Sunday, June 6, 2010

ཁོར་ཡུག་དང་། སྲུང་སྐྱོབ་པ།


ཀརྨ་བསམ་འགྲུབ། ཕྱི་ལོ་༡༩༩༤ཙམ་དུ་སྒ་སྐྱེ་རྒུ་མདོ་རུ་ལོ་རེ་བཞིན་དུ་ཚོགས་སྲོལ་ཡོད་པའི་ཡུལ་ཤུལ་རྟ་རྒྱུགས་འགྲན་ཚོགས་ཀྱི་ལྟད་པོ་བལྟ་བ་དང་མཉམ་དུ་གཟི་དང་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཉོ་ཚོང་གི་ཆེད་དུ་ཡུལ་ཤུལ་དུ་ཐོག་མར་འབྱོར་བ་རེད། དེ་ནས་བཟུང་ལོ་རེ་བཞིན་དབྱར་དུས་སུ་ཡུལ་ཤུལ་རྩྭ་ཐང་དུ་ཚོང་སོགས་ཅི་ཞིག་གི་ཆེད་དུ་ཡང་ཡང་སླེབས། མཐར་རྒྱ་རི་འཇམ་སེང་སྤྲུལ་སྐུའི་སྲས་མོ་སྒྲོལ་དཀར་མཚོ་དང་གཉེན་བསྒྲིགས་ནས་ཡུན་རིང་ཙམ་བསྡད།
༼ཀརྨ་བསམ་འགྲུབ་དང་ཁོང་གི་བཟའ་ཟླ་སྒྲོལ་དཀར་མཚོ་གཉིས། ༡༩༩༨ལོ།༠༧། ༢༨ཉིན། སྐྱེ་དགུ་མདོ་ནས།༽

འཇིག་རྟེན་གྱི་སྤྱི་གཙུག་ཏུ་གྲགས་པའི་མཐོ་སྒང་གི་ཞིང་ཁམས་འདིས་ཁོ་ཡི་ཡིད་དབང་ཡོངས་སུ་འཕྲོག དེ་ནས་ཕྱི་ལོ་༢༠༠༠ལོར་དང་བླངས་ཀྱིས་ཆུ་བོ་རྨ་འབྲི་རྫ་གསུམ་གྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཟེར་བ་སྒ་སྐྱེ་དགུ་མདོ་རུ་བཙུགས།
སྤྱིར་ན་ཆུ་བོ་རྨ་རྫ་འབྲི་གསུམ་གྱི་མགོ་ཁུངས་འདི་ནི་གསེར་ལ་སོགས་པ་རིན་པོ་ཆེས་ས་འོག་ཡོངས་སུ་གཏམས་པ། གཙོས་དང་རྐྱང་འབྲོང་ལ་སོགས་པའི་ས་ཁ་ཡོངས་སུ་ཁྱབ་པའི་གདོད་མའི་འཇིག་རྟེན་ཉམས་དགའ་བ་ཞིག་ཡིན་པས་འདི་ནི་སྲུང་སྐྱོབ་འོས་པ་དང་དེ་ཡང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། འོན་ཀྱང་ལྷ་དར་ས་འདྲེ་རྒོད་ཟེར་བ་ལྟར་གནས་འདི་དག་ཏུ་ས་ལ་རིགས་དང་རྒྱ་རིགས་སོགས་ཀྱི་རྔོན་པ་དང་ཇག་པས་ས་འོག་གི་གཏེར་ཁ་དང་། ས་ཁའི་རི་དྭགས་མ་ལུས་པ་རྩ་མེད་གཏོང་བཞིན་པ་རེད། དེ་ཙམ་མ་ཟད་ཉེ་འཁོར་གྱི་འབྲོག་པའི་ནང་དུ་ཇག་པ་ཤོར་ནས་ཁྱིམ་སྤུགས་ནས་འོ་ཞོ་དང་ཆུར་མར་སོགས་གང་བྱུང་ཟ་ཁུར་བྱེད་པ་དང་། སྒོ་ནས་གཡག་ལུག་གསོན་པོ་ནས་གྲི་སྟར་གྱིས་ཤ་བཀོག་པ་སོགས་བྱས་ནས་མི་ལ་བརྙས་བཅོས་ཚོད་མེད་བྱས་པ་གྲགས། ཡུལ་མི་རྣམས་ཀྱིས་གདོང་ལེན་ནན་པོ་བྱས་ནས་༡༩༩༦ལོར་ཨ་ཆེན་གངས་རྒྱབ་ཏུ་འབྲི་སྟོད་རྫོང་གི་རྫོང་དཔོན་གཞོན་པ། ཁོར་ཡུག་སྲུང་སྐྱོབ་མཁན། བོད་རིགས་དཔའ་བོ་རྗེས་བཟང་བསོད་ནམས་དར་རྒྱས་རྔོན་ཇག་དང་གདོང་གཏུག་དམར་འཛིང་བྱས་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་རང་སྲོག་ཤོར་ནས་ལོ་ཤས་ལས་སོང་མེད་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་འདི་ཤིན་ཏུ་རྙོག་འཛིང་ཅན་ཞིག་ཡིན་པས་ལས་སླ་བོར་ལག་པ་འཆང་ཕོད་མཁན་མེད་པ་ཡིན། སྐབས་རེ་ཡུལ་ཤུལ་ཁུལ་གྱི་དྲག་དམག་དྲངས་ནས་གདོང་ལེན་བྱེད་དགོས་བྱུང་བ་དང་། ད་དུང་ཡང་ཇག་རྐུན་དམིགས་མེད་དུ་གཏོང་ཐུབ་མེད་པ་རེད།
འོན་ཀྱང་ཀརྨ་བསམ་འགྲུབ་ནས་རྙོག་འཛིང་དེ་དག་ལ་ཇི་མི་སྙམ་པར་ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཟེར་བ་དངོས་སུ་སྒ་སྐྱེ་མདོ་རུ་བཙུགས་པ་ནས་བཟུང་ཨ་ཆེན་གངས་རྒྱབ་དང་། རྨ་འབྲི་རྫ་གསུམ་གྱི་ཆུ་མགོའི་སྦུགས། གཞན་ཡང་སོག་པོའི་སྐད་དུ་ཁེ་ཁེ་ཞི་ལི་རུ་འབོད་པའི་བྱང་ཐང་དེ་དག་བསྐོར་བསྐྱོད་དུ་མ་བྱས་ནས་ཁོར་ཡུག་ཉམས་ཞིབ་དང་ལྟ་སྲུང་ཡང་ཡང་བྱས་ཤིང་གསེར་སོགས་གཏེར་ཁ་བསྔོགས་པ་དང་། གཙོས་སོགས་རི་དྭགས་སྲུང་སྐྱོབ་ཀྱི་ཐད་ལ་ནུས་པ་གལ་ཆེན་གཏོན་ཡོད་པ་རེད། དེ་ལྟར་ལོ་ངོ་དུ་མའི་རིང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་བསྒྲུབས། དེ་ནས་རིམ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་འདི་ཡུལ་ཤུལ་ཁུལ་ས་གནས་རིམ་པའི་གནས་བབ་ནས་ཞིང་ཆེན་རིམ་པའི་ས་ཚིགས་སུ་འཕུར་ལྡིང་བྱས་ནས་གནས་ཡུལ་ཟི་ལིང་གྲོང་ཁྱེར་དུ་སྤོས། མཚོ་སྔོན་ཞིང་ཆེན་ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མིང་ཐོག་ཏུ་ཐོད་བརྒལ་བྱས། ཀརྨ་བསམ་འགྲུབ་ཀྱིས་ཚོགས་པ་དེའི་ཚོགས་གཞོན་གྱི་མགན་བླངས་ནས་ད་བར་དུ་ཆུ་བོ་རྨ་འབྲི་རྫ་གསུམ་གཙོས་པའི་མདོ་དབུས་མཐོ་སྒང་ཆེན་མོའི་སྐྱེས་ཁམས་སྲུང་སྐྱོབ་བྱེད་བཞིན་པ་ཡིན།

གཞན་ཡང་ཁོང་གིས་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་ཡི་གེ་དང་ལྷ་སྐུ་བཞུགས་པའི་འབིས་རྣམ་པར་སྣང་འཛད་རིག་དངོས་སྲུང་སྐྱོབ་དང་ཉམས་ཞིབ་སོགས་ཕྱག་ལས་མང་པོ་ཞོར་དུ་གནང་བ་བཅས།


༼འབིས་ཁོག་ཏུ་ཡོད་པའི་བོད་བཙན་པོའི་དུས་སུ་བརྐོས་པའི་བཟང་སྤྱོད་ཞིབ་འཇུག་བྱེད་བཞིན་པ། ཀརྨ་བསམ་འགྲུབ།༽
ཁོང་ནི་མི་གཤིས་བརླིང་ཤིང་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ལ་དགའ་མོས་དང་དོ་སྣང་ཅན། འཇིག་རྟེན་སྤྱི་ཡོངས་ལ་དོ་ཁུར་དང་སེམས་ཤུགས་ཅན། མེས་པོའི་གནའ་རྫས་དང་རིག་དངོས་ལ་དང་བ་ཅན། རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་ལ་བསླད་མེད་ཀྱི་བརྩེ་སེམས་ཅན་ཞིག་རེད།
གནས་ཚུལ་འདི་དག་གི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་འགྲུབ་ཀྱིས་ཡུལ་ཤུལ་ཁུལ་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པའི་དྲན་ཐོ་རགས་བསྡུས་ཙམ་ཞིག་བྲིས་པ་ཡིན། ཉེ་བའི་ཆར་ཁོང་ཉིད་བཙོན་དུ་ཚུད་པའི་གནས་ཚུལ་ཐོས་པས་སེམས་ཕམ་དང་སྦྲགས་མི་རིང་བར་བཙོན་གྲོལ་ཐོབ་ནས་སྔར་གྱི་ལས་ཀ་བཟང་པོ་དེ་དག་རྒྱུན་མཐུད་པའི་སྨོན་ལམ་ཞུ།

6 comments:

Anonymous said...

དེ་ཡག་པོ་བྲིས་འདུག །ད་དུང་དེ་འབྲེལ་གྱི་ཕ་ཡུལ་ཕྱོགས་ཀྱི་མི་སྣ་ངོ་སྤྲོད་མང་ཙམ་གནང་རོགས།

ཤེས་རབ།

གཤེན་རུ་མ། said...

གྲོགས་ཤེས་རབ་ལགས། དགོངས་ཚུལ་གསུང་པ་ལེགས། འབད་བརྩོན་བྱེད་ངེས་ཡིན།

Anonymous said...

མི་རྐང་གླིང་བུའི་རྩོམ་ཡིག་འདི་ཚོ་ཀློག་རྒྱུ་བྱུང་། ཀརྨ་བསམ་གྲུབ་དང་ཁ་བརྡ་བྱས་པའི་སྐོར་གྱི་གནས་ཚུལ་དེ་ཚོ་ལས་ཀརྨ་ཁོང་ནི་མི་གང་འདྲ་ཞིག་ཡིན་པ་ལ་ཡང་རྒྱུས་མངའ་བྱུང་། འདི་དང་འདྲ་བ་ཀརྨ་ལ་རྒྱུས་ཡོད་པའི་ས་ནས་ཁོང་གི་ལོ་རྒྱུས་མང་ཙམ་འཚོལ་རྒྱུ་བྱུང་ན་ཕན་ཐོགས་ཆེན་པོ་ཡོད་པ་འདུག མི་ཕོ་རྒོད་པོ་འདི་འདྲ་ཞིག་རྒྱ་གཞུང་གི་འདྲེ་ལག་འོག་སོང་བ་ཡིན་ན། ང་ཚོ་བོད་པ་ཚང་གི་གྱོང་གུན་ཚབས་པོ་ཆེ་ཞིག་དང་། གཞིས་ལུས་བོད་མིའི་གོད་ཆགས་ཆེན་པོ་ཞིག་ཡིན་གཏན་འཁེལ་རེད། ང་ཚོ་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་རང་ནུས་གང་ཐུབ་འདོན་རྒྱུ་དང་ལྷན་དུ་ཁོང་རང་བཙོན་གྲོལ་དཀར་འདོན་ཐུབ་པའི་སྨོན་ལམ་རྩེ་གཅིག་ཏུ་འདེབས།
ནགས་ཤོད་རིག་རལ།

གཤེན་རུ་མ། said...

ནགས་ཤོད་རིགས་རལ་ལགས། ཀརྨའི་སྐོར་གྱི་གནས་ཚུལ་མང་པོ་བོད་ཡིག་ཏུ་བསྒྱུར་བར་ཐུགས་རྗེ་ཆེ། འགྱུར་ཡང་ཧ་ཅང་སྙན་པོ་འདུག ད་དུང་ཡང་ཀརྨ་བཟའ་ཚང་གཉིས་ཀ་རྩོམ་ཡིག་རྣམས་རྒྱ་ཡིག་ཐོག་ཏུ་ཡོང་ངེས་པས་དེ་དག་བོད་ཡིག་ཏུ་བསྒྱུར་ནས་འཇིག་རྟེན་ཡོངས་ཀྱི་མིག་ལམ་དུ་བཤམས་ནས་རྒྱབ་སྐྱོར་བྱེད་རྒྱུ་དེ་ལས་ལྷག་པ་ང་ཚོ་ལ་ནུས་པ་ཅི་ཡོད།

ང་དུར་ཁྲོད། said...

ཨ་རོགས་མི་རྐང་གླིང་བུ། ཁྱོད་བྱེས་ཀྱི་བྱ་བྲལ་ཁང་ཚན་དུ་ཡོང་བའི་དགེ་འདུན་རྒྱ་མཚོ་ཟེར་བ་དེ་ཡིན་ནམ། ང་བློ་བཟང་བསྟན་པ་ཡིན། རྗེས་ནས་འབྲེལ་བ་བྱེད་རོགས།

རག་བདག་མ said...

ངས་མཐོང་མ་མྱོང་ཡང་གོ་མྱོང་བའི་ཀརྨ་བསམ་གྲུབ་ཀྱི་སྐོར་ལས་ལྷག་ཤེས་རྟོགས་བྱུང་སོང་བས་་བཀའ་དྲིན་ཆེ་ཞུ། ད་དུང་མི་སྣ་འདིའི་རིགས་མང་ཙམ་ངོ་སྤྲོད་གནང་རྒྱུ་རེ་བ་ཆེ།