Monday, May 31, 2010

འབྱུང་བ་ལ་བསམ་ཤེས་མེད་ཀྱང་། ཕུ་ནུ་ལ་བརྩེ་སེམས་ཡོད།









ཉི་འོད་ཕོག་པའི་གངས་ཀྱི་རི་བོ་དུང་གི་མཆོད་རྟེན་བསྒྲིགས་པ་བཞིན།།
སྟོད་ཀྱི་མཐོ་སྒང་ཁི་ཁི་ཞི་ལི་ཟླ་བའི་གྲོང་གི་འབབ་ཚུགས་བཞིན།།
སྨད་ཀྱི་སྲིད་པའི་ནགས་ཀློང་དེ་དག་ཆར་སྤྲིན་ནག་པོ་འཐིབ་པ་བཞིན།།
རྨ་རྫ་འབྲི་གསུམ་ལྦུ་དཀར་ཟེགས་མ་མུ་ཏིག་དོ་ཤལ་ཆད་པ་བཞིན།།

ཆུ་འཛིན་མཐོང་གི་སྒྱོགས་ཆེན་སྡོངས་ར་དགུང་ནས་ཐུར་དུ་ཟུགས་པ་བཞིན།།
མེ་ཏོག་སྐྱོམ་པའི་དཔའ་ཐང་ཕྱུག་མོ་མཚོ་མོ་རླུང་གིས་སྒུལ་བ་བཞིན།།
ཆུ་གཉིས་འཕྲད་པས་ས་ཡི་ལིང་ཚེ་ནོར་བུ་དགའ་འཁྱིལ་འཁོར་བ་བཞིན།།
གནའ་བོའི་གོམས་གཤིས་ལྷུར་རུ་བླངས་པས་ཤམ་བྷ་ལ་ཡི་གྲོང་ཁྱེར་བཞིན།།

འབྲོག་ཁྱི་དར་མ་ངར་སྒྲ་སྒྲོགས་པས་སྟག་དང་གཟིག་གི་ཕ་ས་བཞིན།།
དབྱར་རྩྭ་དགུན་འབུ་སྐྱེས་སྟོབས་ཆེ་བས་ཉོ་ཚོང་ཡུར་ཆུ་རྒྱུགས་པ་བཞིན།།
ཟོག་ལུག་དཀར་ནག་འཕེལ་ཁ་དར་བས་ཤ་མར་རྫ་རྡོ་ཉིལ་བ་བཞིན།།
གྲོ་འབྲས་ནས་ཀྱི་ཞིང་ས་གཤིན་པས་འབྲུ་རིགས་ཆུ་སྣ་ལུད་པ་བཞིན།།

མི་རིགས་མང་པོ་ཞི་བདེ་འཚོ་བས་རྒྱ་མཚོ་ཁུགས་ཀྱི་བྱ་ཁྱུ་བཞིན།།
དེ་ནི་ང་ཡི་དྲན་པའི་ངོས་ཀྱི་སྒ་ཡི་སྐྱེ་དགུ་མདོ་ཆེན་རེད།།
དུས་རབས་འདི་ཡི་གོང་འོག་གཉིས་སུ་གཏོར་བཅོམ་བམ་ཁ་རྩིག་པ་བཞིན།།
རི་སྐྱེས་སྲོག་ཆགས་ཆམས་ལ་ཕབ་ནས་མགོ་རུས་གྲམ་རྡོ་སྤུངས་པ་བཞིན།།

ས་འོག་གཏེར་ཁ་རྨང་ནས་དྲུས་པས་མར་སྐོག་འདབས་སུ་བོར་བ་བཞིན།།
ས་སྟེང་ནགས་ཚལ་སྡེབ་གཅོད་བྱས་པས་ཤིང་དུམ་རྭ་ཅོ་སྤུངས་པ་བཞིན།།
འབྲི་ཆུ་མགོ་ནས་གསེར་ནག་བརྐོས་པས་གོད་རོ་ཁྱི་ཡིས་ཟོས་པ་བཞིན།།
དབྱར་རྩྭ་དགུན་འབུ་འབོར་ཆེན་བརྐོས་པས་ཤ་རྙིང་སྦྲང་བུས་འཛིང་བ་བཞིན།།

དེ་ལྟར་ཁོར་ཡུག་ཡུན་གྱིས་གཏོར་བ་སྤྲེ་འུས་རྩེད་མོ་རྩེ་བ་བཞིན།།
ས་གཡང་ཕྱུག་མོ་དགྲ་རུ་ལངས་ནས་གངས་རྒན་ཐོང་ཁ་བརྒལ་བ་བཞིན།།
སད་དང་ཐན་པ་གཅིག་རྒྱབ་གཅིག་ལངས་མདའ་མོ་དོང་ནས་ཤོར་བ་བཞིན།།
ལྷག་པར་ལོ་འདི་ཁ་ཆར་མེད་པར་ཤོག་གུ་ཐང་ལ་བཀོད་པ་བཞིན།།

བཞི་པའི་བཅུ་བཞི་མ་ཤར་གོང་ནས་ཐལ་ནག་ཆར་པ་བབས་པ་བཞིན།།
བྱ་བྱིའུ་རྣམས་ཀྱིས་སྔ་སད་ལྟ་བུས་ཅ་ཅོ་ཡོས་ཁྲ་བརྔོ་བ་བཞིན།།
འོན་ཀྱང་དེ་དག་སུས་ཀྱང་མ་ཤེས་རྨུ་གབ་ནག་པོ་ཕབ་པ་བཞིན།།
ཡ་གིར་བླ་མ་མངོན་ཤེས་མེད་པར་གཡག་རྒན་ཐག་པས་དཀྱིགས་པ་བཞིན།།

མ་གིར་མོ་མ་མོ་ལུང་མེད་པར་ཁྱི་རྒན་སྒྲོ་བར་བླུགས་པ་བཞིན།།
ཡུལ་ལྷ་གཞི་བདག་སྡོང་གྲོགས་མེད་པར་གསོ་ཕག་ཚང་ལ་ཉལ་བ་བཞིན།།
ཆོས་སྐྱོང་སྲུང་མ་ཁ་འཛིན་མེད་པར་འཕྱི་བ་ཁུང་ལ་འཛུལ་བ་བཞིན།།
ས་སྲིན་འདྲེ་མོ་ཡོམ་ཡོམ་གཡོས་ནས་ཤ་འོད་དྲག་པོ་རྒྱུགས་པ་བཞིན།།

ཤར་ནུབ་རི་བོ་གོར་གོར་འཁོར་ནས་རྡོ་ཡི་འཆི་གུ་སྐོར་བ་བཞིན།།
རྣོ་ལྕགས་སྦྲེལ་མའི་ཐོག་ཁང་དེ་དག་མ་ཎི་འཁོར་ལོ་སྐོར་བ་བཞིན།།
གཡའ་མ་སྔོན་མོ་ལེབ་རྩིག་ཅན་དེ་ཤོ་མོ་ཐང་ལ་བརྡབས་པ་བཞིན།།
ཨར་འདམ་ཕག་གི་ཁྲབ་རྩིག་ཅན་དེ་བྱིའུ་ཚང་གཡག་གིས་རྫིས་པ་བཞིན།།

ཀ་བ་གདུང་མ་ཐོད་གཏུགས་ཅན་དེ་རི་དྭགས་རྒྱ་རྙི་བཙུགས་པ་བཞིན།།
ཤིན་ཏུ་དྲག་པོའི་ཡུན་ཐུང་ཞིག་ལ་བདུད་ཀྱི་ཆོ་འཕྲུལ་བསྟན་པ་བཞིན།།
ཚག་ཚག་ཆོམ་ཆོམ་འཇིགས་པའི་སྒྲ་ཡིས་གནམ་ས་རལ་བ་བྱེད་པ་བཞིན།།
ཁམ་ནག་ཐལ་ཞགས་དགུང་དུ་འཕྱུར་ནས་ཉི་ཟླ་གཟའ་ཡིས་ཟོས་པ་བཞིན།།

ཇ་ཡུན་ཞིག་ཏུ་ཐམས་ཅད་ཅག་གེར་མགོ་བོ་ཀ་བ་བརྡབས་པ་བཞིན།།
རིང་ཞིག་རྗེས་ནས་མཐའ་དབུས་མེད་པར་སྐྱུང་ཚང་འུར་རྡོ་ཕོག་པ་བཞིན།།
ཨ་ན་ཨ་ཚའི་ཚེ་སྲོག་འབོད་པས་སྙིང་གི་སྣེ་ནས་གཏོགས་པ་བཞིན།།
ཐམས་ཅད་སྐྱབས་མེད་བྲེད་ཤ་ཐོན་ཞིང་ཕྱོགས་ཀུན་ཁྱི་ཡིས་ཉུལ་བ་བཞིན།།

དེ་ནས་རིམ་གྱིས་ཇ་ཡུན་རྗེས་སུ་གློ་བུར་ཆུ་སྣ་ལུད་པ་བཞིན།།
སེར་ཤུལ་དགོན་པའི་སེར་དམག་དེ་དག་མཚམས་སྤྲིན་རླུང་གིས་བདས་པ་བཞིན།།
ངུར་སྨྲིག་མདངས་ལྡན་དགེ་འདུན་དེ་དག་གུར་གུམ་ནགས་ཀློང་གཡོ་བ་བཞིན།།
མི་སྲོག་དམར་མོ་ཐང་ལས་བླངས་ནས་སླར་ཡང་ལག་ཏུ་སྤྲད་པ་བཞིན།།

དབལ་ཤུལ་ལ་སོགས་ཤུལ་ཆེན་བཅོ་བརྒྱད་གླག་ནག་གཟན་ལ་བཅུམ་པ་བཞིན།།
ཀིརྟི་དགོན་སོགས་འབྲོག་དགོན་རྣམས་ཀྱིས་དཀོར་རྫས་ཆུ་སྣ་དྲངས་པ་བཞིན།།
མདོ་སྨད་ཡུལ་ནས་བཟའ་བཅའ་བཏུང་བ་རི་བོ་སྣ་ནས་གཅོད་པ་བཞིན།།
མདོ་སྟོད་ཡུལ་ནས་ཉེར་མཁོ་དགོས་དགུ་ཆུ་བོའི་སྣ་ནས་གཅུ་བ་བཞིན།།

དབུས་གཙང་ཁུལ་ནས་འཚམས་འཕྲིན་དམར་མོ་མཚོ་ལ་ཁ་བ་བབས་པ་བཞིན།།
མདོ་དབུས་ཁམས་གསུམ་སེམས་དང་སེམས་པ་ལག་པར་ལག་པ་བཞག་པ་བཞིན།།
ཧུའུ་དང་ཝུན་སོགས་གང་དྲག་གང་གཉན་བྱ་རྒོད་རོ་ཐོག་གཞུར་བ་བཞིན།།
དེ་རིང་འདི་བྱོས་སང་ཉིན་དེ་བྱེད་བང་རིམ་རྡོ་སྐས་བརྩིགས་པ་བཞིན།།

འོན་ཀྱང་དེ་དག་འཕྲལ་དུ་ཕན་པ་རྨ་ལ་ཁྱི་ཚིལ་བྱུགས་པ་བཞིན།།
དེ་ཚེ་བྱེས་ཀྱི་བོད་རིགས་ཡོངས་ཀྱིས་སེམས་པ་འཁྱགས་པ་འབྱར་བ་བཞིན།།
གོང་ས་མཆོག་གི་གཟིགས་པ་མི་གཡོལ་རྒྱ་མཚོ་ཆེན་པོའི་རྦ་རླབས་བཞིན།།
ཆག་སྒོ་བྱུང་བའི་སྐར་ཆ་གཉིས་ནས་འཚམས་འཕྲིན་མར་ཁུ་འཕྱུར་བ་བཞིན།།

བཀའ་སྤྱི་གཉིས་པོས་ཅི་བྱེད་མེད་པ་བ་ལུ་ཉུངས་མས་གནངས་བ་བཞིན།།
ཆོས་རྒྱུད་ཡོངས་ཀྱིས་དཔེ་ཁྲིད་བཞག་ནས་མ་ཎི་རླུང་དམར་འུར་བ་བཞིན།།
གདན་ས་གསུམ་གྱིས་རྩོད་མཚམས་བཞག་ནས་རྫོབ་སྐད་བོང་བུ་ངུ་བ་བཞིན།།
ཤུལ་ལུས་ཉམས་ཆུང་སེམས་ཁམས་ཡངས་མོ་དོང་ལས་ཤོར་བའི་མདའ་མོ་བཞིན།།

མེ་ཏོག་བབས་པའི་ལྷ་སྐལ་ཕྱོགས་སུ་སྨྲེ་ངག་དར་ལྕོག་ལྡེབ་པ་བཞིན།།
ཁྱོད་ཉིད་ཁོ་ན་ང་ལ་དགོས་ཞེས་མིག་ཆུ་ཕྲེང་ཐག་ཆད་པ་བཞིན།།
དེ་ལྟར་ཉིན་ཞག་ཟླ་ལ་བསྒུགས་པས་སྟན་ལ་ཚེར་མ་ཟུགས་པ་བཞིན།།
ཐམས་ཅད་འདུག་གཟོད་ཡེ་ནས་མེད་པར་ལྕགས་སྲེག་ཐོག་གི་གྲོག་མ་བཞིན།།

ཞབས་ཟུང་འཁོར་ལོ་བསྒྱུར་ངེས་ཟེར་ནས་ཁུ་བྱུག་གནམ་ཆུ་སྒུག་པ་བཞིན།།
ཤི་བོ་ཁྲི་ཡིས་མིག་ཟུང་སྔོན་མོ་མགོན་པོ་ཁྱོད་ལ་བལྟ་བ་བཞིན།།
དེ་ལྟར་སྡུག་བསྔལ་སེལ་བ་མེད་པར་བདུན་ཚིགས་བདུན་དེ་རྫོགས་ནས་ཐལ།།

No comments: