཆེན་པོ་ཅན་ཞིག་ཡིན། སྒོ་ཁྱི་དཀྱུས་མ་རྣམས་དང་རྒོལ་འཛིང་བྱེད། བོད་ཀྱི་གཏམ་དཔེར། "ཁྱི་གཅིག་གྲུམ་གཅིག་ཐུག་ན་གྲུམ། ཁྱི་གཉིས་གྲུམ་གཅིག་ཐུག་ན་འདྲ། ཁྱི་གསུམ་གྲུམ་གཅིག་ཐུག་ན་ཁྱི།" ཞེས་ཁྱི་གསུམ་མེད་ན་ཡ་ལན་མི་ཐུབ་པའི་བཤད་རྒྱུན་ཡོད། ཁྱི་སྤྱང་སོགས་གནོད་པ་བྱེད་མཁན་མཐོང་ན་ཕྱིར་བྲོས་མེད་ཅིང་འཆི་གསོན་ལ་མི་ལྟོས་པར་དམར་འཛིང་བྱེད་ནས་རང་སྲོག་བསྐྱལ་ཡོང༌། དངོས་སུ་དམར་འཛིང་སྐབས་གཟུགས་པོ་ཆུང་བས་ཁོ་ལག་གིས་མི་འདངས་བར་ནམ་རྒྱུན་བོད་ཀྱི་ཡུལ་དུ་གྲུམ་པ་ཁྱི་ཡིས་བསད་པ་མཐོང་རྒྱུ་ཡོད་པ་ཡིན། མདོར་ན་ཁོ་ནི་གླེན་པ་དཔའ་སྙིང་ཅན་ཞིག་རེད།
དགུན་དུས་སུ་རྩྭ་སྟན་གཏིང་ནས་ཉལ། དེའི་སྐབས་སུ་ཁོ་ལ་དཀའ་ངལ་ཞིག་ཡོད་པ་ནི། ཆུ་མཐུང་དུ་འགྲོ་བའི་གནས་ཚུལ་འདི་རེད། དགུན་དུས་སུ་གྲུམ་པ་གང་འོས་ཞིག་ཚང་དེའི་ནང་ནས་ཆུ་ལེན་དུ་ཡོང་བ་ཡིན། ཁོ་རང་ཆུ་ཁར་སླེབས་རྗེས་ཆུ་ཡི་ནང་དུ་འགྲེ་ལྡོག་བྱེད། དགུན་དུས་སུ་གནམ་གཤིས་ཧ་ཅང་གྲང་བས་ཅུང་ཙམ་ནས་འཁེང་འགྲོ། དེ་ནས་ཁོ་རང་ཚང་དུ་ཕྱིར་ལོག་རྗེས་བཟའ་ཟླ་བུ་ཕྲུག་སོགས་ཀྱིས་ཁོ་ཡི་སྤུ་རྣམས་འཇིབ་ལྡག་བྱེད་ནས་སྐོམ་དུ་བྱེད་སྲོལ་ཡོད་པར་བཤད། དེ་ལྟར་ཉིན་ཞག་ལྔ་དྲུག་གི་མཚམས་ནས་སླར་ཡང་ཆུ་ལེན་དུ་ཡོང་དགོས། ཁྱད་འཚར་བ་ཞིག་ལ་ཁོ་རང་ལམ་བུ་གཅིག་ཁོ་ན་རྒྱུད་དེ་འགྲོ་བས་རྩྭ་རྣམས་འཇག་ནས་ཆུ་རྒྱུད་ནས་ཁོ་རང་ཚང་གི་བར་དུ་ལམ་ཐིག་སྐུད་འདྲ་བ་ཞིག་འཐེན་ཡོང༌། འདིས་སྡུག་བསྔལ་ཤིན་ཏུ་མྱོང་རབས་ཡོད། བོད་ཀྱི་གཏམ་དཔེར། "དགུན་ཟླ་གསུམ་གྲུམ་པའི་ཆུ་ལེན་སྡུག དབྱར་ཟླ་གསུམ་གནའ་བའི་སོ་པ་སྡུག" ཅེས་གྲགས་སོ།།
འདི་ཡི་པགས་པས་སྨན་ཁུག་སོགས་ཀྱི་ཁ་ཁེབས་དང༌། གྲུམ་དར་ཞེས་རྟ་ཡི་རྔོག་མ་ལ་དར་ཟབ་སོགས་ཀྱིས་བརྒྱན་ནས་གྲུམ་ལྤགས་དུམ་བུ་བཏགས་སྲོལ་ཡོད། དགོས་པ་ནི། "གྲུམ་པ་རྒྱ་མོས་མྱི་ཁ་ཁེགས།" ཞེས་བཤད་སྲོལ་ཡོད་ཀྱང་དོན་ངོ་མ་ནི། བསིལ་བའི་རང་བཞིན་ཡིན་པས་རྟ་རྒྱུགས་ཀྱི་སྐབས་སུ་ཚ་དྲོད་འཕར་ནས་འགྱེལ་འགྲོ་བ་དེ་འདྲ་མི་ཡོང་བའི་ཆེད་དུ་འདོགས་ཀྱི་ཡོད་པ་རེད། གཞན་ཡང༌། "གྲུམ་སྔས། དྲེད་གཏིང༌།" ཞེས་གྲུམ་ལྤགས་ནི་བསིལ་བའི་རང་བཞིན་ཡིན་པས་མགོ་སྔས་བྱས་ན་མིག་ནད་དང༌། མགོ་གཟེར་སོགས་ལ་ཕན་པར་བཤད་ཅིང་ལག་ལེན་དེ་ལྟར་ཡོད་དོ། །

Sunday, July 25, 2010

ནུས་པ་ནི་སེམས་ལ་ཡོད།། སྟོབས་ལྡན་རྣམས་བཟོད་སྒོམ་ཐུབ།།

ནུ༷ས་པ༷་ནི༷་ངོ་མ་སེ༷མས་ཉིད་ལ༷་ཡོ༷ད་པས།། སྟོ༷བས་ལྡ༷ན་གྱི་ལས་རྣ༷མས་བཟོ༷ད་སྒོ༷མ་ནི་ཐུ༷བ་ཟེར།། ཡ་ཐོད་ན་༸རྒྱལ་བ་ཏིག་ཏིག་ཏུ་འཛིན་ཅིང་།། ཡ་ཁོག་ན་བོད་པ་ལྷེམ་ལྷེམ་དུ་ཉར་བ།། གཟུགས་པོ་ན་བོད་ཡིག་ཁྱུག་ཁྱུག་ཏུ་འཁྱུགས་ཤིང་།། དཔུང་པ་ན་དབྱངས་གསལ་ཁྲིག་ཁྲིག་ཏུ་ངོམ་པའི།། མ་འདྲིས་པའི་མཛའ་བོ་(puyol)ཕུ་ཡོལ་དུ་འབོད་པ།། འཇིག་རྟེན་གྱི་བུམ་པའི་འགྲན་བསྡུར་གྱི་དབུས་ན།། གཡས་ཕྱོགས་ཀྱི་མི་ལ་གྲུ་མདུང་འདྲ་རྒྱག་ཅིང་།། གཡོན་ཕྱོགས་གྱི་མི་ལ་སྦར་ཤད་འདྲ་བྱེད་ཅིང་།། འཇར་མན་པའི་རྩེད་འགྲན་དོམ་ཚོགས་ཀྱི་ཁྲོད་ནས།། ཁྱོད་ཉིད་ནི་རལ་བ་ཉིལ་ཉིལ་དུ་གསིག་པའི།། སེང་གེ་ནི་དར་མའི་མཆོང་སྟབས་ཤིག་ངོམ་ཞིང་།། རྡོག་ཐོ་དེ་མ་གཞུས་མགོ་ཐོ་དེ་གཞུས་ནས།། གྲུ་གུ་དེ་ཤེད་ཀྱིས་ནང་རོལ་དུ་བརྫངས་པས།། དོན་གྱིས་ནི་བུམ་པ་དེ་ག་རང་བླངས་སོང་།། ཤ་རུས་ཀྱི་འབྲེལ་ལམ་གདོད་མ་ནས་མེད་ཅིང་།། ཤར་ནུབ་ཀྱི་འཚོ་བ་དཔག་ཚད་ཀྱིས་ཆོད་ཀྱང་།། ཁྱོད་ཉིད་ཀྱིས་ང་ཚོར་དུངས་ཞེན་འདྲ་ཡོད་ན།། ང་ཡི་ནི་ཚོར་བ་ཁྱོད་ཉིད་ལ་འཁྱུད་འགྲོ།

Sunday, July 18, 2010

གངས་རིན་པོ་ཆེ་དང་། དེའི་འདྲ་མཚུངས།


ཆེས་གདོད་མའི་དུས་སྟེ་གླིང་བདུན་ཅན་གྱི་འཇིག་རྟེན་འདི་ཉིད་ཡོངས་སུ་མ་གྲུབ་པའི་སྔོན་དེར། རྒྱ་གར་གྱི་ས་དབྱིབས་གྲུ་གསུམ་སོག་པ་འདྲ་བ་དེ་ཉིད་ས་གཞི་ཆེན་མོ་ལས་ཟུར་དུ་གྱེས། བོད་ཡུལ་གྱིས་གཙོས་པའི་ཡར་གླིང་གི་ཡུལ་གྲུ་ཕལ་མོ་ཆེར་དྲོ་ཚད་ཆེ་ཞིང་ཤིང་ནག་འབོར་ཆེན་ཅན་གྱི་ཚ་བའི་ནགས་ཀླུང་ཞིག་ཏུ་གྲུབ་པ་མདོ་དབུས་མཐོ་སྒང་ནས་རྙེད་པའི་གླང་ཆེན་གྱི་འགྱུར་རྡོ་དང་། ཧི་མ་ལ་ཡའི་རིའིརྩེ་མོ་ནས་རྙེད་པའི་ཉ་ཕྱིས་དང་འགྲོན་བུ་དག་གིས་དཔང་པོར་བྱེད། དེ་ལྟར་བུའི་ཁོར་ཡུག་མཐིང་མདོག་ཅན་དེ་ཡང་གཏན་དུ་སྡོད་ཐུབ་པ་ཞིག་མ་ཡིན་པས་ས་གཞིའི་སྒུལ་ཤུགས་ཀྱིས་ཡོ་འཁྱམས་རབ་དང་རིམ་པར་སོང་བའི་མཐར། འཇིག་རྟེན་ན་གྲགས་པ་ཅན་གྱི་གངས་ཀྱི་རི་བོ་ཞིག་རྒྱ་བོད་གཉིས་ཀྱི་བར་དུ་གསུན་གཙིར་གྱིས་གྱེན་དུ་བསླངས། གངས་རི་དེ་ཡི་ཕ་རོལ་རྒྱ་གར་ཡུལ་དུ་དུས་བཞིར་དབྱེ་བ་དེ་ཙམ་མེད་པར་ཚ་བས་ནོན་པ་ཙམ་ལས་འགྱུར་བ་ཆེར་མ་བྱུང་ཀྱང་། གངས་རི་དེ་ཡི་ཚུར་རོལ་བོད་གངས་ཅན་ལྗོངས་ན་ས་ཡི་འགྱུར་ལྡོག་ཆེན་པོ་འདིས་གནམ་གཤིས་ལའང་འགྱུར་བ་ཆེན་པོ་ཐེབས་ནས་ཆར་ཆུ་ཉུང་ཞིང་། གངས་དང་སད་ཀྱི་དུས་འགོ་ཚུགས། དེའི་དབང་གིས་ཚ་བའི་ཡུལ་གྱི་སྲོག་ཆགས་སྤུ་མེད་པ། རློན་པ་དེ་དག་ཞིག་པའི་ཤུལ་དུ་རྐྱང་འབྲོང་སོགས་ཀྱིས་གར་འཁྲབ་པ་སོགས་སྣོད་བཅུད་གཉིས་ཀ་ལ་གངས་ཀྱི་རི་རྒྱུད་འདི་ཡིས་ཤུགས་རྐྱེན་ཕོག འོ་ན་གངས་རི་དེ་གང་ཡིན་སྙམ་ན། དེ་ནི་གངས་རིན་པོ་ཆེ་དང། རི་ཡི་རྒྱལ་པོ། དབུས་ཀྱི་རི་བོ་མཆོག་རབ། གངས་ཏི་སེ། ཀཻ་ལ་ཤ་སོགས་སུ་འབོད་པ་འདི་རེད། འདི་ནི་འཇིག་རྟེན་གྱི་ཆོས་ལུགས་རྙིང་པ་ཡོངས་ཀྱི་འགོ་ཁུངས་ལྟར་བུ་དང་། ལྷ་དབང་ཕྱུག་ཆེན་པོ། དཔལ་འཁོར་ལོ་བདེ་མཆོག བོན་སྟོན་པ་གཤེན་རབ་སོགས་རང་རང་གི་ལུགས་ཀྱི་ལྷ་ཆེན་པོ་དང་། ཀླུ་ཆེན་པོ་དག་གི་གནས་ཡུལ་དང་། ཕོ་བྲང་སོགས་ཀྱང་ཡིན། མདོ་སྡེ་འགའ་ཞིག་དུ་སྟོན་པ་ཤཱཀྱ་ཐུབ་པའང་གནས་འདིར་ཕེབས་པར་གསུངས། ཆེན་པོ་དེ་དག་གི་རྗེས་སུ་འབྲངས་བའི་འབུ་གྲོགས་མ་འདྲ་བའི་སྐྱེ་བོ་གྲངས་ཀྱིས་མི་ལངས་པར་གནས་འདིར་འགྲོ་ཞིང་། གནས་འདིར་སྡོད། གནས་འདིར་མཆོད། འགའ་ཞིག་གནས་འདིར་བཀའ་ཐུབ་ཀྱིས་རང་སྲོག་བསྐྱལ། དེ་འདྲ་བའི་གནས་རྩ་ཆེན་ཞིག་ཏུ་བརྩི།

དེ་རིང་། འདི་ན་རང་ཉིད་ཀྱི་མིག་ཟུང་མ་གཏོགས་གང་ལའང་ཡིད་མི་ཆེས་པའི་སྐྱེ་བོ་འགའ་ཞིག་ལྷགས། དགུང་ནས་མར་བལྟས་པས་རི་བོ་འདི་ཉིད་གཏིང་དུ་མར་ཐིམ་སོང་བའི་སྣང་བ་འཁོར་ཞིང་མཐའ་འཁོར་གྱི་འོབས་དོང་དེ་ཉིད་པར་བླངས། རྒྱ་གར་ཧིནྡྷུ་བ་རྣམས་ཀྱིས་མཆོད་ཡུལ་དབང་ཕྱུག་གི་ལིངྒ་དང་དབྱིབས་གཟུགས་མཚུངས་པར་ཤེས། ཁོང་ཅག་གིས་གནས་འདིར་གུས་བཀུར་ཆེ་བའི་ཞེ་ཕུགས་ཀྱང་རྟོགས། དེ་ལྟར་འོབས་སུ་ལྷུང་བས་མཐོ་ཚད་ལ་སྨིས་༦༧༡༤ཙམ་ལས་མེད་པས་རི་ཡི་རྒྱལ་པོ་སོགས་ཀྱི་ཐ་སྙད་ཀྱང་མི་འདོགས། དེ་ལྟར་གཏིང་དུ་ནུབ་འགྲོ་བ་ལའང་ཉེ་འཁོར་ཞིག་ནས་སྐྱེས་སྟོབས་དང་ཚར་སྟོབས་ཅན་གྱི་རི་བོ་འགའ་ཞིག་གྱེན་དུ་ལངས་པས་དེ་དག་གི་རྗེས་མ་ཟིན་པས་རང་ཉིད་རི་རྒྱལ་གྱི་མིང་དེ་ཡང་དེ་ཉིན་ནས་སུ་ལ་དབང་མི་ཤེས་པར་གྱུར། ཟུར་ནས་རྒྱང་ཤེལ་གྱིས་བལྟས་པས་གདོང་ཟུར་རྣམས་ལྷགས་རླུང་གིས་བརྡར་བ་རྩེ་མོ་མྱི་རྒན་གྱི་པུས་མོ་ལྟར་བུ་དེ་ཡི་པར་ཞིག་བླངས་སྟེ་རི་བོ་ཆེས་རྙིང་པ་ཞིག་ཡིན་པར་ཁུངས་བསྐྱེལ། གངས་ཤུད་རིང་པོ་ཙམ་ཡང་རྒྱུགས་ས་མེད་པས་འདྲ་པར་འགའ་ཞིག་བླངས་ནས་དབུགས་རིང་འཐེན་བཞིན་རི་བོ་ཇོ་མོ་གླང་མའི་ཕྱོགས་སུ་ཆས་སོང་།།
༢༠༡༠/༠༡/༢༠ ཉིན་བྲིས་ཀྱང་དེ་རིང་འདིར་བསྐྱར་བཀོད་བྱས།

Monday, July 12, 2010

སྟོད་འགག་གི་བྱུང་རབས།

ཉེ་བའི་ཆར་འགའ་ཞིག་གིས་སྟོད་འགག་འདི་ཉིད་དམག་གི་གོ་ཁྲབ་རྩབ་ཧྲལ་ཞིག་ཡིན་པའི་བཤད་ཡམ་རིང་པོ་ཞིག་བྱས་བྱུང་བས་ཀུ་རེ་ཡིན་ནམ་སྙམ་ཡང་། སྙིང་ནས་བཤད་ཀྱིན་འདུག་པས་ལོག་རྟོག་དེ་དག་ལྡོག་པའི་ཆེད་དུ་སྔོན་གྱི་ཕ་མེས་རྣམས་ཀྱི་བཤད་རྒྱུན་དང་ལྷན་དུ་གསལ་བཤད་ཐུང་ངུ་འདི་སྤེལ་དགོས་བྱུང་།



༡༽སྟོད་འགག་གི་བྱུང་རབས་ནི། ཞྭ་སེར་ཅོད་པཎ་འཆང་བའི་ཆ་ལུགས་དང་། ཡོ་བྱད་འགའ་ཞིག་གི་རྒྱུ་མཚན་ཉུང་ངུར་གླེང་བ།࿊ ཞེས་པ་ལས། སྔོན་དུས་རྒྱ་ནག་གི་ཡུལ་གྲུ་ཞན་ཟིན་བྱ་བའི་ཡུལ་དེའི་རྒྱལ་པོ་བུད་མེད་ཀྱིས་བྱེད་པས་རྒྱལ་མོ་དེས་ནང་པ་ལ་དད་ཅིང་། ཡུལ་དེར་རབ་ཏུ་བྱུང་བ་མང་དུ་ཡོད་པ་ཡིན་འདུག་པས། ཟླ་རེ་བཞིན་རབ་བྱུང་རྒྱལ་མོའི་ཕོ་བྲང་དུ་གསོད་སྙོམས་ལ་གདན་འདྲེན་བྱེད་ཅིང་སྙེན་བཀུར་བཟང་པོ་ཕུལ། སངས་རྒྱས་ཀྱི་རབ་བྱུང་ཡོད་ཚད་ལ་གཟེངས་བསྟོད་མཛད་པར་གྲགས་ལ། སྐབས་ཤིག་རྒྱལ་མོས་ཁྱོད་བནྡེ་རྣམས་ཀྱི་གོས་ཅི་ཡང་མེད་པར་ཤ་རྗེན་པར་མཐོང་བས། ངེད་འདོད་ཆགས་སྐྱེ་བར་འདུག་པས། ཤམ་ཐབ་དང་ཆོས་གོས་གཉིས་སྦྲེལ་ལ་ཚེམ་པའམ་ཤ་མི་མཐོང་བར་གྱིས་ཤིག་གསུངས་པའི་ལུང་བྱུང་བས། དེ་ནས་བཟུང་རབ་བྱུང་རྣམས་ཀྱིས་སྟོད་གཡོག་བྱེད་ཅིང་སྣ་ཚོགས་གྱོན་པའི་རྒྱུ་མཚན་བོད་དུ་དར་བས། འདུལ་འཛིན་ཆེན་པོ་དེ་དག་རྣམས་ཀྱིས་ད་ལྟའི་སྟོད་འགག་འདི་བཞིན་མཛད་ནས་བཞེས་པ་ཡིན་ཞེས་ཐོས་སོ།། ཞེས་གསུངས།
འདིའི་ནང་གི་སྒྲུང་གཏམ་འདྲ་བོ་ཞིག་འདུག་པ་འདི་ཐམས་ཅད་བདེན་པ་ཡིན་མིན་མི་ཤེས་ཀྱང་མཁན་ཆེན་བོ་དྷི་ས་ཏྭ་བོད་ལ་ཕེབས་ནས་སད་མི་མི་བདུན་རབ་ཏུ་བྱུང་སྐབས་ཁོང་གི་དགེ་ཕྲུག་གསར་པ་བདུན་པོ་དེས་ཀྱང་མཁན་ཆེན་དང་མཐུན་པར་ན་བཟའ་བཞེས་ནས་ཡོད་ཀྱི་རེད་མ་གཏོགས་དམག་གི་གོ་ཁྲབ་མཐུན་པར་གྱོན་དགོས་པའི་རྒྱུ་མཚན་མ་རྙེད།
རྒྱ་གར་གྱི་གནམ་གཤིས་ཚ་བས་སྟོད་གོས་མེད་ཀྱང་གཟན་སོགས་ཀྱིས་མཐུས་ནའང་ཁོག་སྟོད་དམར་ཧྲེང་དུ་ཕྱིར་ལ་སྟོན་མི་ཆོག་པ་རེད། དེའི་དགག་བྱ་ནི་འདི་ནས་འབྱུང་བ་ལྟར་རྒྱའི་སྦྱིན་བདག་མ་ལྟ་བུ་འགའ་ཞིག་ཆགས་པ་འཕར་ཉེས་ཡོད་པའི་རྒྱུ་མཚན་གྱིས་རེད། སྤྱིར་ན་བུ་རྣམས་ཀྱི་དཔུང་པའི་ཤ་རྒོད་དང་། བྲང་གི་རྒྱ་སྒོ་འདི་དག་གིས་བུད་མེད་རྣམས་ལ་ཆགས་པའི་རྒྱུ་བྱེད་ཀྱིན་ཡོད་ཚོད་འདུག དེས་ན་གནད་འགག་དེའི་དབང་གིས་ད་ལྟའི་བར་དུ་རྒྱ་གར་དང་། ཤྲིར་ལིང་ཀ་དང་། ཐའི་ལན་སོགས་ཀྱི་རབ་བྱུང་རྣམས་ཀྱིས་སྟོད་འགག་མེད་ཀྱང་གཟན་གྱིས་ཁོག་སྟོད་དམ་པོ་སྡོམ་ནས་དམ་ཚིག་དེ་དག་རྒྱུན་སྐྱོང་བཞིན་པ་རེད། བོད་ཀྱི་ཡུལ་ལ་ནི་གནའ་གཤིས་གྲང་བས་སྟོད་འགག་འདི་བྱུང་བ་སེམས།

༢༽སྟོད་འགག་གི་དབྱིབས་དང་དེའི་མཚོན་དོན་ནི། དེ་ཉིད་ལས། དེ་ལ་འགག་ཐུང་གི་དབྱིབས་ནི། འཆི་བདག་གི་མགོ་ལྤགས་ཀྱི་དབྱིབས་ཏེ། དེ་བགོས་པས་ནི། འཆི་བདག་གི་མཆེ་བ་དང་ཁ་ནང་དུ་ཆུད་པའི་དབྱིབས་ཀྱིས་མྱུར་དུ་འཆི་བདག་གི་ཁར་འགྲོ་བ་བར་བསམ་སྟེ། འཆི་བ་མི་རྟག་པ་དྲན་པའི་ཆེད་དུ་ཡིན། དེ་ནི་མདོ་ལས། རྗེས་ཀུན་ལས་བ་གླང་གི་རྗེས་མཆོག་དང་། འདུ་ཤེས་ཀུན་གྱི་ནང་མི་རྟག་པའི་འདུ་ཤེས་མཆོག་གོ་གསུངས་པ་སོགས་སྤྱིར་ཆོས་འོང་མི་འོང་། བྱེད་མི་བྱེད། མི་རྟག་པ་དྲན་པ་ལ་རག་ལས་པ་རྒྱ་བོད་མཁས་གྲུབ་ཀུན་གྱིས་གསུངས་པ་ལྟར། འདི་ནི་འཆི་བ་རྗེས་སུ་དྲན་པའི་ཕྱིར་དགོས་པ་ཆེ། དེ་ལ་མཆེ་བ་གཉིས་དང་རྣ་བ་སོགས་མཚོན། ཞེས་གསུངས། དེ་ལ་སྟོད་འགག་གི་རྣ་བ་གཉིས་པོ་འདི་ནི་འཆི་བདག་རྣ་བ་དང་། མདུན་དུ་གྱེན་དུ་བསླངས་པའི་རས་ཤར་མོ་འདི་གཉིས་ཀྱིས་འཆི་བདག་གི་མཆེ་བ་མཚོན་པ་ཡིན་འདུག འདི་ནི་གཙོ་བོ་དབྱིབས་གཟུགས་ཀྱིས་མཚོན་ཚུལ་ཡིན་པར་འདྲ།
༣༽ཡང་མཚོན་སྟངས་གཞན་ཞིག་ནི། དེ་ཉིད་ལས། རྟ་མཆོག་རྣ་རྒྱན་སོགས་རྒྱན་དྲུག་ཀྱང་དམ་པ་ཞིག་གིས་མཛད་ཟེར། རྒྱན་དྲུག་ནི། ༡༽གླང་ཆེན་མཆེའི་རྒྱན། ༢༽བུམ་པའི་མགུལ་རྒྱན། ༣༽གཡུ་འབྲུག་མཐའ་རྒྱན། ༤༽རྨ་བྱའི་སྒྲོ་རྒྱན། ༥༽སེང་གེའི་དཔུང་རྒྱན། ༦༽རྟ་མཆོག་རྣ་རྒྱན་ཏེ་དྲུག་ཡིན། འདི་དག་ནི་གཞི་ཡི་སྟེང་དུ་ལྷན་ཐབས་ཀྱིས་གླན་པའི་ཚེམས་དྲུབ་སྟེ། གཙོ་བོ་ཁ་དོག་ཀྱི་མཚོན་སྟངས་ཡིན་པར་སེམས། འདྲ་པར་འདི་ནང་དུ་མཐོང་བཞིན་པ་འདི་དག་རེ་རེ་ལ་མཚོན་དོན་འདྲ་བཤད་རྒྱུ་འདུག་ཀྱང་ངེས་གཏན་ཆེར་མི་འདུག
༤༽སྟོད་འགག་གི་འགྱུར་བ། ང་ཚོའི་ཕ་ཡུལ་ན་ང་བརྒྱད་ལོ་དུས་ཟིང་སྔོན་དང་། དེ་རྗེས་བསྟན་པ་བསྐྱར་དར་གྱི་སྐབས་སུ་དེང་དུས་གྲྭ་ས་ཁག་དང་བཤད་གྲྭ་ཁག་ཏུ་གྱོན་བཞིན་པའི་སྟོད་འགག་འདི་གྱོན་སྲོལ་མེད། སྟོད་འགག་ཆ་ཚང་དམར་སེར་རྒྱན་དྲུག་ཡིན། དེ་ལ་འབྱོར་བ་ཆེ་ཆུང་གིས་རྒྱས་བསྡུས་ཀྱི་ཁྱད་པར་ཕྲན་བུ་ཡོང་། དེའི་རྗེས་མདོ་དབུས་ཁམས་གསུམ་གྱི་དགོན་པ་ཕན་ཚུན་བར་དང་། གཞིས་བྱེས་ཕན་ཚུན་བར་དུ་འབྲེལ་བ་བྱུང་བས་སྟོད་འགག་སོགས་དགེ་འདུན་པའི་གྱོན་ཆས་ཚང་མ་ལ་འགྱུར་བ་ཕྱིན་པ་རེད། དེའི་སྔོན་དུ་སེར་འགག་ཟེར་བ་དང་། དམར་འགག་ཟེར་བ་འདི་དག་མིང་ཡང་མི་གྲགས། དམར་སེར་རྒྱན་དྲུག་འདི་ལ་འགག་རིང་དང་། འགག་ཐུང་གཉིས་ཡོད། སྟོད་ནས་དེ་གཉིས་ལ་ཁྱད་པ་མེད། འོན་ཀྱང་ཕྲུག་དང་། ཡང་ན་ལུག་ལྤགས་སོགས་ཀྱི་སྨད་ཤམ་མཉམ་དུ་འབྱར་བ་དེ་ལ་འགག་རིང་ཟེར། འདི་ནི་རྒྱུན་གོས་ཡིན། འགག་ཐུང་འདི་རྒྱ་སེར་སོགས་ཀྱིས་བྱས་པ་འདི་གཟབ་འཆོར་གྱི་སྐབས་སུ་གྱོན་རྒྱུ་ཡིན། དེང་དུས་བོད་ཀྱི་དགོན་སྡེ་ཕལ་མོ་ཆེར་རས་ཀྱི་སྟོད་འགག་འདི་དག་ལས་རྒྱ་སེར་ལས་བྱས་པ་འདི་ནི་དགེ་བསྐོས་དང་། བླ་ཆེན་རེ་གཉིས་ཀྱིས་བེད་སྤྱོད་བྱེད་པ་ཙམ་ལས་གཏན་དུ་ནུབ་པའི་ཕྱོགས་སུ་གཞོལ་བར་སྣང་ནའང་འགྱོད་པ་ཅི། འདི་དམག་གི་གོ་ཆ་ལས་བྱུང་ཟེར་བ་ནི་རྟོག་པ་འཆར་ཡན་གྱི་སྒྲོ་བཏགས་པ་ཙམ་ཞིག་ལས་དོན་ལ་འབབ་རྒྱུ་ཡོད་པར་མི་སེམས། །

࿊རོང་ཐ་ཆོས་འབྱོར་ལྷུན་འགྲུབ་ཀྱི་གསུང་འབུམ་ཁ་པར་བཞུགས།