Wednesday, June 30, 2010

འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར།


༡༽གླེང་སློང་བ། ཁ་སང་ཟླ་༦པའི་ཚེས་༡༡ཉིན་ནས་༢༠༡༠ལོའི་འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར་དེ་ཨ་ཧྥི་རི་ཀའི་གླིང་ཆེན་དུ་འགོ་ཚུགས་ཡོད། དེ་ཡང་ཡུལ་དེའི་དབུ་ཁྲིད་དམ་པ་ནེསནམནྜལ་གཙོས་པའི་གནད་ཡོད་མི་སྣ་དུ་མ་ཞིག་གིས་འགྲོན་འབོད་དང་རྩོད་ལེན་མང་པོ་ཞིག་བྱས་པའི་འབྲས་བུ་ཞིག་རེད། ཡུལ་དེའི་སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་འགྲོ་བཞིན་ཡོད་པའི་དཔང་རྟགས་ཤིག་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་པའི་ངོས་འཛིན་ཡང་བྱེད་བཞིན་ཡོད་འདུག སྐབས་དེར་གླུ་པ་གྲགས་ཅན་(K'NAAN)ཀ་ནན་གྱིས་༼གཡོ་བའི་དར་ཆ་༽ཞེས་པའི་ཞི་བདེ་དང་རང་དབང་མཚོན་པའི་གླུ་དབྱངས་ཀྱིས་འཇིག་རྟེན་གྱིས་ཁྱོན་དགའ་འབོད་བྱས་ཡོད་པ་རེད། དེ་ནས་ད་བར་དུ་རྒྱལ་ཁབ་སོ་སོའི་ངར་ཤུགས་ཆེན་པོའི་འཇིག་རྟེན་གྱི་བུམ་པ་དེ་ཉིད་རྩོད་འགྲན་བྱས་ཤིང་འཛམ་གླིང་གི་མི་གྲངས་དུར་ཕྱུར་མང་པོ་སྐྱིད་སྡུག་གི་ཚོར་སྣང་མི་འདྲ་བ་རེ་སྦྱིན་བཞིན་པ་ཡིན་པས་སྒུལ་ཤུགས་འདིས་གླིང་ཆེན་འདི་ཡོམ་ཡོམ་དུ་གཡོ་ཞིང་འགུལ། ཐོབ་ཐང་དང་རེ་བ་གང་ཡང་མེད་པའི་གདོང་དམར་བའི་མྱི་རྟིང་ཞིག་གི་ངོས་ནས་འདིའི་སྐོར་ལ་བསམ་གཞིག་ཅིག་གིས་བོད་པ་ཚང་གི་རྩེད་མོ་འདིའི་ཐ་སྙད་འདོག་སྟངས་ལ་བགྲོ་གླེང་བྱེད་འདོད་བྱུང་།
༢༽ཐ་སྙད་འདོགས་སྟངས། བོད་ཡུལ་སྟོད་སྨད་ཀྱི་བར་དང་། བོད་ཕྱི་ནང་གཉིས་ཀྱི་བར་སོགས་སུ་ཕོ་ལོང་འདི་ལ་མིང་གི་འབོད་ཚུལ་མི་འདྲ་བ་དུ་མ་ཡོད་པ་ཡིན། ཁམས་ཕྱོགས་ཀྱི་ཡུལ་གྲུ་ཕལ་མོར་ཆེར་(ball)ལ་གྲུ་གུ་ཞེས་འབོད་པ་ཡིན་ལ་དེ་ཡང་གྲུ་གུ་ཞེས་པའི་དོན་ནི་སྐུད་པའི་དོག་པ་ལ་ཟེར་བ་ཡིན། དཔེར་ན་རྒྱུ་བལ་ལས་བྱས་པའི་གྲུ་གུ་ལ་བལ་གྲུག་དང་། དེ་བཞིན་དུ་རྩིད་གྲུག་དང་ཁུལ་གྲུག་སོགས་སོ། མིང་ཚིག་འདི་ཉིད་དོན་ལ་ཆེས་འབྱོར་བ་ཞིག་ཡིན། དེང་རབས་ཀྱི་བཟོ་ལས་མ་དར་བའི་གོང་གི་ཕོ་ལོང་ཕལ་ཆེར་སྐུད་པ་ལས་བཟོས་པའི་གྲུ་གུ་ཡིན་པ་རེད། དཔེར་ན་གནའ་དུས་དུ་བོད་ཀྱི་བཙན་པོའི་སྐུ་བློན་དང་། ཐང་རྒྱལ་རབས་ཀྱི་བློན་ཆེན་གྱི་བར་དུ་རྩེས་མྱོང་བའི་གྲུ་གུ་དེ་ནི་བལ་སོགས་ཀྱིས་སྐུད་པའི་དོག་པ་ཞིག་ཡིན་ངེས་ལ་ཐེ་ཚོམས་མི་དགོས་སྙམ་མོ།
ཨ་མདོ་ཕྱོགས་ནས་ལྒང་ལི་ཞེས་འབོད་ཀྱིན་ཡོད། དེ་ཡང་གོ་དོན་ཅན་ཞིག་རེད། ལྒང་པ་ཞེས་པ་མི་ཕྱུགས་སོགས་སྲོག་ཆགས་ཀྱི་གཅིན་པ་གསོག་ས་དེ་ལ་ལྒང་པ་ཞེས་དང་མིང་བསྡུས་ན་གཅིན་ལྒང་ཞེས་འབྲི་ཆོག དེ་དང་མཚུངས་པའི་དབུགས་ཀྱིས་བཀང་ཆོག་པའི་(ball)རིགས་འདི་ལ་ལྒང་པ་ཞེས་བཏགས་པ་དོན་ལ་གནས། འདྲ་བར་རྒྱུ་མཚན་གྱིས་བཏགས།
དབུས་གཙང་ཕྱོགས་ནས་སྤོ་ལེས་དང་། ཡང་ན་སྤོ་ལོ། པོ་ལོ་སོགས་ཅི་རིགས་སུ་འབྲི། འདི་ནི་པུ་ལུ་ཞེས་པའི་མིང་ཚིག་གི་ཟུར་ཆག་གི་སྐད་རེད། པུ་ལུ་ནི་དངོས་རྫས་རིལ་བུ་སྤུས་ལེགས་ཀྱི་རིགས་ལ་གོ་བ་ཡིན་ཏེ། དཔེར་ན་མར་དཀར་གྱི་རིལ་བུ་ལ་མར་དཀར་པུ་ལུ་དང་། ཨ་སྣུམ་པུ་ལུ་སོགས་སུ་འབོད་པ་བཞིན་ནོ།། ཡང་ན་ཕོ་ལོང་གི་ཟུར་ཉམས་པའི་སྒྲ་གདངས་ཤིག་ཡིན་སྲིད། གང་ལྟར་ཁ་སྐད་ཀྱི་འབོད་སྟངས་ཤིག་རེད། དེང་སང་བྱེས་ཀྱི་ཚགས་པར་སོགས་ཀྱི་ནང་རྐང་རྩེད་སྤོ་ལོ་ལྟ་བུ་རྒྱུགས་ཆེ་བ་དང་། གཞིས་ཀྱི་དྲ་རྒྱ་སོགས་སུ་རྐང་གྲུག་རྩེད་མོ་ལྟ་བུ་འབོད་པ་མང་། དེ་ལྟར་བོད་མདོ་དབུས་ཁམས་གསུམ་སུ་དངོས་པོ་གཅིག་ལ་འབོད་ཚུལ་ཁ་འཐོར་དགུ་འཐོར་ཡིན་ལ་བོད་གཞིས་བྱེས་གཉིས་སུའང་བརྗོད་སྟངས་ཕར་རྒྱབ་ཚུར་རྒྱབ་ཡིན།
༣༽གཅིག་གྱུར་གྱི་ཐ་སྙད་འཚོལ་བ། ད་འོ་ན་ང་ཚོ་བོད་པ་ཚང་ལ་རྩེད་རིགས་འདི་ཉིད་གོ་ནུས་པའི་ཐ་སྙད་ཞིག་གཏན་ནས་མེད་ན་གསར་དུ་འདོགས་དགོས་ལ་གལ་ཏེ་ཡོད་ན་དེ་ཉིད་འབོད་དགོས། བཀའ་འགྱུར་དང་བསྟན་འགྱུར་སོགས་བོད་ཀྱི་སྤྱི་སྐད་དེ་དག་གི་ནང་དུ་ཐ་སྙད་དེ་ཡོད་མེད་བཙལ་དགོས། གུས་པས་བསམ་ན་བཀའ་བསྟན་གྱི་ཁྲོད་ན་བཞུགས་པའི་ཕོ་ལོང་ཞེས་པའི་ཐ་སྙད་འདི་ལོ་ངོ་སྟོང་ཕྲག་ལྷག་གི་གོང་ནས་བོད་རང་གི་སྐད་བརྡ་རྣལ་མ་ཞིག་རེད། རྒྱ་གཞུང་རྙིང་པ་རྣམས་སུ་དར་གྱི་ཕོ་ལོང་ཞེས་དང་། རྗེའི་ལམ་རིམ་ཆེན་མོ་ཆེན་མོ་སོགས་བོད་རྩོམ་གཡེར་པོ་ཆེ་དག་གི་ནང་དུའང་དེ་བཞིན་དུ་དར་གྱི་ཕོ་ལོང་ས་ལ་བརྡབས་པ་ཞེས་ལྷོད་ཀྱིས་འཕར་བའི་དཔེ་རུ་གསལ་ཡོད། ཕོ་ལོང་གི་གོ་དོན་ནི། སྐུད་པ་དང་དར་རམ་རས་སོགས་ལ་མདུད་པ་བོར་ཏེ་རྡོག་པོ་གཤིག་དཀའ་བ་ཞིག་བཟོ་ནས་ཐང་ལ་བརྡབ་ན་འཕར་བའི་རང་བཞིན་ཅན་ཞིག་ཡིན་པས་རྩེད་ཆས་སུ་རུང་བ་ཞིག་ཡིན། འདི་ཉིད་བཟོ་སྟངས་དམིགས་གསལ་བ་ཞིག་ཡོད་པ་འདྲ་སྟེ། ཕོ་ལོང་མདུད་དམ། ཡང་ན་གྲུ་གུ་མདུད་པ་ཞེས་དམིགས་བསལ་གྱི་མདུད་པ་ཇེ་དམ་དུ་འགྲོ་བ་ལས་ལྷོད་དུ་འགྲོ་རྒྱུ་མེད་པའི་མདུད་སྟངས་ཤིག་ད་ལྟ་མདོ་ཁམས་ཕྱོགས་སུ་མདུད་རྒྱུ་ཡོད། དེ་ལྟར་ང་ཚོས་ཐ་སྙད་ཚད་ལྡན་ཞིག་ཡོད་ཀྱང་ང་ཚོས་དེ་ཉིད་དོན་ལ་གཅིག་གྱུར་གྱིས་བཀོལ་ཐུབ་མེད། ད་ནས་ང་ཚོས་ཐ་སྙད་འདི་དོན་ལ་འབྱོར་ཚེ་ང་ཚོས་ཐ་སྙད་འདི་བཀོལ་སྤྱོད་རྣལ་མ་ཞིག་བྱེད་དགོས་ངེས་སུ་གྱུར། དེ་ཡང་མི་ཚང་མས་བཀོལ་སྤྱོད་བྱེད་དགོས། མི་ཁ་ཤས་ཞིག་གིས་བོས་ཀྱང་ཕན་ཐོགས་མེད། འབོད་སྟངས་དེའང་དྲ་རྒྱ་དང་གསར་འགྱུར་རླུང་འཕྲིན་སོགས་དེང་རབས་བརྡ་འཕྲིན་གྱི་ལམ་ནས་རྟག་པར་གཅིག་གྱུར་གྱིས་བོས་ན་མི་མང་བྱིངས་ཀྱང་ནམ་ཞིག་དེའི་རྗེས་སུ་འབྲངས་བ་གདོན་མི་ཟའོ། དེ་ནས་ང་ཚོ་ཐ་སྙད་དེ་གཏན་འབེབས་ཐུབ་པ་རེད་ལ་བཤད་ཚུལ་གཞན་ཞིག་བྱས་ན་ང་ཚོའི་བཀའ་བསྟན་གྱི་ཁྲོད་ན་བཞུགས་པའི་ཐ་སྙད་ཅིག་སྤྱི་ཚོགས་སུ་བེད་སྤྱོད་ཐུབ་པ་རེད་ལ་ཐ་སྙད་དེ་སྲུང་སྐྱོབ་ཐུབ་པ་རེད། དེ་ཡང་རྒྱུན་དུ་སྐད་ཡིག་གཅིག་གྱུར་དགོས་ཀྱི་འདུག་ཅེས་སྐད་ཅོར་འབྱིན་པ་ཙམ་གྱིས་གར་ཡང་མི་སླེབས་ཤིང་གནད་འགག་འདི་ལྟ་བུའི་དངོས་པོ་རིགས་གཅིག་ལ་གཅིག་གྱུར་གྱི་འབོད་སྟངས་ཀྱི་ལམ་ཁ་ཞིག་རྙེད་ན་དེའི་ཡན་ལག་དང་ཉིང་ལག་དེ་དང་འབྲེལ་བའི་ཐ་སྙད་བརྒྱ་ཕྲག་དུ་མ་གཅིག་གྱུར་བྱེད་ཐུབ་པ་ཡིན། དཔེར་ན་(foot ball)ལྟ་བུ་ལ་རྐང་རྩེད་ཕོ་ལོང་དང་། མིང་བསྡུས་ན་རྐང་ཕོལ་སོགས་ཀྱང་རུང་། དེས་རིགས་བསྒྲེས་ནས་རྐང་ཕོལ་ཐང་། རྐང་ཕོལ་གྱི་རུ་དཔོན། རྐང་ཕོལ་གྱི་སློབ་དཔོན་སོགས་ཀྱིས་མཚོན་ནོ།། གཞན་ཡང་ཕོ་ལོང་ཞེས་པའི་མིང་ཚིགས་འདི་ཉིད་བཀོལ་ན་ཕོ་ལོང་དང་འབྲེལ་བའི་རྩེད་རིགས་མང་པོ་ཞིག་གི་ཐ་སྙད་གཅིག་གྱུར་དུ་ཡོང་བར་ངེས་ཏེ་ཐ་སྙད་འདི་ཁྱབ་ཁོངས་ཧ་ཅང་ཡངས་པས་སོ། དེ་ཡང་དཔེར་ན། (golf ball )རྒྱང་གཡུག་ཕོ་ལོང་།(bowling ball )རྦབ་རྡོ་ཕོ་ལོང་། (base ball ) གྲྭར་རྩེད་ཕོ་ལོང་། (rugby ball)འཇོང་གཟུགས་ཕོ་ལོང་། (Cricket ball)དབྱུགས་རྩེད་ཕོ་ལོང་། (water ball) ཆུ་རྩེད་ཕོ་ལོང་། (tennis ball)བར་ཆོད་ཕོ་ལོང་། (basket ball)ལག་རྩེད་ཕོ་ལོང་། (foot ball) རྐང་རྩེད་ཕོ་ལོང་། (polo)རྟ་རྩེད་ཕོ་ལོང་། མདོར་ན་དབྱིན་ཡིག་ནང་གི་(polo)དང་། (ball) སོགས་ཆ་ཚང་བོད་ཡིག་ཕོ་ལོང་ཞེས་པ་འདིའི་ཁོངས་སུ་བསྡུ་ཐུབ་པ་ཡིན།འོན་ཀྱང་བྱེ་བྲག་ཏུ་ཕྱེས་ན་འདི་དག་ཐམས་ཅད་ལ་རང་རང་གི་ཁྱད་ཆོས་དང་བྱུང་རབས་རེ་ཡོད་པ་ཡིན་པས་མིང་གི་འགོར་དེ་ལྟ་བུའི་ཁྱད་ཆོས་རེ་བླ་ཐབས་སུ་བསྣན་ན་སོ་སོ་མ་འདྲེས་པ་གོ་དོན་ཡང་བདེ་བླག་ཏུ་སྟེར་ཐུབ་པ་ཡིན། ༼དབྱིན་བོད་ཤན་སྦྱར་གྱི་མིང་ཚིག་འདི་དག་ནི་དཔྱད་གཞི་ཙམ་ལས་ངེས་གཏན་ཅི་ཡང་མེད།༽
༤༽ མིང་ཚིག་གི་འབྱུང་ཁུངས། འགའ་ཞིག་གིས་(polo)ཞེས་པའི་མིང་ཚིག་གི་འབྱུང་ཁུངས་དེ་བོད་སྐད་ཀྱི་པུ་ལུ་ཞེས་པ་ཡིན་ཚུལ་བྲིས་འདུག་ནའང་བདེན་ཁ་སྟེར་དཀའ་སྟེ་པུ་ལུ་ཞེས་པ་ནི་ལུང་ཚན་འགའ་ཞིག་ཏུ་དངོས་པོ་རིལ་རིལ་ཞིག་བསྟན་པ་ཙམ་ལས་ས་ལ་བརྡབས་ན་འཕར་ཡོང་བ་སོགས་ཕོ་ལོང་གི་གོ་དོན་བསྟན་སྟངས་མེད་ཅིང་། བོད་སྤྱི་ལ་ཁྱབ་པའི་ཐ་སྙད་ཅིག་ཀྱང་མ་རེད། གུས་པས་བསམ་ན་དབྱིན་ཡིག་གི་(polo)འདི་བོད་ཡིག་ཕོ་ལོང་གི་སྒྲ་གདངས་ལྟར་བྲིས་པ་ཞིག་རེད་བསམ། དེ་ཡང་བོད་ཡུལ་ནས་དར་བའི་རྟ་རྩེད་ཕོ་ལོང་འདི་རྒྱ་ནག་དང་། དེ་ནས་ཏ་ཟིག་གམ་ཡང་ན་(iran)ཨི་རེན་སོགས་རིམ་གྱིས་ཤར་ནས་ནུབ་ཏུ་དར་བའི་སྐབས་སུ་ཐ་སྙད་དེ་ཡང་གཟུགས་དང་གྲིབ་མ་བཞིན་དུ་ལྷན་ཅིག་ཏུ་འབྱོར། འོན་ཀྱང་དེ་དབྱིན་ཡིག་སོགས་མི་རིགས་གཞན་གྱི་སྐད་ཀྱི་ཐོག་ཏུ་བྲི་སྐབས་སུ་(polo)ཕོ་ལོ་ཞེས་རྗེས་མཇུག་གི་ང་སྒྲ་གསལ་པོ་མ་བྱུང་ཡང་མིང་གཞི་ལ་འགྱུར་བ་གང་ཡང་སོང་མེད་པར་སེམས། དེ་ནས་འཛམ་གླིང་གང་སར་རྩེད་རིགས་འདི་དར་སྲོལ་ཆེན་པོ་བྱུང་ནས་དེང་སང་རྒྱལ་སྤྱི་རང་བཞིན་ཅན་གྱི་རྩེད་རིགས་ཤིག་ཏུ་གྱུར་ཟིན་ནའང་ཐ་སྙད་དེ་བོད་ཀྱི་སྒྲ་གདངས་དེ་ག་རང་དུ་གནས་ཡོད་པ་ཡིན།
༥༽རྟ་རྩེད་ཕོ་ལོང་གི་བྱུང་རབས། རྩེད་མོ་འདི་ཉིད་ཆེས་ཐོག་མར་དར་བའི་ཡུལ་ནི་བོད་གངས་ཅན་གྱི་ལྗོངས་སུ་བྱུང་བ་ཡིན་ཏེ། རྩེད་རིགས་འདི་ཉིད་ཀྱི་ཐ་སྙད་འདི་ཉིད་བོད་མིང་ཡིན་པས་སོ། དཔེར་ན་བོད་ཡུལ་གྱི་བླ་མ་དང་། གཡག རྩམ་པ་སོགས་འཛམ་གླིང་མི་རིགས་གཞན་གྱིས་ཀྱང་མིང་དེ་ག་རང་དུ་འབོད་པ་འདིས་དངོས་པོ་དེ་ཐོག་མར་ཡུལ་དེ་ནས་བྱུང་བ་དང་། ཡང་ན་ཡུལ་ཕྱོགས་དེ་ན་མ་གཏོགས་གཞན་དུ་མེད་པའི་ངོས་འཛིན་བྱས་ན་མི་རུང་བ་མེད་པ་ལྟ་བུ་ཡིན། ཕྱི་ལོ་སྔོན་གྱི་དུས་རབས་ལྔ་པའི་ནང་ཙམ་དུ་ཨི་རན་གྱི་ལུང་པ་བྱུང་བ་བཤད་པ་བདེན་ན་དེའི་སྔོན་ཙམ་ཞིག་ཏུ་བོད་ཡུལ་དུ་དར་ཡོད་པར་ཡིན་སྟེ། རྩེད་རིགས་འདིའི་ཐོག་མའི་འབྱུང་ཁུངས་བོད་ཡིན་པས་སོ། རྩེད་མོ་འདི་འདྲ་བ་ཞིག་ཡོང་བའི་རྒྱུ་མཚན་ནི་རྟ་ཐོག་ནས་རལ་གྲི་དང་། མདུང་སོགས་ཀྱིས་ཕ་རོལ་པོ་ཆམ་ལ་ཕོབ་ཐུབ་པའི་དམག་སྦྱངས་ལྟ་བུ་ཞིག་གོང་རིམ་བཙན་པོ་ཡབ་ཡུམ་ལ་གཟིགས་འབུལ་ཕུལ་བ་དང་། དམའ་རིམ་གྱི་སྤྱི་ཚོགས་ནང་དུ་དཔའ་ངོམ་སོགས་བྱས་པས་རིམ་གྱིས་དམངས་ཁྲོད་དུ་སྲོལ་རྒྱུན་གྱི་རྩེད་མོའི་ཚུལ་དུ་ལུས་པ་ཡིན་སྲིད། དེ་ཡང་དང་ཐོག་དབྱུགས་པ་འདི་དག་གྲི་མདུང་དང་། རིལ་རིལ་དེ་དགྲ་བོ་གཡུལ་དུ་བསད་པའི་མགོ་བོ་སོགས་ཡིན་མི་སྲིད་པའི་ངེས་པ་ཅི་ཡོད། གནའ་དུས་སུ་ཕ་རོལ་པོ་གཡུལ་དུ་སོད་པའི་སྐབས་སུ་དཔའ་རྟགས་ལྟ་བུ་མགོ་བོ་བཅད་ནས་ཁུར་འགྲོ་བའི་ལུས་སྲོལ་ཡོད་པ་ཡིན་ལ་མགོ་ལག་གོང་ལེན་ཞེས་རྟ་ཐོག་ནས་མགོ་ལག་ལེན་པའི་སྐད་ཆ་ཞིག་གླིང་སྒྲུང་ཚུན་ཆད་དུ་ཡོད་པ་ཡིན།དེང་གི་དུས་ཀྱང་མདོ་ཁམས་ཕྱོགས་སུ་རྟ་ཐོག་ནས་མེ་མདའ་འཕེན་པ་དང་། གྲི་གཡུག་པ། མདུང་བཙུགས་པ་སོགས་ཀྱི་རྟ་ཐོག་རྩེད་མོ་མང་པོ་ཞིག་ཡོད་པ་འདི་དག་གནའ་དུས་སུ་བོད་བཙན་པོའི་དུས་ཀྱི་ཡར་གླིང་ནང་དྲག་འདུལ་བྱེད་མཁན་བྷོད་དམག་བཙན་རྒྱལ་རིང་ལུགས་ཀྱི་དམག་རྩལ་ཞིག་ཤུལ་དུ་ལུས་པ་སེམས་སོ། དེ་ནས་རིམ་གྱིས་བོད་དམག་གི་རྩལ་སྦྱོང་དེ་ཉིད་ཐང་གོང་མ་སོགས་རྒྱ་ནག་གི་ཡུལ་དུ་དར་བ་སེམས།

༼འདིའི་ནང་དུ་བོད་ཀྱི་བློན་ཆེན་ཞང་བཙན་ཏོ་ལགས་ཀྱི་འདྲ་རིས་འདུག་གམ།༽
དེ་ཡང་ཕྱི་ལོ་༧༠༩ལོའི་ཟླ་བ་བཅུ་གཅིག་པའི་ནང་བོད་ཀྱི་བཙན་པོ་མེས་ཨག་ཚོམ་གྱི་དུས་བོད་ཀྱི་བློན་ཆེན་ཞང་བཙན་ཏོ་རྒྱ་ནག་གོང་མའི་སྲས་མོ་བོད་ཀྱི་བཙན་པོའི་གནའ་མ་བསུ་བར་སོང་སྐབས་རྒྱ་ནག་ཕྱོགས་ནས་གོང་མ་ཀྲུང་ཙུང་གི་སྐྱེད་ཚལ་དུ་རྟ་རྩེད་ཕོ་ལོང་གི་རྩེད་མོ་བཀོད་སྒྲིག་བྱས་ནས་གོང་མ་རང་ཉིད་ཀྱང་རྒྱ་བོད་ཀྱི་བློན་ཆེན་བར་གྱི་རྩེད་འགྲན་དེ་རུ་བལྟ་བ་སླེབས་པར་(ཐང་ཡིག་རྙིང་མའི་)ནང་གསལ་བ་ལྟར་ཡིན། དེ་ཡང་རྒྱ་ནག་གི་རྩེད་མོ་དེ་ལྟར་བཤམས་དགོས་དོན་ཡང་རྩེད་རིགས་དེ་ཉིད་ཐོག་མར་བོད་ནས་དར་བས་བོད་ཀྱི་བློན་ཆེན་རྣམས་རྩེད་མོ་དེ་ལ་བྱང་ཆ་ཡོད་པ་དང་། དགའ་མོས་ཡོད་པའི་རྒྱུ་མཚན་གྱིས་བཀོད་སྒྲིག་བྱས་པ་ཡིན། དེ་ནས་བོད་ཀྱི་འདབས་འབྲེལ་བའི་ཡུལ་གྲུ་ཁག་ནས་རིམ་གྱིས་དར་ནས་ཨ་རབ་ཀྱི་ཡུལ་དུ་མཆེད་ཀྱང་རྩེད་མོའི་ལམ་ལུགས་དང་རྩེད་སྟངས་ཀྱི་རྣམ་གྲངས་སོགས་ལ་འགྱུར་བ་སོང་ཡོད་ངེས་ནའང་ཐ་སྙད་དེ་མ་འགྱུར་བར་བོད་སྐད་ཀྱི་ཕོ་ལོང་ཞེས་པ་དེ་ག་རང་དུ་གནས་པ་རེད། དེང་སང་བོད་ཀྱི་རྟ་རྩེད་ཕོ་ལོང་ཐ་སྙད་དང་བཅས་པ་འཛམ་གླིང་ཡོངས་ལ་ཁྱབ་ཟིན་པ་ཡིན་ནོ།།

Saturday, June 26, 2010

ཨོ་བྷ་མ་ངེད་གཉིས་ཟ་ཁང་དུ་སོང་བ།

ང་ཁ་སང་ཟླ་བ་༦པའི་ཚེས་༢༣ཉིན་ཨ་རིའི་ཕོ་བྲང་དཀར་པོ་ནང་དུ་ཨོ་བྷ་མ་དང་ཐུག་ནས་སྐད་ཅ་ཡུན་རིང་བཤད། ཉིན་རྒྱབ་ཆུ་ཚོད་བཞི་པ་ཙམ་དུ་ཕྱིན་ཀྱང་ཉིན་གུང་གསོལ་ཚིགས་ཟོས་མེད། དེ་ནས་ང་གཉིས་རྒྱུ་སྨད་ནས་ཚ་ཤར་འདྲ་བ་འགའ་ཞིག་བྱུང་ནའང་སྐད་ཅ་དེ་དག་སྙན་དྲག་ནས་གཞན་གང་ལའང་བསམ་བློ་གཏང་རྒྱུ་མ་བྱུང་། དེ་ནས་ངེད་གཉིས་མར་སྒོ་བུད་རྗེས་ཉིན་གུང་གསོལ་ཚིགས་གྲ་སྒྲིགས་ལེགས་པར་བྱས་པའི་ཕོ་བྲང་དཀར་པོའི་ཚོམས་ཆེན་ཞིག་མིག་ལ་བསྟན་ཀྱང་། ཨོ་བྷ་མས། "ང་གཉིས་དེ་རིང་སྐྱིད་པོ་ཞིག་འཆམ་དགོས། སྔ་མ་ང་ནམ་རྒྱུན་འགྲོ་སའི་ཟ་ཁང་ཞིག་ཡོད་དེར་འགྲོ "ཟེར། དེ་ནས་མི་ཚོགས་མང་བའི་ལམ་འགག་དེ་དག་གཡས་གཞག་གཡོན་བསྐྱུར་བྱས་ནས་(hamburger)ཧེམ་བག་གི་ཟ་ཁང་ཆུང་ཆུང་ཞིག་གི་ནང་དུ་འཛུལ། དེར་ཡོད་ཀྱི་ཞབས་ཕྱི་རྣམས་བྱ་ཕོ་གཟན་ལ་རུབ་པ་ལྟར་ཐམས་ཅད་འདུས་བྱུང་། ཅུང་ཞིག་ནས་གཡང་ས་ཉམས་ང་བ་སླེབས་པ་ལྟར་ཐམས་ཅད་ཕྱིར་བསྐྱེད་བྱས་ནས་རང་རང་གི་ལས་གནས་སུ་བྲོས། དེ་ནས་ཟ་ཁང་གི་སྦྱིན་བདག་དེས། "རྣམ་པ་གཉིས་གུས་བསུ་ཞུ། གསོལ་ཚིགས་ཅི་ཞིག་མཆོད་རྒྱུ།" ཨོ་བྷ་མས་ང་ལ་མིག་གིས་བལྟས་ནས། "ཁྱོད་ཀྱི་ཅི་ཞིག་ཟ་རྒྱུ།" ཟེར་བཞིན་འབའ་ཁུག་གྲུ་གང་ཅན་ཞིག་གློ་ལས་བླངས། དེ་ནས་ངས། "ངས་བག་ལེབས་སུམ་བརྩེགས་ཅན་དེ་ཟ་རྒྱུ་ཡིན། འོ་ན། ཁྱོད་ཀྱི་ཅི་ཞིག་ཟ་རྒྱུ་ཡིན།" ཞེས་དྲིས་ཤིང་དངུལ་ལོ་སྦར་མོ་གང་རུམ་ལས་བླངས། ཨོ་བྷ་མས། "ངས་བག་ལེབ་ལྔ་བརྩེགས་ཅན་དེ་ཟ་རྒྱུ་ཡིན།" ཟེར། དེ་ནས་ངས། "ཡ་སྒོར་མོ་འདི་ན་ཡོད་"བཤད། ཨོ་བྷ་མས། "ང་ཡིན།" ངས། "ང་ཡིན།" ཨོ་བྷ་མས། "ང་ཡིན།" ངས། "ང་ཡིན་"བཤད་ཞོར་ངེད་གཉིས་འབུད་རྒྱག་ཕྲན་བུ་བྱུང་བས་ཨོ་བྷ་མའི་སྐུ་སྲུང་འགའ་ཞིག་སླེབས་ནས་ངེད་གཉིས་སོ་སོར་རྐུབ་བཀྱགས་རེའི་ཐོག་ཏུ་བཞག དེ་ནས་ཅུང་མ་འགོར་བར་ཟ་ཁང་གི་སྦྱིན་བདག་དེས་ངེད་གཉིས་ཀྱི་དྲུང་དུ་བག་ལེབ་དགུ་བརྩེགས་ཅན་རེ་ཁུར་ནས་"རྣམ་པ་གཉིས་འདིར་སླེབས་པ་ཐུགས་རྗེ་ཆེ།"ཟེར་བཞིན་ཕྱིར་བསྐྱེད་བྱས་སོང་། ཨོ་བྷ་མ་ངེད་གཉིས་སྔ་མ་ངོ་མི་ཤེས་ནའང་འདི་ལྟར་འདྲིས་བདེ་འགྲོགས་བདེ་ཞིག་རེད། དངོས་གནས་སྐྱིད་པོ་བྱུང་། བྱས་ན་ཡང་སྙིང་ང་སུ་ཡིན་ཁྱོད་ཀྱིས་ཤེས་སམ། ང་སུ་ཡིན་མ་ཤེས་ན་ཨུ་རུ་སུའི་སྲིད་འཛིན་༼Dmitry Medvedev ༽གྷྲིམིཏྲིས་ མེཝིདེཝི་ཡིན།

Thursday, June 24, 2010

མཛངས་མ་སྒྲོལ་དཀར་མཚོ།


སྒྲོལ་དཀར་མཚོ། བོད་ཤིང་སྟག་ཕྱི་ལོ་༡༩༧༤ལོར་ཁམས་རག་ཤུལ་ཡུལ་དུ་ཡབ་ལྷ་རྒྱ་རི་འཇམ་སེང་སྤྲུལ་སྐུ་དང་། མ་ཁྱུང་བཟའ་སྒྲོན་ཡག་གཉིས་ཀྱི་རྒྱུད་དུ་མིང་པོ་ལྔ་ཡི་སྲིང་མོར་སྐྱེས། ཆུང་ངུའི་དུས་སུ་ནོར་ལུག་གི་རྗེས་སུ་འབྲངས་ཤིང་ཀ་མད་སུམ་ཅུ་ལའང་མིག་ཞགས་འགའ་རེ་བརྐྱངས། དེ་ནས་རིམ་གྱིས་ལྷ་རྒྱ་རི་འཇམ་སེང་སྤྲུལ་སྐུ་རྫོང་དང་རིམ་པས་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་སོགས་ཀྱི་དཔོན་ས་སླེབས་པས་སློབ་གྲྭ་འགྲོ་བའི་གོ་སྐབས་བྱུང་ཞིང་སློབ་མཐར་ཕྱིན། དེ་ནས་ཡུལ་ཤུལ་ཁུལ་གྱི་སྦྲགས་སྲིད་ཅུའུ་ལ་ལས་ཀ་བགོས་ནས་ཟླ་ཕོག་སོགས་མཐོ་བོ་ཡོད། མོ་རང་ནི་རྒྱབ་ཀྱི་ཕ་ཁུ་མཐོ་བ་དང་། མོ་རང་སྐྱེས་གཟུགས་ལེགས་པ། ཁ་གསལ་ཞིང་ཁོག་ཡངས་པ། ཉེ་རིང་སུ་ལ་ཐུགས་ཀྱང་སྐད་ཅ་དྲང་མོར་བཤད་པ་སོགས་ཡ་རབ་དྲ་མའི་ལུགས་སུ་འཛོམས་པའི་སྨན་ཤར་ཞིག་ཏུ་གྱུར། དེའི་ཚེ་ཡུལ་དེའི་དཀོར་རྫས་གད་སྙིགས་བཞིན་སྤུངས་པའི་སྤྲུལ་མིང་ཅན་དང་། དམར་ཡག་སྟག་གི་སྙིང་ཁམས་ཅན་གྱི་ཕོ་རྒོད། ནོར་ལོངས་སྤྱོད་ཀླུ་དང་མཉམ་པའི་ཕྱུག་པོ་སོགས་ཆེ་དགུ་གཉན་བཅུ་དུ་མ་ཞིག་གིས་གནའ་མ་བསླངས་ནའང་ལས་དང་བསྐོས་པ་ལྟ་བུས་སུ་ལའང་ཡ་ལན་མ་བྱས་པར་ཐག་རིང་གོ་འཇོ་ཡུལ་ནས་གསར་དུ་གཟི་ཚོང་ཞིག་གི་ཆེད་དུ་རང་ཁྱིམ་དུ་ཡོང་པའི་ཚོང་པ་ཀརྨ་བསམ་འགྲུབ་དང་རིམ་གྱིས་བརྩེ་བ་ཟུགས་ནས་གཤིག་མི་ཐུབ་པར་གྱུར། དེ་ནས་ཚོང་པ་ཀརྨ་བསམ་འགྲུབ་དང་འགྲོགས་ནས་རྒྱ་ཁབ་ཕྱི་ནང་དུ་མ་སོང་། སྔ་ཕྱི་བུ་མོ་གཉིས་སྐྱེས། ཀརྨས་སྐྱེ་དགུ་མདོ་རུ"ཆུ་བོ་རྨ་འབྲི་རྫ་གསུམ་གྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབས་ཚོགས་པ་"བཙུགས་པའི་སྐབས་མོ་རང་གི་ཕ་ཁུ་སོགས་ཀྱིས་ནུས་ཤུགས་གལ་ཆེན་གཏོན། ཀརྨ་ནི་རང་ཁྱིམ་དུ་སྡོད་པའི་དུས་ཚོད་ཆེས་ཉུང་ཞིང་བུ་མོ་གཉིས་ཀྱང་རང་ཉིད་གཅིག་པུས་གཉོར་སྐྱོང་བྱེད་དགོས་སོགས་དཀའ་ཁག་བྱུང་བའི་སྐབས་སུ་མོ་རང་ལ་བློ་དཀར་བའི་ཉེ་འབྲེལ་སོགས་ཀྱིས་ཀརྨ་ལ་འཁང་ར་འདྲ་བྱས་ན་མོས་ཀརྨའི་ཕྱོགས་སུ་ལངས་རྐྱང་བྱེད་ཅིང་མདོར་ན་མོ་ཡིས་རང་གི་མཛའ་བོ་བཅང་པའི་བརྩེ་དུངས་ལ་ནམ་ཡང་དྲི་མ་མེད། དེའི་སྐོར་མོ་རང་གི་ཉེ་ཆར་ཟླ་དྲུག་པའི་ཚེས་༢༡ཉིན་བྲིས་པའི་(སྙིང་གཏམ་)དུམ་བུ་དེའི་ནང་དུ་སྡོམ་ཚིག་བཞག་ཡོད་པ་ནི་འདི་ལྟར"ཁོང་རང་རྒྱུན་དུ་ཁྱིམ་དུ་མ་བཞུགས་པ་དང་། ཁོང་གི་རྒྱུ་དང་ནུས་ཤུགས་ཡོད་ཚད་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ་ལ་ཕུལ་ཡང་རུང་། ངའི་སེམས་ནང་དུ་ཆེས་བརྩེ་ཤོས་ཀྱི་མི་དེ་ཡིན། "ཞེས་སེམས་ཁོང་གི་སྙིང་གཏམ་མིག་ཆུ་ལ་བསྲེས་ཡོད་པ་ལྟར་རོ།།
དེ་ནས་ལོ་ཤས་གོང་ནས་ཀརྨའི་ལས་ཀ་དང་བསྟུན་ཏེ་མོ་རང་གཞུང་གི་ལས་ཀ་བསྐྱུར་ནས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་སྤོས་ཤིང་དེར་གཞིས་ཆགས་ཡོད། ཉེའི་ཆར་ཀརྨ་བཙོན་དུ་ཚུད་རྗེས་སུ་སེམས་པ་མི་བདེ་བ་དང་། ལུས་ཀྱི་ཤ་སྐམ་པ་སོགས་ལུས་སེམས་གཉིས་ལ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་འདུག་ཀྱང་ཧུ་ཤུ་དང་། བྲང་བརྡུང་གཅིག་པུ་མ་བྱས་པར་༼སྙིང་གཏམ་༽ཞེས་པའི་རྩོམ་ཐུང་ཞིག་བྲིས་ནས་འཛམ་གླིང་ཁྱོན་ལ་གསལ་བཤད་རྣལ་མ་ཞིག་བྱས་ཡོད་པ་རེད། དེའི་ནང་དུ་རང་གི་ཁྱོ་བོ་ལ་གདེངས་འཇོག་འདི་ལྟར་བྱས་འདུག"ང་རང་ཆུང་མ་ཞིག་གིས་རང་གི་ཟླ་བོ་ལ་དག་སེལ་བྱེད་པར་ཡང་སྙིང་གཞན་གྱིས་བློ་ཁ་ཇི་ཙམ་གཏོད་མིན་ཧ་གོ་གི་མེད། འོན་ཀྱང་ཆ་རྒྱུས་ཡོད་མཁན་ཚང་མས་ངའི་ཟླ་བོ་ལ་བཅངས་པའི་ཡིད་ཆེས་དེས་ང་རང་སེམས་འགུལ་ཐེབས་ལ་གདེང་ཚོད་ཞིག་ཀྱང་རྙེད་བྱུང་། གཟི་ཡི་རྒྱལ་པོ་དང་། ཁོར་ཡུག་སྲུང་སྐྱོབ་པ། དགེ་རྩ་སྒྲུབ་མཁན། ཕུལ་བྱུང་ཚོང་པ། ངལ་རྩོལ་དཔེ་བཟང་སོགས་སྨིག་སྒྱུ་ལྟ་བུའི་མཚན་སྙན་དེ་དག་ཡོངས་སུ་དོར་ན་ཡང་། ངའི་ཟླ་བོ་ནི་ཕྱི་གསལ་ནང་གསལ་གྱི་མི་ཞིག་དང་། མི་ཐམས་ཅད་ཀྱིས་དགའ་པོ་བྱེད་སའི་ཡ་རབས་གཞུང་དྲང་ཞིག་ཡིན་པ་མ་ཚད། ཁོང་རང་རྒྱུན་དུ་ཁྱིམ་དུ་མ་བཞུགས་པ་དང་། ཁོང་གི་རྒྱུ་དང་ནུས་ཤུགས་ཡོད་ཚད་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ་ལ་ཕུལ་ཡང་རུང་། ངའི་སེམས་ནང་དུ་ཆེས་བརྩེ་ཤོས་ཀྱི་མི་དེ་ཡིན། ང་རང་ཆུང་མ་ཞིག་དང་མ་ཡུམ་ཞིག་གི་ཚོད་ནས་སྐྱོ་གདུང་གཞན་ཞིག་མྱོང་བཞིན་ཡོད་མོད། ང་རང་གིས་འདི་ལྟ་བུའི་སྒེར་སེམས་མེད་པའི་མི་ཞིག་ལ་རྒྱབ་སྐྱོར་བྱེད་རྒྱུ་བྱུང་བ་ནི་རང་ཉིད་ཀྱི་ལས་སྐལ་བཟང་པོ་ཡིན་པར་ཚོར་བཞིན་ཡོད།"ཅེས་གསལ་འདུག་ཅིང་བསམ་པའི་ཁྱེར་སོ་དང་། རྩོམ་གྱི་སྒྱུ་རྩལ། དོན་གྱི་འབབ་སོ་སོགས་གང་ལ་བསམ་ཀྱང་ཡ་རབ་མཛངས་མའི་སྐད་ཆ་ཤ་སྟག་བཤད་འདུག་པས་༼མཛངས་མ་སྒྲོལ་དཀར་མཚོ།༽ཞེས་སེམས་གཏིང་ནས་མངོན་པར་བསྟོད་དོ།།
ནགས་ཤོད་རིགས་རལ་གྱིས་བོད་བསྒྱུར་བྱས་པའི་སྒྲོན་དཀར་མཚོའི་རྩོམ་ཡིག་ཀློག་འདོད་ན་དྲ་ཐག་འདིར་འདུག
http://www.khabdha.org/?p=9837

Friday, June 18, 2010

ཡུལ་གྲོང་གི་དོགས་གཅོད།


འདི་ནི་ཉེ་བའི་ཆར་སྐྱེ་དགུ་མདོར་ས་འགུལ་བརྒྱབ་རྗེས་ཙམ་དུ་འཇམ་དབྱངས་ནོར་བུས་བྲིས་པའི་"ང་ཡི་སྙིང་དབུས་ཀྱི་སྐྱེ་རྒུ་མདོ"ཞེས་པའི་དབྱིན་ཡིག་གི་ཆེད་རྩོམ་ལ་ལེགས་སྤེལ་ལམ་ཡང་ན་བསེད་དཀྲོལ་ལྟ་བུ་མཆན་བཏབ་པ་ཞིག་ཡིན་ནའང་། འདིས་ཡུལ་ལུང་འདི་རྒྱུས་མེད་རྣམས་ལ་ཕན་པ་རེ་འབྱུང་རེས་འདི་ན་ཉར་ཚགས་སུ་བྱས་པ་ཡིན།

མཁས་དབང་འཇམ་དབྱངས་ནོར་བུ་ལགས། སྐྱེ་དགུ་མདོ་ཡི་ལོ་རྒྱུས་བསྡུ་བསྒྲིགས་བྱས་པར་ཐུགས་རྗེ་ཆེ། གུས་པ་ནི་དབྱིན་ཇི་ཡག་པོ་ཤེས་མཁན་ཞིག་མིན་པས་ནམ་རྒྱུན་དབྱིན་ཡིག་གི་དྲ་རྒྱ་རྣམས་སུ་ཉུལ་བ་དགའ་བོ་མེད། འོན་ཀྱང་སྐུ་ཉིད་ཀྱིས་སྐྱེ་དགུ་མདོ་ཡི་གནས་ཚུལ་ཞིག་བྲིས་འདུག་པ་ཐོས་པས་ཆེད་དུ་འདིར་ཡོང་བ་ཡིན། གནས་ཚུལ་ཕལ་མོ་ཆེ་ཁ་གསལ་པོ་དང་། ཁུངས་བཙན་པོ་ཞིག་ཡོད་བཟོ་འདུག དེའི་ནང་ནས་དོགས་གནས་འགའ་ཞིག་འདུག་པས་གསལ་བཤད་བྱེད་འདོད་བྱུང་བས་དགོངས་འགལ་མེད་པར་མཛོད།
༡༽ཡུལ་ཤུལ་གྱི་ཐད་དུ། ཡུལ་ལུང་འདིར་ཆེས་སྔ་མོ་ཞིག་ཏུ་ལྡོང་རག་མ་རྒྱལ་མཚན་བྱ་བ་ལ་བུ་གསུམ་སྟེ། ཡུལ་རིས་དང་། རག་རིས། དགེ་རིས་གསུམ་བྱུང་བས་ཕ་ཡིས་ཡུལ་ལུང་གསུམ་གྱི་དཔོན་པོར་བསྐོས་པར་གྲགས། དེ་དག་གི་ཤུལ་དུ་ཡུལ་ཤུལ་དང་། རག་ཤུལ། དགེ་ཤུལ་བཅས་ལུང་པ་བྱེ་བྲག་པ་གསུམ་གྱི་མིང་དུ་གྱུར། འདི་དག་གི་ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་གྲས་ནས་ཡིན་པ་རེད། ད་དུང་འདི་ལ་བཤད་ཚུལ་མི་མཐུན་པ་ཕྲན་བུ་ཡོད་ཀྱང་སྤུན་གསུམ་གྱི་རྗེས་ཤུལ་ཡིན་པ་ཁ་གཅིག་མཐུན་ཡིན། ཡུལ་ཤུལ་ཐོག་མར་ཡུལ་ཤུལ་ལིང་ཚེ་དྲུག་ཅེས་པའི་ཚོ་པ་ཆུང་ཆུང་དྲུག་ཅན་གྱི་སྤྱི་མིང་ཙམ་ཡིན། དེ་ནས་ཕྱིས་སུ་༡༩༥༡ལོར་སྐྱེ་དགུ་མདོ་འདིར་བོད་རིགས་རང་སྐྱོང་གི་ཁུལ་གྱི་སྲིད་གཞུང་འཛུགས་སྐབས་ཡུལ་ཤུལ་གྱི་མིང་དེ་ཉིད་ཁུལ་ཡོངས་ཀྱི་མིང་དུ་འཕོས་པ་རེད། སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་དང་། སྒ་ཚ་ཞང་ལྡན་མ་བྱང་ཁྲ་སོགས་གླིང་སྒྲུང་ནང་གི་མི་སྣ་གཡེར་པོ་ཆེ་མང་པོ་ཞིག་འདི་ནས་བྱུང་བ་ཡིན་ནའང་ཡུལ་ཤུལ་ཞེས་པ་གླིང་གེ་སར་གྱི་ཕ་ཡུལ་གྱི་ཤུལ་ཡིན་པ་གོ་མྱོང་མེད།
༢༽ནང་ཆེན་གྱི་ཐད་དུ། ནང་ཆེན་ཞེས་པའི་ནང་དེ་དམངས་ཁྲོད་དུ་ནང་བློན་ཆེན་པོར་འགྲེལ་སྲོལ་ཡོད་ཀྱང་དོན་ངོ་ནི་ནང་སོ་ཆེ་ཆུང་གཉིས་བྱུང་བའི་ཆེ་བ་དེའི་མིང་རེད། ནང་སོ་ནི་སྔར་བོད་བཙན་པོའི་སྐབས་སུ་ནང་གི་ཁབ་སྲུང་བའི་དམག་དཔོན་གྱི་མིང་དང་། དེ་ནས་རིམ་གྱིས་བོད་ཀྱི་མངའ་ཐང་ཉམ་ཞིང་དམག་གི་ལས་ཀ་ཤོར་རྗེས་བླ་བྲང་དང་། ཡང་ན་ཕྱག་མཛོད་སོགས་ལའང་འཇུག་པ་རེད། མདོར་ན་སྡེ་པ་ནང་ཁུལ་དུ་བཀོད་འདོམས་བྱེད་པའི་དབང་ཚད་ཅན་ཞིག་ལ་སྔ་ཕྱི་བར་གསུམ་དུ་གོ་བ་རེད། འགྲོ་མགོན་ཏི་ཤྲི་རས་པ་དགོངས་པ་རྫོགས་རྗེས་བུ་སློབ་རྣམས་ཀྱིས་བླ་མའི་སྐུ་གདུང་བཞུགས་ས་སྐུ་འབུམ་རྩ་བའམ་སྐུ་འབུམ་དགོན་པ་ཞེས་པར་བཞེངས། དེ་ནས་དགོན་པ་དེར་ནང་སོ་ལྷ་ཁང་ཆེན་མོ་བྱ་བ་བཞེངས་པ་ནས་ནང་སོ་ཞེས་པའི་མིང་འདི་བྱུང་བ་རེད། དེའི་སྐབས་སུ་ནང་སོ་གཅིག་མ་གཏོགས་མེད་པས་ཆེ་ཅུང་གི་སྐད་ཅ་མེད་པ་རེད། དེའི་རྗེས་སུ་ནང་སོ་འདི་ལས་ཆུང་བ་ཞིག་བྱུང་བས་གདོད་ནང་སོ་ཆེ་ཆུང་བྱུང་བ་རེད། ཕྱིས་སུ་བསྡུས་མིང་དུ་ནང་ཆེན་ཞེས་བོས་པ་ཙམ་ལས་ནང་བློན་ཆེན་མོའི་གོ་དོན་དང་། ལྷག་པར་རྒྱ་ནག་གི་ནང་བློན་ཆེན་མོའི་གོ་དོན་དེ་ལས་ཀྱང་ཡོད་པ་མ་རེད།
༣༽རྒྱ་ནག་མ་ཎི། འདི་ནི་ཁམས་ཆབ་མདོར་འཁྲུངས་པའི་བྱ་གཏང་རྒྱལ་ཁམས་པ་རྟོགས་ལྡན་བྱང་ཆུབ་འཕགས་དབང་བྱ་བ་རྒྱ་གར་དང་། རྒྱ་ནག་ལྷག་པར་རི་བོ་རྩེ་ལྔ་ཡུན་རིང་བཞུགས་རྗེས་གནས་འདིར་བྱོན་པས་རྒྱ་ནག་རྟོགས་ལྡན་གྲགས། རྒྱ་ནག་རྟོགས་ལྡན་འདི་ནི་དཀར་དགེ་གཉིས་ཟུང་འབྲེལ་གྱིས་ཉམས་ལེན་གནང་མཁན་ཞིག་ཡིན། ཕྱི་ལོ་༡༧༡༥ལོར་རྡོ་ཨ་དཀར་གྱི་ངོས་སུ་བརྐོས་པའི་མ་ཎི་འགའ་ཞིག་བཞག་ནས་"ནམ་ཞིག་ཕར་ཕྱོགས་ནས་རྟ་པ་མདུང་བཟུང་འགྲོ་སྐབས་ཚུར་ཕྱོགས་ནས་མི་མཐོང་བར་རྒྱས་ངེས་ཡིན་"ཞེས་ལུང་བསྟན། དེ་ནས་ལོ་རེ་ནས་ཇེ་རྒྱས་སུ་སོང་། རིག་གསར་སྐབས་གཏོར་སྐྱོན་ཆེ། འོན་ཀྱང་གཏན་མེད་བཟོ་མ་ཐུབ། ༨༠ནང་དུ་རྒྱ་ནག་སྤྲུལ་སྐུ་སྐུ་ཕྲེང་དྲུག་པས་བསྐྱར་གསོ་འགོ་བཙུགས། དེ་རིང་དེ་ཙམ་ཡིན། ནོར་ན་བཅོས་རོགས།

Thursday, June 17, 2010

ཨ་ཕ་མགྱོགས་པོ་ཤོག ང་ཚོས་སྒུག་ཚད་མི་འདུག



ཀརྨ་བསམ་འགྲུབ་ལགས། ཁ་སང་ལོ་མ་སར་གོང་ནས་བཀག་ཉར་བྱས་ཡོད་འདུག་ཅིང་ཤུལ་དུ་ལུས་པའི་བཟའ་ཟླ་དང་བུ་མོ་གཉིས་ཀྱིས་ལོ་སར་ལ་ཨ་ཕ་སྒུགས་ཡོད་འདུག ལོ་སར་ལ་ནང་ལ་ལོག་མ་ཐུབ་པས་བུ་མོ་གཉིས་ཀྱིས་ཁ་སང་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་མོ་ཨ་ཕ་སྒུགས་ནས་བསྡད་ཡོད་འདུག འོན་ཀྱང་དེ་ལས་ལྡོག་ནས་དྲུག་ཅིག་དུས་ཆེན་ཉིན་ཨ་ཕ་ཀརྨ་བསམ་འགྲུབ་ཤིན་ཅང་གི་རྫོང་མཁར་ཞིག་ཏུ་ཁྲིམས་ར་འཚོགས་ནས་ཁྲིམས་ཐག་གཅོད་རྒྱུ་གསལ་བསྒྲགས་བྱས་ཡོད་འདུག་ཀྱང་དོན་རྐྱེན་གང་ཞིག་ལ་བརྟེན་ནས་ཁྲིམས་ཐག་ཀྱང་ཆོད་ཡོད་མི་འདུག་ལ་བུ་མོ་གཉིས་ཀྱི་འདོད་པ་ལྟར་རང་ཁྱིམ་ལའང་ལོག་ཐུབ་ཡོད་མི་འདུག བྱིས་པ་ཆུང་ཆུང་འདི་གཉིས་ཀྱིས་དུས་ཆེན་དང་གུང་གསེང་རེའི་སྐབས་སུ་དུས་ཆད་བྱས་ནས་རང་གི་ཨ་ཕ་དེ་ནང་ལ་སླེབས་རྒྱུར་བསྒུགས་ནས་འདུག་གོ།

Wednesday, June 16, 2010

བཙན་པོའི་ཆབ་འབངས་དུར་དུ་ཉལ་བའི་ཟིན་ཐོ། འབྲས་མོ་ལྗོངས།


བཙན་པོའི་བང་སོ་ལྷ་ལྡན་གྲོང་ཁྱེར་ནས།། ལྷོ་ནུབ་ཕྱོགས་དེར་སྤྱི་ལེ་ལྔ་བརྒྱའི་སར།།

མཐིང་མདོག་རི་ལུང་བྱང་གི་ཕྱོགས་སུ་ཟུག །གནམ་འདེགས་རི་བོ་སྤྲིན་གྱི་ཐོར་ཅོག་བཅིངས།།

ཉིན་སྲིབ་རི་གཉིས་དར་མདུང་བསླངས་པ་བཞིན།། རྫ་ཆབ་ཟིལ་མའི་ལྦུ་དཀར་མཁའ་ནས་འཐོར།།

སྣ་ཚོགས་ལྗོན་ཤིང་ཆར་སྤྲིན་འཐིབས་པ་བཞིན།། འབྲས་བུ་སྣ་ལྔ་སྤྲ་དང་སྤྲེ་འུས་རྩེ།།

དོམ་ནག་སྨྱོན་པས་ཁ་ཤ་ཤ་བ་འཇོམས།། དུག་སྦྲུལ་ཁ་རླངས་ལྗོན་པའི་རྩེ་ནས་འབྱིན།།

འདི་ནི་སྔ་མོ་ཨོ་རྒྱན་སྦས་ཡུལ་སྟེ།། མི་མིན་ལྷ་འདྲེ་སྤྲིན་ལྟར་འདུ་བ་ལས།།

རྐང་གཉིས་མི་ཡི་རྒྱུ་ལམ་མེད་པར་བཤད།། འོན་ཀྱང་དད་དམ་འཐུག་པའི་སྐྱེ་བོ་འགས།།

གུ་རུ་ཞབས་ཀྱིས་བཅགས་པའི་གནས་མཆོག་འདིར།། དུས་བཞིར་གནས་བསྐོར་རྒྱུན་མ་ཆད་པ་ཡིས།།

ངེས་མེད་གནས་ནས་མི་ཚོགས་ཆུ་ལྟར་ལུད།། དེ་ནས་བློ་དང་རིགས་རྒྱུད་བཟང་བ་ཞིག།

མང་མོས་དཔོན་དུ་བཀུར་བའི་བློ་རྩེ་མཐུན།། ཁམས་པ་ཨ་ཡུ་ལྡོང་ཞེས་བྱ་བ་ཡིས།།

ཡུལ་འདིའི་བདག་དབང་ཡོངས་སུ་བཟུང་བའི་རྗེས།། འབྲས་ལྗོངས་རྒྱལ་པོ་རྒྱལ་ཁབ་ཞེས་བྱ་བྱུང་།།

དེ་ལྟར་དཔོན་འབངས་ལམ་ལུགས་དར་ནས་བཟུང་།། ཆོས་དང་རིག་གཞུང་བསམ་པའི་དཔལ་ཡོན་རྣམས།།

གདོང་དམར་བོད་ཀྱི་ལུགས་བཟང་རྒྱུན་འཛིན་བྱས།། འོན་ཀྱང་ཡུན་རིང་ཟུར་དུ་ལྷགས་པའི་མཐུས།།

སྐད་དང་གོམས་གཤིས་འགྱུར་བ་ཕྲན་བུ་བྱུང་།། ཡུལ་ཕྱོགས་འདི་ཡི་རྒྱལ་པོའི་མཆིས་བྲང་ཡང་།།

ལྷ་ལྡན་ཞིང་ནས་སྐུ་དྲག་སྲས་མོ་ཞིག། དྲག་འདེམས་བྱས་ནས་བཙུན་མོར་བྱས་སྐད་ལོ།།

སྲིབ་ཀྱི་ཕྱོགས་དེར་སྒང་ཏོག་གྲོང་ཁྱེར་ནི།། དེང་རབས་ལུགས་ཀྱིས་ཚོང་ཟོང་གནམ་དུ་འཕྱོ།།

རྒྱ་གར་གྲོང་ཁྱེར་གཞན་དང་མི་འདྲ་བར།། ཟས་གོས་སྤྱོད་ལམ་ཁ་བ་ཅན་དང་ཉེ།།

ཁོར་ཡུག་ཀུན་དུ་བག་ཕེབས་ཉམས་དགའ་ཞིང་།། དེང་དུས་རྒྱ་བལ་མི་རིགས་གྲངས་མང་བས།།

བོད་ཀྱི་རིག་གཞུང་ཆུ་ཡི་ཟླ་བ་བཞིན།། རང་ཚུགས་མི་ཐུབ་དགུང་དུ་ཡལ་ལ་ཉེ།།

ཡུལ་ལུགས་འདྲེས་མའི་སྤྱོད་པ་ཁྱད་མཚར་བ།། གཉེན་སྒྲིག་མཛད་སྒོ་ཉིན་དེར་ཁྱོ་བོ་ཉིད།།

ཞྭ་ལྷམ་མེད་པར་གོས་རྐྱང་སྔོན་དུ་འགྲོ།། མོ་ཡི་ཕྱོགས་ནས་ཟྭ་ལྡུམ་ལོ་འདབས་ཀྱིས།།

གང་བྱུང་བྲབ་ནས་རྒྱབ་ནས་འབུད་རྒྱག་བྱེད།། བུ་མོར་བརྩེ་བ་ཟབ་མིན་འཇལ་སྐད་ལོ།།

ད་དུང་ཐུན་མིན་གོམས་གཤིས་ཐན་ཐུན་འགའ།། ཡོད་ཀྱང་ཞིབ་ཕྲ་ལྗོངས་འདིར་སོང་ན་ཤེས།། །།

Monday, June 14, 2010

སེམས་འཕྲིན་དམར་དམར་དང་། ཞལ་འདེབས་ཏིག་ཏིག



༄༅།། ཤ་རུས་གཅིག་པའི་སྤུན་ཟླ་བོད་མདོ་ཁམས་སྐྱེ་རྒུ་མདོའི་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ། ཆེད་ཞུ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༤རེས་གཟའ་ལྷག་པའི་ཞོགས་པ་ཕྱག་ཚོད་༧།༣༠ཡས་མས་ཙམ་ལ་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཕོག་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར་བློ་ཕམ་ཚད་མེད་བྱུང་ཞིང་། ཉིན་དེ་ནས་བཟུང་འདི་རྒྱ་གར་ལྷོ་ཕྱོགས་མཁས་མང་བློ་གསལ་གླིང་གྲྭ་ཚང་ནས་ཉིན་ལྟར་སྨོན་ལམ་དང་མཆོག་གསུམ་ལ་གསོལ་འདེབས་ཞུས་པ་མ་ཟད། ཕྱི་ཚེས་༢༠ཉིན་བདུན་ཚིགས་དང་པོ་ཁེལ་བ་གྲྭ་ཚང་ནས་གོ་སྒྲིག་འོག་དབུ་བཞུགས་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། མཁན་ལས་ཟུར་རྣམ་པ། སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་རྒྱལ་སྲས་བླ་སྤྲུལ་ཁག བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དང་། དགེ་འདུན་འདུས་པ་རྒྱ་མཚོ་བཅས་ནས་སྨོན་ལམ་མཆོད་འབུལ་རྒྱས་པ་ཞིག་འཚོགས་ཏེ་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་དང་། གཞིས་བཞུགས་སྤུན་ཟླ་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། ཐུགས་གསོའི་འཚམས་ཞུ། རྨས་མ་རྣམས་མྱུར་དུ་སྐུ་གཟུགས་བདེ་ཐང་ཡོང་བ་དང་། རྐྱེན་འདས་སུ་གྱུར་པ་རྣམས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཐམས་ཅད་བྱང་ཞིང་དག་ནས་དལ་རྟེན་རིམ་རྒྱུད་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་སྟེ་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པའི་ཡིད་སྨོན་དང་། གྲྭ་ཚང་ནས་གོད་ཆག་ཕོག་ཡུལ་ཉམ་ཐག་མི་མང་རྣམས་ཀྱི་ཆེད་ཞལ་འདེབས་ཧིན་སྒོར་སུམ་འབུམ་དང་། ཁམས་ཚན་ཉེར་ལྔའི་དགེ་འདུན་པ་རྣམས་ནས་ཞལ་འདེབས་ཧིན་སྒོར་ཆིག་འབུམ་དྲུག་ཁྲི་དྲུག་སྟོང་བརྒྱ་མེད་ལྔ་བཅུ་ང་ལྔ་བཅས་བསྡོམ་པས་ཧིན་སྒོར་བཞི་འབུམ་དྲུག་ཁྲི་དྲུག་སྟོང་བརྒྱ་མེད་ལྔ་བཅུ་ང་ལྔ་ཐམ་པ་ཕུལ་ཡོད་པ་ལགས་ན་ཉམ་ཐག་མི་མང་གི་ལག་ཏུ་སོན་ཐུབ་པའི་རེ་བ་བཅས། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་བྱེ་བའི་གྲྭ་ཚང་ནས། ཕྱི་ལོ་༢༠༡༠ཟླ་ ༤་ཚེས་ ༢༤་ཉིན།
འདི་ནི་སྐབས་འདིར་བྱེས་ཀྱི་གདན་ས་ཁག་གིས་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱས་པའི་ཟུར་གཅིག་རྩལ་འདོན་བྱས་པ་ཙམ་ལས་གཞན་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་། དགའ་ལྡན་ཤར་བྱང་གཉིས་སོགས་ཀྱིས་ཧིན་སྒོར་སུམ་འབུམ་རེ་བཅས་ཀྱི་ཞལ་འདེབས་དང་། ཤི་བོ་རྣམས་ལ་དམིགས་བསལ་གྱིས་བསྔོ་སྨོན་ཟབ་རྒྱས་གནད་སྨིན་ཞུས་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ལགས་པས་འདིར་འགོད་པའི་ངལ་བ་མ་བྱས།

ཀརྨ་བསམ་འགྲུབ་དང་གླེང་མོལ་དུམ་བུ་གཉིས།

ཀརྨ་བསམ་འགྲུབ་དང་གླེང་མོལ། དུམ་བུ་དང་པོ།

ཁོ་ནི་ནམ་རྒྱུན་ལས་ཀ་མང་ཙམ་དང་། དྲིལ་སྒྲགས་ཉུང་ཙམ་གནང་མཁན་གྱི་གྲས་ཤིག་རེད། ངོ་ཤེས་ལ་མ་ཤེས་ལ་དེ་དག་ལ་སྤོམ་པོར་སྡོད་པ་ལས་སྐད་ཅ་མང་པོ་མི་བཤད་མཁན་དང་། དེ་ནས་ག་ལེར་སོང་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་གནང་མཁན་ཞིག་འདུག
དེ་ཡང་ཕྱི་ལོ་༡༩༩༧ལོའི་དབྱར་ཀ་དེར་ང་དང་གྲོགས་པོ་འགའ་ཞིག ཀརྨ་བསམ་འགྲུབ་བཅས་སྐྱེ་དགུ་མདོའི་མི་ཚང་ཕྱུག་པོ་ཞིག་གི་ནང་དུ་དགུང་ཟས་རོལ་ནས་སྐད་ཅ་བཤད་དེ་ནམ་ཕྱེད་བར་དུ་བསྡད། སྐད་ཅ་ཆ་བ་ཆོབ་བེ་མང་པོ་ཞིག་བཤད་མཐར་བོད་ཀྱི་མཁས་པ་དང་ལོ་ཙཱ་བའི་སྐོར་ནས་འཕྲོས་ཏེ་དགེ་འདུན་ཆོས་འཕེལ་གྱི་བར་དུ་བྱུང་ཞིང་མཐའ་མ་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོང་རྒྱན་གྱི་མཆོད་བརྗོད་ཚིགས་བཅད་དང་པོ་དེ་ངག་ནས་སྐྱོར་བྱུང་། ་་་་་་་་་་།། འཇིགས་རུང་འཁོར་བའི་དགྲ་ཆེན་སྐྱོབ་པའི་གྲོགས་སུ་ཤེས་ལྡན་སུ་ཡིས་བཀུར། ། ཞེས་པ་འདི་དག་ལ་བརྟེན་ནས་དགེ་ཆོས་ཀྱིས་སངས་རྒྱས་ལ་དད་པ་ཡོད་མེད་དང་། ཁོ་ལ་ཆོས་ལུགས་ཡོད་མེད་སོགས་ཀྱི་བཤད་ཡོམ་མང་པོ་དེང་སང་ཡོད་ཀྱང་དེ་དག་གིས་དགེ་ཆོས་ཀྱི་རྣམ་ཐར་ངོ་མ་དེ་མ་རྟོགས་པ་རེད་ཟེར། ཤེར་རྒྱམ་གྱིས་བྲིས་པའི་དགེ་ཆོས་རྣམ་ཐར་དེ་དག་བཤད་བྱུང་ལ་ཕལ་མོ་ཆེ་ཁོ་ཡི་བློ་ལ་ངེས་ཡོད་པ་འདྲ། དགེ་འདུན་ཆོས་འཕེལ་ལ་གདེངས་འཇོག་ཡག་པོ་བྱད་ཀྱིན་འདུག དེ་ནས་ངས་༼བླ་མའི་རྒྱལ་ཁབ་ནུབ་པ་༽ཞེས་པའི་དེབ་ནང་ལ་དགེ་ཆོས་ཀྱི་སྐོར་ལ་གནས་ཚུལ་གསར་པ་མང་པོ་ཡོད་པ་ལས་ལྷག་པར་དུད་ནག་འཐེན་གྱིན་ཡོད་པ་དང་། འཇར་མན་ན་ཙི་ཚོགས་པ་ལའང་ཡིད་སྨོན་ཡོད་ཚུལ་བྲིས་ཡོད་རབས་བཤད། ང་ཚོ་རྩོད་པའི་ཟོལ་འདྲ་བས་ནམ་གུང་བར་དུ་བསྐྱལ།
འདི་ནི་ཀརྨ་བསམ་འགྲུབ་དང་སྐད་ཅ་བཤད་པ་དང་པོ་དེ་རེད།

ཀརྨ་བསམ་འགྲུབ་དང་གླེང་མོལ། དུམ་བུ་གཉིས་པ།

དེ་ནས་ལོ་ཤས་རྗེས་སུ་མི་ཚོགས་ཤིན་ཏུ་མང་བའི་ཟ་ཁང་ཞིག་གི་སྒོ་འགྲམ་ནས་གློ་བུར་དུ་ཀརྨ་བསམ་འགྲུབ་ལགས་གདོང་ཐུགས་རྒྱབ། བཀྲ་ཤིས་བདེ་ལེགས། ཞེས་ཕན་ཚུན་འབོད་བཞིན་གུས་བསུ་བྱས། དེ་ནས་ཁོ་རང་ལ་རོགས་པ་འགའ་ཞིག་འདུག་པ་ཁྱོད་ཅག་སྔོན་ནས་སོང་དང་ང་ག་ལེར་སླེབས་ཡོང་ཟེར་ནས་ཁོང་ཚོ་སྔོན་དུ་བཏང་། དེ་ནས་ང་གཉིས་ཟ་ཁང་དེའི་ནང་དུ་འཛུལ་ནས་སིལ་ཏོག་ཁུ་བ་རེ་མངགས་ནས་གླེང་མོལ་རིང་ཙམ་བྱས།
ང་གཉིས་གཞིས་བྱེས་གཉིས་དང་ལྷག་པར་བྱེས་ཀྱི་དགོན་སྡེ་ཁག་གི་སློབ་གཉེར་བྱེད་སྟངས་ཐོག་ཏུ་བབས། ངས། ས་སྐྱའི་བཤད་གྲྭ་ཁག་དང་། དགེ་ལུགས་ཀྱི་གྲྭ་ས་ཁག་ཏུ་སློབ་ཡུན་གྱི་རིང་ཚད་སོགས་བཤད། ཀརྨས། དེ་ལྟར་ན་སློབ་ཡུན་རིང་དྲག་པས་སྤྱི་ཚོགས་སུ་ཞབས་འདེབས་སྒྲུབ་པའི་གོ་སྐབས་ནམ་ཞིག་རྙེད་སྲིད། ཟེར། རྒྱ་ནག་ལྟ་བུ་ཆ་མཚོན་ན་དེང་སང་སློབ་སྦྱོང་གི་ཅ་རྐྱེན་བཟང་དུ་སོང་བས་གནའ་དུས་སུ་ལོ་གཉིས་རེའི་སློབ་ཚན་དེང་སང་ལོ་རེ་ཙམ་ལ་སྦྱོང་ཐུབ་ཀྱི་ཡོད་ལུགས་བཤད་ཀྱིན་འདུག་པས་གདན་ས་ཁག་གི་སློབ་ཡུན་ཧ་ཅང་རིང་དྲག་ཟེར། ད་འོ་ན་དེ་ལྟར་མི་ལོ་ཉི་ཤུ་ཡར་ནང་དུ་སློབ་སྦྱོང་བྱས་པའི་འབྲས་བུ་མི་རིགས་དང་རྒྱལ་ཁབ་ཡང་ན་འཇིག་རྟེན་ཡོངས་ལ་ཕན་པའི་ལག་རྗེས་ཅན་སུ་ཡོད་དམ། ཟེར། དེང་སང་ཚོང་པ་ཡིན་ནའང་འདྲ། མཁས་པ་ཡིནའང་འདྲ། མི་སྣ་སྐད་གྲགས་ཅན་དག་གིས་ཚོང་ཅིག་བརྒྱབ་ནའང་རང་གི་རྒྱལ་ཁབ་ལ་ཁྲལ་ག་ཚོད་འབུལ་ཐུབ་ཀྱི་འདུག ཡང་ན་འཇིག་རྟེན་སྤྱི་ལ་ཞབས་འདེབས་ག་འདྲ་སྒྲུབ་ཐུབ་པ་སོགས་ལ་བསམ་བློ་གཏོང་གི་འདུག དེས་ན་གདན་ས་ཁག་ཏུ་འདུ་ཤེས་འཛིན་སྟངས་ག་འདྲ་འདུག་ཟེར། དེ་ལྟར་ཕན་ཚུན་གླེང་མོལ་གྱི་སྐབས་སུ་ཁ་པར་ཞིག་འབྱོར་ནས་ངེད་གཉིས་བྲལ་དགོས་པ་བཟོས།
སྔར་མ་དགུང་ཟས་ཤིག་མཉམ་དུ་ཟོས་ཤིང་རྩོད་པ་ཕྲན་བུ་བྱས་པ་ཙམ་ལས་འགྲོགས་འདྲིས་ཧ་ཅང་མི་ཆེ། དེ་རིང་ངེད་གཉིས་མ་གཏོགས་མེད་པས་ཁ་རྩོད་འདྲའང་མ་བྱས། དེ་ནི་ངེད་གཉིས་གླེང་མོལ་གཉིས་པ་དེ་རེད་ལ་ཐ་མ་དེའང་རེད། གླེང་མོལ་གསུམ་པ་དེ་ཞི་བདེ་དང་ལྷིང་འཇགས་ཤིག་ཏུ་ཡོང་བར་སྨོན། འདི་དག་དངོས་བྱུང་གི་ལོ་རྒྱུས་ཤིག་ཡིན་པས་མི་ཡི་སེམས་ཁམས་སོགས་མཚོན་པ་བྱེད་ཐུབ་པར་སེམས།
འདི་ཤེས་རབ་ལགས་ཀྱི་ཟིན་བྲིས་ལ་མཆན་བཏབ་པ་ཞིག་ཡིན་ཀྱང་དྲན་བསྐུལ་ཡག་པོ་འདྲ་བྱུང་བས་རང་གི་ཡིག་ཚགས་སུ་ཉར་བ་ཡིན།

Sunday, June 6, 2010

ཁོར་ཡུག་དང་། སྲུང་སྐྱོབ་པ།


ཀརྨ་བསམ་འགྲུབ། ཕྱི་ལོ་༡༩༩༤ཙམ་དུ་སྒ་སྐྱེ་རྒུ་མདོ་རུ་ལོ་རེ་བཞིན་དུ་ཚོགས་སྲོལ་ཡོད་པའི་ཡུལ་ཤུལ་རྟ་རྒྱུགས་འགྲན་ཚོགས་ཀྱི་ལྟད་པོ་བལྟ་བ་དང་མཉམ་དུ་གཟི་དང་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཉོ་ཚོང་གི་ཆེད་དུ་ཡུལ་ཤུལ་དུ་ཐོག་མར་འབྱོར་བ་རེད། དེ་ནས་བཟུང་ལོ་རེ་བཞིན་དབྱར་དུས་སུ་ཡུལ་ཤུལ་རྩྭ་ཐང་དུ་ཚོང་སོགས་ཅི་ཞིག་གི་ཆེད་དུ་ཡང་ཡང་སླེབས། མཐར་རྒྱ་རི་འཇམ་སེང་སྤྲུལ་སྐུའི་སྲས་མོ་སྒྲོལ་དཀར་མཚོ་དང་གཉེན་བསྒྲིགས་ནས་ཡུན་རིང་ཙམ་བསྡད།
༼ཀརྨ་བསམ་འགྲུབ་དང་ཁོང་གི་བཟའ་ཟླ་སྒྲོལ་དཀར་མཚོ་གཉིས། ༡༩༩༨ལོ།༠༧། ༢༨ཉིན། སྐྱེ་དགུ་མདོ་ནས།༽

འཇིག་རྟེན་གྱི་སྤྱི་གཙུག་ཏུ་གྲགས་པའི་མཐོ་སྒང་གི་ཞིང་ཁམས་འདིས་ཁོ་ཡི་ཡིད་དབང་ཡོངས་སུ་འཕྲོག དེ་ནས་ཕྱི་ལོ་༢༠༠༠ལོར་དང་བླངས་ཀྱིས་ཆུ་བོ་རྨ་འབྲི་རྫ་གསུམ་གྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཟེར་བ་སྒ་སྐྱེ་དགུ་མདོ་རུ་བཙུགས།
སྤྱིར་ན་ཆུ་བོ་རྨ་རྫ་འབྲི་གསུམ་གྱི་མགོ་ཁུངས་འདི་ནི་གསེར་ལ་སོགས་པ་རིན་པོ་ཆེས་ས་འོག་ཡོངས་སུ་གཏམས་པ། གཙོས་དང་རྐྱང་འབྲོང་ལ་སོགས་པའི་ས་ཁ་ཡོངས་སུ་ཁྱབ་པའི་གདོད་མའི་འཇིག་རྟེན་ཉམས་དགའ་བ་ཞིག་ཡིན་པས་འདི་ནི་སྲུང་སྐྱོབ་འོས་པ་དང་དེ་ཡང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། འོན་ཀྱང་ལྷ་དར་ས་འདྲེ་རྒོད་ཟེར་བ་ལྟར་གནས་འདི་དག་ཏུ་ས་ལ་རིགས་དང་རྒྱ་རིགས་སོགས་ཀྱི་རྔོན་པ་དང་ཇག་པས་ས་འོག་གི་གཏེར་ཁ་དང་། ས་ཁའི་རི་དྭགས་མ་ལུས་པ་རྩ་མེད་གཏོང་བཞིན་པ་རེད། དེ་ཙམ་མ་ཟད་ཉེ་འཁོར་གྱི་འབྲོག་པའི་ནང་དུ་ཇག་པ་ཤོར་ནས་ཁྱིམ་སྤུགས་ནས་འོ་ཞོ་དང་ཆུར་མར་སོགས་གང་བྱུང་ཟ་ཁུར་བྱེད་པ་དང་། སྒོ་ནས་གཡག་ལུག་གསོན་པོ་ནས་གྲི་སྟར་གྱིས་ཤ་བཀོག་པ་སོགས་བྱས་ནས་མི་ལ་བརྙས་བཅོས་ཚོད་མེད་བྱས་པ་གྲགས། ཡུལ་མི་རྣམས་ཀྱིས་གདོང་ལེན་ནན་པོ་བྱས་ནས་༡༩༩༦ལོར་ཨ་ཆེན་གངས་རྒྱབ་ཏུ་འབྲི་སྟོད་རྫོང་གི་རྫོང་དཔོན་གཞོན་པ། ཁོར་ཡུག་སྲུང་སྐྱོབ་མཁན། བོད་རིགས་དཔའ་བོ་རྗེས་བཟང་བསོད་ནམས་དར་རྒྱས་རྔོན་ཇག་དང་གདོང་གཏུག་དམར་འཛིང་བྱས་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་རང་སྲོག་ཤོར་ནས་ལོ་ཤས་ལས་སོང་མེད་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་འདི་ཤིན་ཏུ་རྙོག་འཛིང་ཅན་ཞིག་ཡིན་པས་ལས་སླ་བོར་ལག་པ་འཆང་ཕོད་མཁན་མེད་པ་ཡིན། སྐབས་རེ་ཡུལ་ཤུལ་ཁུལ་གྱི་དྲག་དམག་དྲངས་ནས་གདོང་ལེན་བྱེད་དགོས་བྱུང་བ་དང་། ད་དུང་ཡང་ཇག་རྐུན་དམིགས་མེད་དུ་གཏོང་ཐུབ་མེད་པ་རེད།
འོན་ཀྱང་ཀརྨ་བསམ་འགྲུབ་ནས་རྙོག་འཛིང་དེ་དག་ལ་ཇི་མི་སྙམ་པར་ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཟེར་བ་དངོས་སུ་སྒ་སྐྱེ་མདོ་རུ་བཙུགས་པ་ནས་བཟུང་ཨ་ཆེན་གངས་རྒྱབ་དང་། རྨ་འབྲི་རྫ་གསུམ་གྱི་ཆུ་མགོའི་སྦུགས། གཞན་ཡང་སོག་པོའི་སྐད་དུ་ཁེ་ཁེ་ཞི་ལི་རུ་འབོད་པའི་བྱང་ཐང་དེ་དག་བསྐོར་བསྐྱོད་དུ་མ་བྱས་ནས་ཁོར་ཡུག་ཉམས་ཞིབ་དང་ལྟ་སྲུང་ཡང་ཡང་བྱས་ཤིང་གསེར་སོགས་གཏེར་ཁ་བསྔོགས་པ་དང་། གཙོས་སོགས་རི་དྭགས་སྲུང་སྐྱོབ་ཀྱི་ཐད་ལ་ནུས་པ་གལ་ཆེན་གཏོན་ཡོད་པ་རེད། དེ་ལྟར་ལོ་ངོ་དུ་མའི་རིང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་བསྒྲུབས། དེ་ནས་རིམ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་འདི་ཡུལ་ཤུལ་ཁུལ་ས་གནས་རིམ་པའི་གནས་བབ་ནས་ཞིང་ཆེན་རིམ་པའི་ས་ཚིགས་སུ་འཕུར་ལྡིང་བྱས་ནས་གནས་ཡུལ་ཟི་ལིང་གྲོང་ཁྱེར་དུ་སྤོས། མཚོ་སྔོན་ཞིང་ཆེན་ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མིང་ཐོག་ཏུ་ཐོད་བརྒལ་བྱས། ཀརྨ་བསམ་འགྲུབ་ཀྱིས་ཚོགས་པ་དེའི་ཚོགས་གཞོན་གྱི་མགན་བླངས་ནས་ད་བར་དུ་ཆུ་བོ་རྨ་འབྲི་རྫ་གསུམ་གཙོས་པའི་མདོ་དབུས་མཐོ་སྒང་ཆེན་མོའི་སྐྱེས་ཁམས་སྲུང་སྐྱོབ་བྱེད་བཞིན་པ་ཡིན།

གཞན་ཡང་ཁོང་གིས་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་ཡི་གེ་དང་ལྷ་སྐུ་བཞུགས་པའི་འབིས་རྣམ་པར་སྣང་འཛད་རིག་དངོས་སྲུང་སྐྱོབ་དང་ཉམས་ཞིབ་སོགས་ཕྱག་ལས་མང་པོ་ཞོར་དུ་གནང་བ་བཅས།


༼འབིས་ཁོག་ཏུ་ཡོད་པའི་བོད་བཙན་པོའི་དུས་སུ་བརྐོས་པའི་བཟང་སྤྱོད་ཞིབ་འཇུག་བྱེད་བཞིན་པ། ཀརྨ་བསམ་འགྲུབ།༽
ཁོང་ནི་མི་གཤིས་བརླིང་ཤིང་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ལ་དགའ་མོས་དང་དོ་སྣང་ཅན། འཇིག་རྟེན་སྤྱི་ཡོངས་ལ་དོ་ཁུར་དང་སེམས་ཤུགས་ཅན། མེས་པོའི་གནའ་རྫས་དང་རིག་དངོས་ལ་དང་བ་ཅན། རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་ལ་བསླད་མེད་ཀྱི་བརྩེ་སེམས་ཅན་ཞིག་རེད།
གནས་ཚུལ་འདི་དག་གི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་འགྲུབ་ཀྱིས་ཡུལ་ཤུལ་ཁུལ་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པའི་དྲན་ཐོ་རགས་བསྡུས་ཙམ་ཞིག་བྲིས་པ་ཡིན། ཉེ་བའི་ཆར་ཁོང་ཉིད་བཙོན་དུ་ཚུད་པའི་གནས་ཚུལ་ཐོས་པས་སེམས་ཕམ་དང་སྦྲགས་མི་རིང་བར་བཙོན་གྲོལ་ཐོབ་ནས་སྔར་གྱི་ལས་ཀ་བཟང་པོ་དེ་དག་རྒྱུན་མཐུད་པའི་སྨོན་ལམ་ཞུ།