Wednesday, June 30, 2010

འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར།


༡༽གླེང་སློང་བ། ཁ་སང་ཟླ་༦པའི་ཚེས་༡༡ཉིན་ནས་༢༠༡༠ལོའི་འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར་དེ་ཨ་ཧྥི་རི་ཀའི་གླིང་ཆེན་དུ་འགོ་ཚུགས་ཡོད། དེ་ཡང་ཡུལ་དེའི་དབུ་ཁྲིད་དམ་པ་ནེསནམནྜལ་གཙོས་པའི་གནད་ཡོད་མི་སྣ་དུ་མ་ཞིག་གིས་འགྲོན་འབོད་དང་རྩོད་ལེན་མང་པོ་ཞིག་བྱས་པའི་འབྲས་བུ་ཞིག་རེད། ཡུལ་དེའི་སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་འགྲོ་བཞིན་ཡོད་པའི་དཔང་རྟགས་ཤིག་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་པའི་ངོས་འཛིན་ཡང་བྱེད་བཞིན་ཡོད་འདུག སྐབས་དེར་གླུ་པ་གྲགས་ཅན་(K'NAAN)ཀ་ནན་གྱིས་༼གཡོ་བའི་དར་ཆ་༽ཞེས་པའི་ཞི་བདེ་དང་རང་དབང་མཚོན་པའི་གླུ་དབྱངས་ཀྱིས་འཇིག་རྟེན་གྱིས་ཁྱོན་དགའ་འབོད་བྱས་ཡོད་པ་རེད། དེ་ནས་ད་བར་དུ་རྒྱལ་ཁབ་སོ་སོའི་ངར་ཤུགས་ཆེན་པོའི་འཇིག་རྟེན་གྱི་བུམ་པ་དེ་ཉིད་རྩོད་འགྲན་བྱས་ཤིང་འཛམ་གླིང་གི་མི་གྲངས་དུར་ཕྱུར་མང་པོ་སྐྱིད་སྡུག་གི་ཚོར་སྣང་མི་འདྲ་བ་རེ་སྦྱིན་བཞིན་པ་ཡིན་པས་སྒུལ་ཤུགས་འདིས་གླིང་ཆེན་འདི་ཡོམ་ཡོམ་དུ་གཡོ་ཞིང་འགུལ། ཐོབ་ཐང་དང་རེ་བ་གང་ཡང་མེད་པའི་གདོང་དམར་བའི་མྱི་རྟིང་ཞིག་གི་ངོས་ནས་འདིའི་སྐོར་ལ་བསམ་གཞིག་ཅིག་གིས་བོད་པ་ཚང་གི་རྩེད་མོ་འདིའི་ཐ་སྙད་འདོག་སྟངས་ལ་བགྲོ་གླེང་བྱེད་འདོད་བྱུང་།
༢༽ཐ་སྙད་འདོགས་སྟངས། བོད་ཡུལ་སྟོད་སྨད་ཀྱི་བར་དང་། བོད་ཕྱི་ནང་གཉིས་ཀྱི་བར་སོགས་སུ་ཕོ་ལོང་འདི་ལ་མིང་གི་འབོད་ཚུལ་མི་འདྲ་བ་དུ་མ་ཡོད་པ་ཡིན། ཁམས་ཕྱོགས་ཀྱི་ཡུལ་གྲུ་ཕལ་མོར་ཆེར་(ball)ལ་གྲུ་གུ་ཞེས་འབོད་པ་ཡིན་ལ་དེ་ཡང་གྲུ་གུ་ཞེས་པའི་དོན་ནི་སྐུད་པའི་དོག་པ་ལ་ཟེར་བ་ཡིན། དཔེར་ན་རྒྱུ་བལ་ལས་བྱས་པའི་གྲུ་གུ་ལ་བལ་གྲུག་དང་། དེ་བཞིན་དུ་རྩིད་གྲུག་དང་ཁུལ་གྲུག་སོགས་སོ། མིང་ཚིག་འདི་ཉིད་དོན་ལ་ཆེས་འབྱོར་བ་ཞིག་ཡིན། དེང་རབས་ཀྱི་བཟོ་ལས་མ་དར་བའི་གོང་གི་ཕོ་ལོང་ཕལ་ཆེར་སྐུད་པ་ལས་བཟོས་པའི་གྲུ་གུ་ཡིན་པ་རེད། དཔེར་ན་གནའ་དུས་དུ་བོད་ཀྱི་བཙན་པོའི་སྐུ་བློན་དང་། ཐང་རྒྱལ་རབས་ཀྱི་བློན་ཆེན་གྱི་བར་དུ་རྩེས་མྱོང་བའི་གྲུ་གུ་དེ་ནི་བལ་སོགས་ཀྱིས་སྐུད་པའི་དོག་པ་ཞིག་ཡིན་ངེས་ལ་ཐེ་ཚོམས་མི་དགོས་སྙམ་མོ།
ཨ་མདོ་ཕྱོགས་ནས་ལྒང་ལི་ཞེས་འབོད་ཀྱིན་ཡོད། དེ་ཡང་གོ་དོན་ཅན་ཞིག་རེད། ལྒང་པ་ཞེས་པ་མི་ཕྱུགས་སོགས་སྲོག་ཆགས་ཀྱི་གཅིན་པ་གསོག་ས་དེ་ལ་ལྒང་པ་ཞེས་དང་མིང་བསྡུས་ན་གཅིན་ལྒང་ཞེས་འབྲི་ཆོག དེ་དང་མཚུངས་པའི་དབུགས་ཀྱིས་བཀང་ཆོག་པའི་(ball)རིགས་འདི་ལ་ལྒང་པ་ཞེས་བཏགས་པ་དོན་ལ་གནས། འདྲ་བར་རྒྱུ་མཚན་གྱིས་བཏགས།
དབུས་གཙང་ཕྱོགས་ནས་སྤོ་ལེས་དང་། ཡང་ན་སྤོ་ལོ། པོ་ལོ་སོགས་ཅི་རིགས་སུ་འབྲི། འདི་ནི་པུ་ལུ་ཞེས་པའི་མིང་ཚིག་གི་ཟུར་ཆག་གི་སྐད་རེད། པུ་ལུ་ནི་དངོས་རྫས་རིལ་བུ་སྤུས་ལེགས་ཀྱི་རིགས་ལ་གོ་བ་ཡིན་ཏེ། དཔེར་ན་མར་དཀར་གྱི་རིལ་བུ་ལ་མར་དཀར་པུ་ལུ་དང་། ཨ་སྣུམ་པུ་ལུ་སོགས་སུ་འབོད་པ་བཞིན་ནོ།། ཡང་ན་ཕོ་ལོང་གི་ཟུར་ཉམས་པའི་སྒྲ་གདངས་ཤིག་ཡིན་སྲིད། གང་ལྟར་ཁ་སྐད་ཀྱི་འབོད་སྟངས་ཤིག་རེད། དེང་སང་བྱེས་ཀྱི་ཚགས་པར་སོགས་ཀྱི་ནང་རྐང་རྩེད་སྤོ་ལོ་ལྟ་བུ་རྒྱུགས་ཆེ་བ་དང་། གཞིས་ཀྱི་དྲ་རྒྱ་སོགས་སུ་རྐང་གྲུག་རྩེད་མོ་ལྟ་བུ་འབོད་པ་མང་། དེ་ལྟར་བོད་མདོ་དབུས་ཁམས་གསུམ་སུ་དངོས་པོ་གཅིག་ལ་འབོད་ཚུལ་ཁ་འཐོར་དགུ་འཐོར་ཡིན་ལ་བོད་གཞིས་བྱེས་གཉིས་སུའང་བརྗོད་སྟངས་ཕར་རྒྱབ་ཚུར་རྒྱབ་ཡིན།
༣༽གཅིག་གྱུར་གྱི་ཐ་སྙད་འཚོལ་བ། ད་འོ་ན་ང་ཚོ་བོད་པ་ཚང་ལ་རྩེད་རིགས་འདི་ཉིད་གོ་ནུས་པའི་ཐ་སྙད་ཞིག་གཏན་ནས་མེད་ན་གསར་དུ་འདོགས་དགོས་ལ་གལ་ཏེ་ཡོད་ན་དེ་ཉིད་འབོད་དགོས། བཀའ་འགྱུར་དང་བསྟན་འགྱུར་སོགས་བོད་ཀྱི་སྤྱི་སྐད་དེ་དག་གི་ནང་དུ་ཐ་སྙད་དེ་ཡོད་མེད་བཙལ་དགོས། གུས་པས་བསམ་ན་བཀའ་བསྟན་གྱི་ཁྲོད་ན་བཞུགས་པའི་ཕོ་ལོང་ཞེས་པའི་ཐ་སྙད་འདི་ལོ་ངོ་སྟོང་ཕྲག་ལྷག་གི་གོང་ནས་བོད་རང་གི་སྐད་བརྡ་རྣལ་མ་ཞིག་རེད། རྒྱ་གཞུང་རྙིང་པ་རྣམས་སུ་དར་གྱི་ཕོ་ལོང་ཞེས་དང་། རྗེའི་ལམ་རིམ་ཆེན་མོ་ཆེན་མོ་སོགས་བོད་རྩོམ་གཡེར་པོ་ཆེ་དག་གི་ནང་དུའང་དེ་བཞིན་དུ་དར་གྱི་ཕོ་ལོང་ས་ལ་བརྡབས་པ་ཞེས་ལྷོད་ཀྱིས་འཕར་བའི་དཔེ་རུ་གསལ་ཡོད། ཕོ་ལོང་གི་གོ་དོན་ནི། སྐུད་པ་དང་དར་རམ་རས་སོགས་ལ་མདུད་པ་བོར་ཏེ་རྡོག་པོ་གཤིག་དཀའ་བ་ཞིག་བཟོ་ནས་ཐང་ལ་བརྡབ་ན་འཕར་བའི་རང་བཞིན་ཅན་ཞིག་ཡིན་པས་རྩེད་ཆས་སུ་རུང་བ་ཞིག་ཡིན། འདི་ཉིད་བཟོ་སྟངས་དམིགས་གསལ་བ་ཞིག་ཡོད་པ་འདྲ་སྟེ། ཕོ་ལོང་མདུད་དམ། ཡང་ན་གྲུ་གུ་མདུད་པ་ཞེས་དམིགས་བསལ་གྱི་མདུད་པ་ཇེ་དམ་དུ་འགྲོ་བ་ལས་ལྷོད་དུ་འགྲོ་རྒྱུ་མེད་པའི་མདུད་སྟངས་ཤིག་ད་ལྟ་མདོ་ཁམས་ཕྱོགས་སུ་མདུད་རྒྱུ་ཡོད། དེ་ལྟར་ང་ཚོས་ཐ་སྙད་ཚད་ལྡན་ཞིག་ཡོད་ཀྱང་ང་ཚོས་དེ་ཉིད་དོན་ལ་གཅིག་གྱུར་གྱིས་བཀོལ་ཐུབ་མེད། ད་ནས་ང་ཚོས་ཐ་སྙད་འདི་དོན་ལ་འབྱོར་ཚེ་ང་ཚོས་ཐ་སྙད་འདི་བཀོལ་སྤྱོད་རྣལ་མ་ཞིག་བྱེད་དགོས་ངེས་སུ་གྱུར། དེ་ཡང་མི་ཚང་མས་བཀོལ་སྤྱོད་བྱེད་དགོས། མི་ཁ་ཤས་ཞིག་གིས་བོས་ཀྱང་ཕན་ཐོགས་མེད། འབོད་སྟངས་དེའང་དྲ་རྒྱ་དང་གསར་འགྱུར་རླུང་འཕྲིན་སོགས་དེང་རབས་བརྡ་འཕྲིན་གྱི་ལམ་ནས་རྟག་པར་གཅིག་གྱུར་གྱིས་བོས་ན་མི་མང་བྱིངས་ཀྱང་ནམ་ཞིག་དེའི་རྗེས་སུ་འབྲངས་བ་གདོན་མི་ཟའོ། དེ་ནས་ང་ཚོ་ཐ་སྙད་དེ་གཏན་འབེབས་ཐུབ་པ་རེད་ལ་བཤད་ཚུལ་གཞན་ཞིག་བྱས་ན་ང་ཚོའི་བཀའ་བསྟན་གྱི་ཁྲོད་ན་བཞུགས་པའི་ཐ་སྙད་ཅིག་སྤྱི་ཚོགས་སུ་བེད་སྤྱོད་ཐུབ་པ་རེད་ལ་ཐ་སྙད་དེ་སྲུང་སྐྱོབ་ཐུབ་པ་རེད། དེ་ཡང་རྒྱུན་དུ་སྐད་ཡིག་གཅིག་གྱུར་དགོས་ཀྱི་འདུག་ཅེས་སྐད་ཅོར་འབྱིན་པ་ཙམ་གྱིས་གར་ཡང་མི་སླེབས་ཤིང་གནད་འགག་འདི་ལྟ་བུའི་དངོས་པོ་རིགས་གཅིག་ལ་གཅིག་གྱུར་གྱི་འབོད་སྟངས་ཀྱི་ལམ་ཁ་ཞིག་རྙེད་ན་དེའི་ཡན་ལག་དང་ཉིང་ལག་དེ་དང་འབྲེལ་བའི་ཐ་སྙད་བརྒྱ་ཕྲག་དུ་མ་གཅིག་གྱུར་བྱེད་ཐུབ་པ་ཡིན། དཔེར་ན་(foot ball)ལྟ་བུ་ལ་རྐང་རྩེད་ཕོ་ལོང་དང་། མིང་བསྡུས་ན་རྐང་ཕོལ་སོགས་ཀྱང་རུང་། དེས་རིགས་བསྒྲེས་ནས་རྐང་ཕོལ་ཐང་། རྐང་ཕོལ་གྱི་རུ་དཔོན། རྐང་ཕོལ་གྱི་སློབ་དཔོན་སོགས་ཀྱིས་མཚོན་ནོ།། གཞན་ཡང་ཕོ་ལོང་ཞེས་པའི་མིང་ཚིགས་འདི་ཉིད་བཀོལ་ན་ཕོ་ལོང་དང་འབྲེལ་བའི་རྩེད་རིགས་མང་པོ་ཞིག་གི་ཐ་སྙད་གཅིག་གྱུར་དུ་ཡོང་བར་ངེས་ཏེ་ཐ་སྙད་འདི་ཁྱབ་ཁོངས་ཧ་ཅང་ཡངས་པས་སོ། དེ་ཡང་དཔེར་ན། (golf ball )རྒྱང་གཡུག་ཕོ་ལོང་།(bowling ball )རྦབ་རྡོ་ཕོ་ལོང་། (base ball ) གྲྭར་རྩེད་ཕོ་ལོང་། (rugby ball)འཇོང་གཟུགས་ཕོ་ལོང་། (Cricket ball)དབྱུགས་རྩེད་ཕོ་ལོང་། (water ball) ཆུ་རྩེད་ཕོ་ལོང་། (tennis ball)བར་ཆོད་ཕོ་ལོང་། (basket ball)ལག་རྩེད་ཕོ་ལོང་། (foot ball) རྐང་རྩེད་ཕོ་ལོང་། (polo)རྟ་རྩེད་ཕོ་ལོང་། མདོར་ན་དབྱིན་ཡིག་ནང་གི་(polo)དང་། (ball) སོགས་ཆ་ཚང་བོད་ཡིག་ཕོ་ལོང་ཞེས་པ་འདིའི་ཁོངས་སུ་བསྡུ་ཐུབ་པ་ཡིན།འོན་ཀྱང་བྱེ་བྲག་ཏུ་ཕྱེས་ན་འདི་དག་ཐམས་ཅད་ལ་རང་རང་གི་ཁྱད་ཆོས་དང་བྱུང་རབས་རེ་ཡོད་པ་ཡིན་པས་མིང་གི་འགོར་དེ་ལྟ་བུའི་ཁྱད་ཆོས་རེ་བླ་ཐབས་སུ་བསྣན་ན་སོ་སོ་མ་འདྲེས་པ་གོ་དོན་ཡང་བདེ་བླག་ཏུ་སྟེར་ཐུབ་པ་ཡིན། ༼དབྱིན་བོད་ཤན་སྦྱར་གྱི་མིང་ཚིག་འདི་དག་ནི་དཔྱད་གཞི་ཙམ་ལས་ངེས་གཏན་ཅི་ཡང་མེད།༽
༤༽ མིང་ཚིག་གི་འབྱུང་ཁུངས། འགའ་ཞིག་གིས་(polo)ཞེས་པའི་མིང་ཚིག་གི་འབྱུང་ཁུངས་དེ་བོད་སྐད་ཀྱི་པུ་ལུ་ཞེས་པ་ཡིན་ཚུལ་བྲིས་འདུག་ནའང་བདེན་ཁ་སྟེར་དཀའ་སྟེ་པུ་ལུ་ཞེས་པ་ནི་ལུང་ཚན་འགའ་ཞིག་ཏུ་དངོས་པོ་རིལ་རིལ་ཞིག་བསྟན་པ་ཙམ་ལས་ས་ལ་བརྡབས་ན་འཕར་ཡོང་བ་སོགས་ཕོ་ལོང་གི་གོ་དོན་བསྟན་སྟངས་མེད་ཅིང་། བོད་སྤྱི་ལ་ཁྱབ་པའི་ཐ་སྙད་ཅིག་ཀྱང་མ་རེད། གུས་པས་བསམ་ན་དབྱིན་ཡིག་གི་(polo)འདི་བོད་ཡིག་ཕོ་ལོང་གི་སྒྲ་གདངས་ལྟར་བྲིས་པ་ཞིག་རེད་བསམ། དེ་ཡང་བོད་ཡུལ་ནས་དར་བའི་རྟ་རྩེད་ཕོ་ལོང་འདི་རྒྱ་ནག་དང་། དེ་ནས་ཏ་ཟིག་གམ་ཡང་ན་(iran)ཨི་རེན་སོགས་རིམ་གྱིས་ཤར་ནས་ནུབ་ཏུ་དར་བའི་སྐབས་སུ་ཐ་སྙད་དེ་ཡང་གཟུགས་དང་གྲིབ་མ་བཞིན་དུ་ལྷན་ཅིག་ཏུ་འབྱོར། འོན་ཀྱང་དེ་དབྱིན་ཡིག་སོགས་མི་རིགས་གཞན་གྱི་སྐད་ཀྱི་ཐོག་ཏུ་བྲི་སྐབས་སུ་(polo)ཕོ་ལོ་ཞེས་རྗེས་མཇུག་གི་ང་སྒྲ་གསལ་པོ་མ་བྱུང་ཡང་མིང་གཞི་ལ་འགྱུར་བ་གང་ཡང་སོང་མེད་པར་སེམས། དེ་ནས་འཛམ་གླིང་གང་སར་རྩེད་རིགས་འདི་དར་སྲོལ་ཆེན་པོ་བྱུང་ནས་དེང་སང་རྒྱལ་སྤྱི་རང་བཞིན་ཅན་གྱི་རྩེད་རིགས་ཤིག་ཏུ་གྱུར་ཟིན་ནའང་ཐ་སྙད་དེ་བོད་ཀྱི་སྒྲ་གདངས་དེ་ག་རང་དུ་གནས་ཡོད་པ་ཡིན།
༥༽རྟ་རྩེད་ཕོ་ལོང་གི་བྱུང་རབས། རྩེད་མོ་འདི་ཉིད་ཆེས་ཐོག་མར་དར་བའི་ཡུལ་ནི་བོད་གངས་ཅན་གྱི་ལྗོངས་སུ་བྱུང་བ་ཡིན་ཏེ། རྩེད་རིགས་འདི་ཉིད་ཀྱི་ཐ་སྙད་འདི་ཉིད་བོད་མིང་ཡིན་པས་སོ། དཔེར་ན་བོད་ཡུལ་གྱི་བླ་མ་དང་། གཡག རྩམ་པ་སོགས་འཛམ་གླིང་མི་རིགས་གཞན་གྱིས་ཀྱང་མིང་དེ་ག་རང་དུ་འབོད་པ་འདིས་དངོས་པོ་དེ་ཐོག་མར་ཡུལ་དེ་ནས་བྱུང་བ་དང་། ཡང་ན་ཡུལ་ཕྱོགས་དེ་ན་མ་གཏོགས་གཞན་དུ་མེད་པའི་ངོས་འཛིན་བྱས་ན་མི་རུང་བ་མེད་པ་ལྟ་བུ་ཡིན། ཕྱི་ལོ་སྔོན་གྱི་དུས་རབས་ལྔ་པའི་ནང་ཙམ་དུ་ཨི་རན་གྱི་ལུང་པ་བྱུང་བ་བཤད་པ་བདེན་ན་དེའི་སྔོན་ཙམ་ཞིག་ཏུ་བོད་ཡུལ་དུ་དར་ཡོད་པར་ཡིན་སྟེ། རྩེད་རིགས་འདིའི་ཐོག་མའི་འབྱུང་ཁུངས་བོད་ཡིན་པས་སོ། རྩེད་མོ་འདི་འདྲ་བ་ཞིག་ཡོང་བའི་རྒྱུ་མཚན་ནི་རྟ་ཐོག་ནས་རལ་གྲི་དང་། མདུང་སོགས་ཀྱིས་ཕ་རོལ་པོ་ཆམ་ལ་ཕོབ་ཐུབ་པའི་དམག་སྦྱངས་ལྟ་བུ་ཞིག་གོང་རིམ་བཙན་པོ་ཡབ་ཡུམ་ལ་གཟིགས་འབུལ་ཕུལ་བ་དང་། དམའ་རིམ་གྱི་སྤྱི་ཚོགས་ནང་དུ་དཔའ་ངོམ་སོགས་བྱས་པས་རིམ་གྱིས་དམངས་ཁྲོད་དུ་སྲོལ་རྒྱུན་གྱི་རྩེད་མོའི་ཚུལ་དུ་ལུས་པ་ཡིན་སྲིད། དེ་ཡང་དང་ཐོག་དབྱུགས་པ་འདི་དག་གྲི་མདུང་དང་། རིལ་རིལ་དེ་དགྲ་བོ་གཡུལ་དུ་བསད་པའི་མགོ་བོ་སོགས་ཡིན་མི་སྲིད་པའི་ངེས་པ་ཅི་ཡོད། གནའ་དུས་སུ་ཕ་རོལ་པོ་གཡུལ་དུ་སོད་པའི་སྐབས་སུ་དཔའ་རྟགས་ལྟ་བུ་མགོ་བོ་བཅད་ནས་ཁུར་འགྲོ་བའི་ལུས་སྲོལ་ཡོད་པ་ཡིན་ལ་མགོ་ལག་གོང་ལེན་ཞེས་རྟ་ཐོག་ནས་མགོ་ལག་ལེན་པའི་སྐད་ཆ་ཞིག་གླིང་སྒྲུང་ཚུན་ཆད་དུ་ཡོད་པ་ཡིན།དེང་གི་དུས་ཀྱང་མདོ་ཁམས་ཕྱོགས་སུ་རྟ་ཐོག་ནས་མེ་མདའ་འཕེན་པ་དང་། གྲི་གཡུག་པ། མདུང་བཙུགས་པ་སོགས་ཀྱི་རྟ་ཐོག་རྩེད་མོ་མང་པོ་ཞིག་ཡོད་པ་འདི་དག་གནའ་དུས་སུ་བོད་བཙན་པོའི་དུས་ཀྱི་ཡར་གླིང་ནང་དྲག་འདུལ་བྱེད་མཁན་བྷོད་དམག་བཙན་རྒྱལ་རིང་ལུགས་ཀྱི་དམག་རྩལ་ཞིག་ཤུལ་དུ་ལུས་པ་སེམས་སོ། དེ་ནས་རིམ་གྱིས་བོད་དམག་གི་རྩལ་སྦྱོང་དེ་ཉིད་ཐང་གོང་མ་སོགས་རྒྱ་ནག་གི་ཡུལ་དུ་དར་བ་སེམས།

༼འདིའི་ནང་དུ་བོད་ཀྱི་བློན་ཆེན་ཞང་བཙན་ཏོ་ལགས་ཀྱི་འདྲ་རིས་འདུག་གམ།༽
དེ་ཡང་ཕྱི་ལོ་༧༠༩ལོའི་ཟླ་བ་བཅུ་གཅིག་པའི་ནང་བོད་ཀྱི་བཙན་པོ་མེས་ཨག་ཚོམ་གྱི་དུས་བོད་ཀྱི་བློན་ཆེན་ཞང་བཙན་ཏོ་རྒྱ་ནག་གོང་མའི་སྲས་མོ་བོད་ཀྱི་བཙན་པོའི་གནའ་མ་བསུ་བར་སོང་སྐབས་རྒྱ་ནག་ཕྱོགས་ནས་གོང་མ་ཀྲུང་ཙུང་གི་སྐྱེད་ཚལ་དུ་རྟ་རྩེད་ཕོ་ལོང་གི་རྩེད་མོ་བཀོད་སྒྲིག་བྱས་ནས་གོང་མ་རང་ཉིད་ཀྱང་རྒྱ་བོད་ཀྱི་བློན་ཆེན་བར་གྱི་རྩེད་འགྲན་དེ་རུ་བལྟ་བ་སླེབས་པར་(ཐང་ཡིག་རྙིང་མའི་)ནང་གསལ་བ་ལྟར་ཡིན། དེ་ཡང་རྒྱ་ནག་གི་རྩེད་མོ་དེ་ལྟར་བཤམས་དགོས་དོན་ཡང་རྩེད་རིགས་དེ་ཉིད་ཐོག་མར་བོད་ནས་དར་བས་བོད་ཀྱི་བློན་ཆེན་རྣམས་རྩེད་མོ་དེ་ལ་བྱང་ཆ་ཡོད་པ་དང་། དགའ་མོས་ཡོད་པའི་རྒྱུ་མཚན་གྱིས་བཀོད་སྒྲིག་བྱས་པ་ཡིན། དེ་ནས་བོད་ཀྱི་འདབས་འབྲེལ་བའི་ཡུལ་གྲུ་ཁག་ནས་རིམ་གྱིས་དར་ནས་ཨ་རབ་ཀྱི་ཡུལ་དུ་མཆེད་ཀྱང་རྩེད་མོའི་ལམ་ལུགས་དང་རྩེད་སྟངས་ཀྱི་རྣམ་གྲངས་སོགས་ལ་འགྱུར་བ་སོང་ཡོད་ངེས་ནའང་ཐ་སྙད་དེ་མ་འགྱུར་བར་བོད་སྐད་ཀྱི་ཕོ་ལོང་ཞེས་པ་དེ་ག་རང་དུ་གནས་པ་རེད། དེང་སང་བོད་ཀྱི་རྟ་རྩེད་ཕོ་ལོང་ཐ་སྙད་དང་བཅས་པ་འཛམ་གླིང་ཡོངས་ལ་ཁྱབ་ཟིན་པ་ཡིན་ནོ།།

11 comments:

Anonymous said...

པོ་ལོའི་བྱུང་རབས་གསལ་པོ་གསུང་པ་དགའ་བསུ་ཞུ། དར་གྱི་ཕོ་ལོང་ཟེར་བ་ནི་དར་གྱིས་བཟོས་པའི་ཕོ་ལོང་ཞེས་པའི་དོན་མིན་སྙམ་སྟེ། མདོ་ལས། དར་གྱི་ཕོ་ལོང་ཞེས་པ་ནི་མ་སྐྱེས་དགྲ་དང་སོར་མོའི་ཕྲེང་བ་སོགས་དམྱལ་བར་ཡུད་ཙམ་སྐྱེས་པའི་དཔེ་ཡིན་ལ། ཕོ་ལོང་ཞིག་དར་གྱི་སྟེ་ག་ལེར་སར་བརྡབས་པ་ན་ཡར་ག་ལེར་འཕར་ཡོང་བ་ལ་དཔེ་བྱས་པ་རེད། གལ་ཏེ་དར་གྱིས་བཟོས་པ་ཞིག་ཡིན་མར་བརྡབས་ཀྱང་ཡར་འཔར་མི་སྲིད་ལ། སྤྱིར་ཕོ་ལོང་ཡིན་ཚད་འཔར་དགོས་པའི་ངེས་པ་མེད་ཀྱང༌། མདོ་ལས་དར་གྱི་ཕོ་ལོང་བརྡབས་པ་བཞིན་ཞེས་གསལ་ཡོད་པས་མར་བརྒྱབ་ན་ཡར་འཔར་ཡོང་བ་གོ་ནུས་ལ་དཔེ་དོན་སྦྱར་བས་ཀྱང་ཤེས་ནུས་སྙམ།
ཤེས་རབ་ནས།

Anonymous said...

དག་བཅོས།
པོ་ལོའི་བྱུང་རབས་གསལ་པོ་གསུངས་པ་དགའ་བསུ་ཞུ། དར་གྱི་ཕོ་ལོང་ཟེར་བ་ནི་དར་གྱིས་བཟོས་པའི་ཕོ་ལོང་ཞེས་པའི་དོན་མིན་སྙམ་སྟེ། མདོ་ལས། དར་གྱི་ཕོ་ལོང་ཞེས་པ་ནི་མ་སྐྱེས་དགྲ་དང་སོར་མོའི་ཕྲེང་བ་སོགས་དམྱལ་བར་ཡུད་ཙམ་སྐྱེས་པའི་དཔེ་ཡིན་ལ། ཕོ་ལོང་ཞིག་དར་གྱི་སྟེ་ག་ལེར་སར་བརྡབས་པ་ན་ཡར་ག་ལེར་འཕར་ཡོང་བ་ལ་དཔེ་བྱས་པ་རེད། གལ་ཏེ་དར་གྱིས་བཟོས་པ་ཞིག་ཡིན་ན་མར་བརྡབས་ཀྱང་ཡར་འཕར་མི་སྲིད་ལ། སྤྱིར་ཕོ་ལོང་ཡིན་ཚད་འཕར་དགོས་པའི་ངེས་པ་མེད་ཀྱང༌། མདོ་ལས་དར་གྱི་ཕོ་ལོང་བརྡབས་པ་བཞིན་ཞེས་གསལ་ཡོད་པས་མར་བརྒྱབ་ན་ཡར་འཕར་ཡོང་བ་གོ་ནུས་ལ་དཔེ་དོན་སྦྱར་བས་ཀྱང་ཤེས་ནུས་སྙམ། དེས་ན་དར་གྱི་ཕོ་ལོང་ལས་དར་གྱིས་ཕོ་ལོང་བརྡབས་པ་ཞེས་པ་དག་སྙམ།
ཤེས་རབ་ནས།

Anonymous said...

དབྱིན་སྐད་ཀྱི་ Ball དང་ polo སོགས་ཀྱི་ཐ་སྙད་དེ་བོད་སྐད་ཡིན། དེའང་རྩེད་རིགས་དེ་དག་བོད་ནས་ཐོག་མར་དར་བའི་དབང་དུ་གཏོང་ཡང་བྱུང་ཁུངས་ལོ་རྒྱུས་ཆོས་ལུགས་ཀྱི་དཔེ་ཆར་གཏུག་པ་ནི་གྲྭ་སའི་ཨ་ཁུ་ཀླད་མཁྲེགས་རང་རེད། ངོ་མ་ཁྱེད་ཚོ་འདོད་རྔམ་དེ་ཚ་གི།
སྟག་སྐྱ་ལི་ནས།

མི་རྐང་གླིང་བུ། said...

འདིར་ཕེབས་པ་རྣམས་ལ་གུས་འདུད་ཞུ། དེ་རིང་ཤེས་རབ་ལ་གཅིག་མ་ཞུས་རང་ཞུས་རེད་སོང་། གྲོགས་ཤེས་རབ་ལགས་ཀྱིས། དར་གྱི་ཕོ་ལོང་ཟེར་བའི་དར་དེ་མགྱོགས་དལ་གཉིས་ཀྱི་དལ་དེ་ལ་ངོས་བཟུང་བ་འདྲ། དེ་ནི་ནོར་བ་ཡིན་ཏེ། རྗེས་འཇུག་ར་ལ་གཉིས་ཀྱི་ཁྱད་པར་ཡོད་པས་མཉམ་པར་མ་གཞག་པ་གསུངས་པ་འདྲ།
དར་གྱི་ཕོ་ལོང་ས་ལ་བརྡབས་ན་ག་ལེར་རམ་དལ་བུས་འཕར་བ་ལས་དེང་སང་དབུགས་ཀྱིས་བཀང་པའི་ཕོ་ལོང་དང་། སྔ་མ་སྐུད་པས་བཟོས་པའི་ཕོ་ལོང་ལྟ་བུ་ཡང་མགྱོགས་ཚད་མེད་པས་དར་གྱིས་ཕོ་ལོང་ཞེས་དམིགས་ཀྱིས་བཀར་ནས་གསུངས་པ་འདྲ།
ཡང་དར་གྱིས་བཟོས་པའི་ཕོ་ལོང་ཡིན་ན་ཡར་འཕར་མི་སྲིད་གསུངས་པ་དེ་ནི་ཚོད་བལྟ་ཆུང་ཆུང་ཞིག་བྱས་པས་ཤེས་ནུས་ཏེ། རང་ཉིད་རས་གཟན་དེ་ཉིད་ཅུང་ཞིག་བསྒྲིམས་ཏེ་དོག་པ་འཁྲེག་པོ་ཞིག་བྱས་ནས་ས་ལ་གཅིག་བརྡབ་ན་གདོད་ཤེས་པར་འགྱུར་རོ།།
དགོངས་ཚུལ་གསུངས་པ་ཐུགས་རྗེ་ཆེ།
དར་གྱི་ཕོ་ལོང་ཞེས་པ་འདི་མདོ་ཚིག་ཅིག་ཡིན་པ་འདྲ་འོན་ཀྱང་མདོ་གང་དུ་ཡོད་པ་མ་མཐོང་བས་ཁྱེད་ཅག་ལ་རྒྱུས་མངའ་ཡོད་ན་གསུང་རོགས་ཞུ།

མི་རྐང་གླིང་བུ། said...

ཡ་ཁོ་རེ། སྟག་སྐྱ་ལི། བསམ་ཚུལ་གསུངས་པ་གློ་བ་དགའ། ངེད་བོད་པ་ཚང་ལ་ཆོས་ལུགས་དང་མ་འདྲེས་པའི་སྲིད་ལུགས་ཀྱི་ལོ་རྒྱུས་ཤིག་ཡོད་ན་སྟོན་ཅིག
མིང་ཚིག་དེ་མདོ་དང་བསྟན་བཅོས་རྣམས་སུ་ཡོད་ན་ཆོས་ཚིག་ཡིན་པའི་ངེས་པ་མེད། ཀ་ཁ་ཡིག་འབྲུ་སུམ་ཅུ་པོ་མདོ་ན་ཡོད་་་་་་་་་་་་་་་་་་་་་་་་་་།།
ཡ་ད་ཁྱོད་ཨ་མའི་བུ་རྒོད་ཅིག་ཡིན་ན། poloཞེས་པ་བོད་སྐད་ཡིན་པ་ངོ་འཕྲོད་ཡོད། ballཞེས་པ་བོད་སྐད་ཡིན་སྟངས་དེ་ཁྱོད་ཀྱིས་མ་བཤད་ན་་་་་་་་་་་་་་་་་་་་་།

Anonymous said...

དགོིངས་པ་དྭངས་བ་གནང་རོགས། ངས། དར་གྱི་ཕོ་ལོང་བརྡབས་པ་ཞེས་པ་དེ་དལ་གྱིས་ཕོ་ལོང་བརྡབས་པ་ཞེས་བཅོས་པའི་ཁུལ་ཡིན་ཀྱང་བྱུང་མི་འདུག །ངས་སྐུ་བཟན་རིལ་རིལ་བཟོས་ནས་མར་རྡོ་ཅལ་ཐོག་བརྡབས་པ་ཡིན་ཏེ་ཡར་འཕར་མ་སོང༌། ཕལ་ཆེར་གཅིག་མ་འགྲིག་པ་མིན་འགྲོ། སྐུ་རྩེད་ཞུས་པ་ཡིན། སྐུ་ཉིད་བདེན་པར་ཆ་ཞོགས།
ལུང་དེ་མདོ་གང་ན་ཡོད་ངས་མི་དྲན། ཕལ་ཆེར་མ་སྐྱེས་དགྲ་འགྱོད་པ་བསལ་བའི་མདོ་ནང་འོས་ཆེ། རྒྱལ་པོ་མ་སྐྱེས་དགྲ་ཚེ་དེ་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་ཀྱང་དང་ཐོག་རང་གི་ཕ་བསད་ནས་མཚམས་མེད་ཀྱི་ལས་བསགས་པའི་རྐྱེན་གྱིས། ཕོ་ལོང་ཞིག་དལ་བུ་མར་བརྡབས་ནས་ཡར་འཕར་བའི་ཡུན་ཚད་ཙམ་ཞིག་ཏུ་དམྱལ་བར་འགྲེམ་དགོས་བྱུང་བའི་ཤོད་སྲོལ་ཞིག་གམ། གསུང་རྒྱུན་ཞིག་གོ་མྱོང་འདུག
ཤེས་རབ་ནས།

Anonymous said...

དགོིངས་པ་དྭངས་བ་གནང་རོགས། ངས། དར་གྱི་ཕོ་ལོང་བརྡབས་པ་ཞེས་པ་དེ་དལ་གྱིས་ཕོ་ལོང་བརྡབས་པ་ཞེས་བཅོས་པའི་ཁུལ་ཡིན་ཀྱང་བྱུང་མི་འདུག །ངས་སྐུ་བཟན་རིལ་རིལ་བཟོས་ནས་མར་རྡོ་ཅལ་ཐོག་བརྡབས་པ་ཡིན་ཏེ་ཡར་འཕར་མ་སོང༌། ཕལ་ཆེར་གཅིག་མ་འགྲིག་པ་མིན་འགྲོ། སྐུ་རྩེད་ཞུས་པ་ཡིན། སྐུ་ཉིད་བདེན་པར་ཆ་ཞོགས།
ལུང་དེ་མདོ་གང་ན་ཡོད་ངས་མི་དྲན། ཕལ་ཆེར་མ་སྐྱེས་དགྲ་འགྱོད་པ་བསལ་བའི་མདོ་ནང་འོས་ཆེ། རྒྱལ་པོ་མ་སྐྱེས་དགྲ་ཚེ་དེ་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་ཀྱང་དང་ཐོག་རང་གི་ཕ་བསད་ནས་མཚམས་མེད་ཀྱི་ལས་བསགས་པའི་རྐྱེན་གྱིས། ཕོ་ལོང་ཞིག་དལ་བུ་མར་བརྡབས་ནས་ཡར་འཕར་བའི་ཡུན་ཚད་ཙམ་ཞིག་ཏུ་དམྱལ་བར་འགྲེམ་དགོས་བྱུང་བའི་ཤོད་སྲོལ་ཞིག་གམ། གསུང་རྒྱུན་ཞིག་གོ་མྱོང་འདུག

ཤེས་རབ།

གཤེན་རུ་མ། said...

ཕོ་ལོང་ཞེས་པའི་མིང་ཚིག་འདི་བྱང་སའི་ནང་དུ་ཡིན་བསམ་བྱུང་རྒྱ་གཞུང་ཞིག་ཏུ་གཅིག་འདུག་ནའང་ད་ལྟ་མ་རྙེད། ལམ་རིམ་ཆེན་མོ་ཤོག་གྲངས་ཉིས་བརྒྱའི་ངོས་སུ་དར་གྱི་ཕོ་ལོང་ཞེས་དམྱལ་བ་སྐྱེས་ཀྱང་དམྱལ་བའི་མེ་ཡིས་མ་རེག་པའི་དཔེར་མཛད་འདུག ཉིད་ཀྱིས་གསུང་པ་ལྟར་མ་སྐྱེས་དགྲ་ལ་གསུངས་པའི་མདོ་ཞིག་ཏུ་ཡོད་པ་འདྲ། འོན་ཀྱང་འདིར་མདོ་ཚིག་གསལ་བར་དྲངས་མི་འདུག

འབྲེལ་མེད་ཅིག་ལ་དེ་རིང་ཉིད་ཀྱི་རྩོམ་གསར་པ་དེའི་ངའི་དྲ་རྒྱའི་འབྲེལ་ལམ་ངོས་སུ་འཆར་མ་ཐུབ་པས་བཟོ་བཅོས་འགའ་ཞིག་བྱས་པས་ད་ཆ་ཚང་བརླགས་སོང་། ཨུ་ཚུགས་ཀྱིས་བཟོ་བཅོས་བྱེད་མུས་ཡིན།

མི་རྐང་གླིང་བུ། said...

སྐབས་འདིར་གཞས་མ་ཤ་ཀེ་རས་གཏོང་བའི་གཞས་ཚིག
You're a good soldier
Choosing your battles
Pick yourself up
And dust yourself off
And back in the saddle

You're on the frontline
Everyone's watching
You know it's serious
We're getting closer
This isnt over

The pressure is on
You feel it
But you've got it all
Believe it

When you fall get up
Oh oh...
And if you fall get up
Oh oh...

Tsamina mina
Zangalewa
Cuz this is Africa

Tsamina mina eh eh
Waka Waka eh eh

Tsamina mina zangalewa
Anawa aa
This time for Africa

Listen to your god
Shakira Waka Waka lyrics found on http://www.directlyrics.com.com/shakira-waka-waka-lyrics.html
This is our motto
Your time to shine
Dont wait in line
Y vamos por Todo

People are raising
Their Expectations
Go on and feed them
This is your moment
No hesitations

Today's your day
I feel it
You paved the way
Believe it

If you get down
Get up Oh oh...
When you get down
Get up eh eh...

Tsamina mina zangalewa
Anawa aa
This time for Africa

Tsamina mina eh eh
Waka Waka eh eh

Tsamina mina zangalewa
Anawa aa

Tsamina mina eh eh
Waka Waka eh eh
Tsamina mina zangalewa
This time for Africa

Anonymous said...

ཁོ་རེ་ཨ་ཁུ་མགོ་མཁྲེགས་ཁྱོད། ངོ་མ་ཨུ་ཚུགས་ཚ་གི། ངས་ཁྱོད་ལ་ Polo དང་ Ball སོགས་ནང་ཆོས་རེད་ཅེས་གླེང་མེད་ཀྱང་། ཁྱོད་ཕལ་ཆེར་ཚ་བས་འཁྲུལ་ཡོད་ན་ཐང་། ཨོ་་་ གཅིག་བྱས་ན་ཁྱོད་གཞས་མ་ཤ་ཁེ་ར་ཡི་འདོད་ཚིག་གིས་བཟི་ཡོད་ཚོད་རེད། ངས་ཐ་སྙད་ཡོད་ཚད་ཆོས་དཔེ་ནང་དུ་བརྫོངས་ན་མི་ལེགས། ཞེས་བཤད་ཀྱི་ཡོད། ད་དུང་ Polo དང ball སོགས་བོད་སྐད་ཡིན་པ་ཁྱོད་ཀྱིས་སྒྲུབ་བཞིན་པ་ལས་ངས་མིན་པས་སོ།
སྟག་སྐྱ་ལུ་ནས།

གཤེན་རུ་མ། said...

སྟག་སྐྱ་ལི། དབྱིན་སྐད་ཀྱི་ Ball དང་ polo སོགས་ཀྱི་ཐ་སྙད་དེ་བོད་སྐད་ཡིན། དེའང་རྩེད་རིགས་དེ་དག་བོད་ནས་ཐོག་མར་དར་བའི་དབང་དུ་གཏོང་ཡང་བྱུང་ཁུངས་ལོ་རྒྱུས་ཆོས་ལུགས་ཀྱི་དཔེ་ཆར་གཏུག་པ་ནི་གྲྭ་སའི་ཨ་ཁུ་ཀླད་མཁྲེགས་རང་རེད། ངོ་མ་ཁྱེད་ཚོ་འདོད་རྔམ་དེ་ཚ་གི། ཟེར།
མི་རྐང་། polo ཕོ་ལོང་གི་ཐ་སྙད་འདི་ཆོས་ལུགས་ཀྱི་དཔེ་ཆ་རྣམས་སུ་ལྷགས་མ་ཙམ་ཞིག་ལུས་ནས་ང་ཚོ་ལ་ཕྱི་མིག་གིས་བལྟས་ནས་ཡོད་པ་རེད། འདིའང་ཆོས་ལུགས་འདིས་བཀའ་དྲིན་རེད། ཕོ་ལོང་ཞེས་པའི་མིང་ཚིག་འདི་ཉིད་ཆེས་སྔ་མོ་ནང་ཆོས་མ་དར་གྱི་གོང་ནས་གྲུ་གུ་སོགས་ཀྱི་ཐ་སྙད་དུ་བེད་སྤྱོད་བྱེད་བཞིན་པ་རེད། འདི་བོད་སྐད་རྣལ་མ་ཞིག་རེད། བཙན་པོའི་དུས་ཙམ་ནས་མདོ་རྒྱུད་བསྟན་བཅོས་རྣམས་བོད་སྐད་དུ་བསྒྱུར་བའི་སྐབས་སུ་མིང་ཚིག་འདི་ཉིད་རྒྱ་གར་གྱི་ཕོ་ལོང་གི་མིང་ག་གེ་མོ་ཞིག་བོད་སྐད་དུ་བསྒྱུར་བའི་སྐབས་སུ་མིང་ཚིག་འདི་ཉིད་བེད་སྤྱད་ནས་བཀའ་བསྟན་གྱི་ཁྲོད་དུ་བཞུགས་སོ་གསོལ་བ་རེད། དེ་ནས་ད་ལྟའི་བར་དུ་གནམ་རལ་བ་དང་། ས་འཁྲུགས་པ་ལྟ་བུ་ལོ་རྒྱུས་ཀྱི་གོད་ཆགས་དུ་མ་ནས་ཐར་ཏེ་དེ་རིང་ངས་སྟག་སྐྱ་བོ་ལྟ་གསར་བུ་དག་ལ་ངོ་སྤྲོད་བྱེད་བཞིན་པ་རེད།
གཞན་ཤ་ཀེ་རས་ཁ་ཚུར་སྐོར་ནས་མཛུམ་མདངས་བསྟན་པ་དང་། ཕར་སྐོར་ནས་རོ་སྨད་གཡུག་པ་སོགས་ཀྱི་འདོད་པའི་སྒྱུ་རྩལ་འདིས་རོ་ཡང་འགུལ་བཅུག་ས་རེད། ཧཧཧཧཧཧཧ།