Thursday, August 29, 2013

འབྲོང་གཡག་དར་མའི་རང་གཤིས་བརྗོད་པ།




ལས་དང་རྟེན་འབྲེལ་མེ་ཆུ་འཐབ་པའི་སྲིད་པའི་སྒོ་ང་འཐོར་བའི་ཁྲོད།།
ཉལ་ཉིལ་ལྗན་ལྗིན་ཐུར་དུ་ལུད་པའི་གླིང་ཆེན་ཕལ་དང་མི་མཉམ་པར།།
ལྷ་དང་ལྷ་མིན་ཕོ་བྲང་དཀྲུགས་པའི་སྒང་དྲུག་རི་བོའི་རྩེ་མོ་ན།།
སད་དང་སེར་བ་གདན་དུ་བཏིང་ནས་མགོ་བོ་ཉི་མའི་མཐོངས་སུ་སྙེགས།།

ཅིན་དང་ཇིང་གུར་ཧིན་དང་དབྱི་ལང་ཤར་ནུབ་འགྲོ་བའི་སེམས་ངོགས་སུ།།
དྲན་པ་ཙམ་གྱིས་སྒྱིད་པ་འདར་བའི་མཐོ་སྒང་དྲེགས་པའི་སྡེ་དཔོན་ཆེ།།
གནོད་སྦྱིན་ནག་པོའི་ཞགས་པས་མ་ཁུགས་གངས་དཀར་རི་བོའི་ངོགས་སུ་ཤོར།།
མིག་རྩ་དམར་མོའི་གློག་ཞགས་བསྐྱིལ་བཞིན་ལྷུན་སྟུགས་རྫ་རིའི་རྩེ་ན་འགྱིང་།།

འཕར་སྤྱང་གཏུམ་པོའི་མཐའ་ནས་བསྐོར་བའི་སྨག་གི་མཚན་མོ་རྭ་རྩེས་གཤགས།།
བུ་ཡུག་འཚུབ་མས་གནམ་ས་སྦྲེལ་དུས་ནང་གི་ཁྲག་རྩ་ཤེད་ཀྱིས་བརྡབས།།
སྣ་ཚོགས་དཀའ་སྡུག་མུན་པའི་འཇིག་རྟེན་ཞུམས་མེད་སྙིང་སྟོབས་ཐོང་གིས་བསུས།།
ཕ་མཐའ་མི་མངོན་ཡངས་པའི་རྩྭ་ཐང་ཁྱོད་ཀྱིས་རང་དབང་སྒེར་བདག་བྱས།།

སྒ་དང་སྣ་ཐག་གྲིབ་མས་མ་ཕོག་རྫ་ལུང་རོག་པོའི་ཁ་འཛིན་མཛད།།
ཚྭ་དང་ཉུངས་མའི་དོས་པོ་མ་ཁུར་སྤུ་རྩིད་རྔ་མས་ས་གཞི་མནན།།
ཆས་དང་ཁེབས་མའི་གཡོ་འོག་མ་ཚུད་རང་དབང་ཆེད་དུ་རྭ་རྩེ་བདར།།
རང་བྱུང་རྩྭ་ཐང་རང་དབང་བསྒྱུར་བ་ཁྱོད་ཀྱིས་གདམས་པའི་ལས་དབང་རེད།།

རྡོ་རྗེའི་རྭ་དང་རྨིག་པ་དག་ལས་དགྲ་ལྷ་ཝེར་མའི་མེ་སྟག་འཕྲོ།།
ཟེ་དང་རྔ་མའི་ཉག་མ་དག་ལས་ཕྱྭ་གཡང་མར་ཁུའི་ཆར་པ་འབེབས།།
ཆར་སྤྲིན་ནག་པོ་ལྷོ་རུ་བསྐྱོད་བཞིན་རྫ་ལུང་སྨུག་པོ་དལ་གྱིས་འགྲིམས།།
ཉམས་ཆུང་གཞན་ལ་འཚེ་བ་མེད་པར་རྩི་ཐོག་སྣུམ་པོའི་མགྲོན་དུ་ཕེབས།།

གངས་རི་དཀར་མོའི་ཁོངས་སུ་འཁྲུངས་པས་གངས་ཀྱི་སེམས་ཞིག་ཁྱོད་ལ་མངའ།།
གངས་ཆབ་སིལ་མ་སྐོམ་དུ་བྱས་པས་དྭངས་གཙང་ཁྲག་ཞིག་ཁྱོད་ལ་རྒྱུ།།
གངས་རིས་བསྐོར་བའི་གནམ་མཐའ་བསྲུངས་པས་ཡངས་པའི་བློ་ཞིག་ཁྱོད་ལ་མངའ།།
གངས་ཅན་པ་ཡི་བླ་འབྲོང་སྨུག་པོ་གངས་ལྗོངས་མཛེས་པའི་རྒྱན་དུ་ཆེ།།





1 comment:

Anonymous said...

རིག་པའི་གྲོགས་པོ་ཁྱེད་ཀྱི་ཟིན་བྲིས་ཐེངས་གཅིག་ཀློག་རྒྱུ་རག་བ་སྐལ་བ་བཟང་། ངས་ལན་གཅིག་ཀློག་དུས་ང་རང་སེམས་ན་དངངས་སྐྲག་དད་སྤོབས་སེམས་དང་རང་སྣང་མཐོ་བའི་ཁེངས་པ་ཞི་སོང་། རྒྱུ་མཚན་ནི་། རང་ཉིད་ལ་ཅི་ཡང་མེད་ལ་ཅི་ཡང་མི་ཤེས་པ་ད་གཟོད་ཚོར། གྲོགས་པོ་ཁྱེད་ངའི་སླར་ཡང་སྦྱོང་དགོས་པའི་བསྐུལ་མ་བྱེད་བྱུང་བས་ཁྱེད་ལ་སྙིང་ནས་དགའ།