Friday, September 3, 2010

བྱ་རྒོད་སུག་པ།


རང་བྱུང་ཁམས་ཀྱི་གསང་བ་ཕྲ་མོའི་ཕྲ་མོ་དེ་དག་ནི་སངས་རྒྱས་ཉག་གཅིག་གིས་སྤྱོད་ཡུལ་ཙམ་ལས་ལྟ་ཅི། གཞན་གཟུགས་ཅན་རགས་པ་འདི་དག་ནི་ལ་བརྟག་དཔྱད་ཀྱིས་གཏན་ལ་འབེབས་མཁན་ནི་བོད་ཀྱི་མེས་པོ་གོང་མ་དེ་དག་ལས་སླ་མོ་ཞིག་མ་རེད། འཇིག་རྟེན་གྱི་ཡུལ་གྲུ་གཞན་དུ་མིང་ཡང་མི་གྲགས་ཤིང་བོད་ཡུལ་མཐོ་སྒང་ཁོ་ན་སྐྱེ་འཇིག་བྱེད་བཞིན་པའི་རང་བྱུང་ཁམས་ཀྱི་དངས་མའམ་བདུད་རྩི་འདི་དག་ནི་བོད་གངས་ཅན་པའི་སྔོན་བྱོན་དམ་པ་དེ་དག་གིས་ངོ་བོ་དང་། རྣམ་པ། བྱེད་ལས། བརྟག་ཐབས། རོ་ནུས་སོགས་ཆེས་ཞིབ་ཅིང་ཕྲ་བ་གཏན་ལ་ཕབ་ཡོད་པ་ཡིན། སྔོན་བྱོན་བོད་ཀྱི་མེས་པོ་དེ་དག་གི་འཇིག་རྟེན་འདི་ཡི་ཐོག་གི་ཚན་རིགས་པ་སྔ་ཤོས་དང་། ཞིབ་ཕྲ་ཆེ་ཤོས། ཆོས་ཐམས་ཅད་ཕན་ཚུན་ལྟོས་གྲུབ་ལ་ཁུངས་བཅོལ་བས་རིགས་པས་བརྟགས་བཟོད་པ་སོགས་ཚན་རིག་པ་ནང་གི་ཚན་རིག་པ་ནི་བོད་ཀྱི་སྔོན་བྱོན་མཁས་པ་གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ཡིན་ཨང་སྙམ་པའི་བློ་འགོག་མེད་དུ་འཆར་གྱིན་འདུག ས་རྡོ་རྩི་ཤིང་རེ་རེ་ནས་གཏན་ལ་འབེབས་པའི་ལུགས་སྲོལ་འདི་བོད་ཡུལ་དུ་མ་གཏོགས་ཡུལ་གྲུ་གཞན་དུ་ལུགས་སྲོལ་འདི་དག་མེད་པ་འདྲ། ས་སྟེང་གི་གཟུགས་ཅན་གྱི་དངོས་པོ་རང་རང་ལ་བྱེད་ལས་ཕན་ནུས་ཐུན་མོང་མ་ཡིན་པ་རེ་ཡོད་པས་ན། ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན།། ཅེས་སོགས་ཀྱི་བཀས་བཅད་གནང་ཡོད། གཟུགས་ཅན་གྱི་དངོས་པོ་དེ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སོགས་གཏན་ལ་མ་ཕབ་པ་ཕལ་ཆེར་མེད་པ་ལྟ་བུ་ཞིག་ཡོད་པ་རེད།
དེ་དག་ལས་བོད་ཡུལ་མཐོ་སྒང་དུ་སྐྱེས་པའི་བྱ་རྒོད་སུག་པ་ཞེས་པའི་མེ་ཏོག་འདི་ཉིད་ངོ་སྤྲོད་བྱེད་རྒྱུ་ཡིན། མིང་གི་རྣམ་གྲངས། བྱ་རྒོད་སུག་པ། རྒྱལ་པོ་ལ་ཐོད་ཅན། བྱང་གཡག་འདེལ་འབྱིན། ད་བྱིད་དཀར་པོ་སོགས་ཟེར། སྔ་མ་གཉིས་ནི་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དང་། ཕྱི་མ་གཉིས་ནི་བྱེད་ལས་ཀྱི་ཆ་ནས་བཏགས། སྐྱེ་ཡུལ་ནི། བོད་མདོ་ཁམས་སྒང་གསུམ་མམ་སྒང་དྲུག་གི་ཕྱོགས་སམ། ཡང་ན་དེང་དུས་མདོ་དབུས་མཐོ་སྒང་གི་ཕྱོགས་དེར་དང་། མདོར་ན། མཚོ་ངོས་ནས་ཕྲག་འདོམ་༤༠༠༠ནས་༤༥༠༠།ཙམ་གྱིས་མཐོ་བའི་རྫ་རི་དང་བྲག་མཚམས། གངས་ཞོལ་སོགས་སུ་སྐྱེས་པ་ཡིན། སྐྱེ་དུས་ནི། ལོ་རེ་བོད་ཟླ་བདུན་པའི་འགོ་དེར་སྐྱེས་ཤིང་ཡུན་རིང་ཙམ་གནས་ཐུབ། འདི་ཉིད་ཚུལ་ཇི་ལྟར་དུ་ཡོད་པ་ནི་འདྲ་པར་ལས་ཤེས་ཐུབ་ནའང་སྔོན་བྱོན་མཁས་པས་མི་ནོར་བའི་གཟེར་འདི་ལྟར་བཏབ་ཡོད། དེ་ཡང་འཁྲུངས་དཔེ་ལས། ད་བྱིད་དཀར་པོ་ཞེས་བྱ་བ།། གངས་རི་མཐོན་པོའི་རྫ་ལས་སྐྱེ།། ལྷོག་པ་འདུལ་བའི་དར་ཡ་ཀན།། བྱ་རྒོད་སུག་པ་ཞེས་ཀྱང་བྱ།། སྡོང་བུ་ཁོང་སྟོང་རས་བལ་གྱོན།། སྐྱེ་ཚུལ་ཡུ་མོའི་སྲོལ་གོང་བཞིན།། རྩེ་ཟླུམས་མེ་ཏོག་ཅུང་ཟད་སྨུག། བྱ་རྒོད་རྫ་ལ་བབ་པ་འདྲ།། རོ་ནི་ཁ་ལ་ནུས་པ་བསིལ།། ལྷོག་པའི་ནད་རིགས་གང་ལ་ཡང་།། གཅིག་ཐང་ཁོང་བཏང་སྐྲངས་པ་ལ།། ཕྱི་ནས་འབྱར་བྱས་འཕྲལ་བདེ་སྟེར།། ཞེས་དང་། དགེ་བཤེས་དེའུ་དམར་ཚང་གིས་ཀྱང་། བྱ་རྒོད་སུག་པས་མགོ་རྨ་ལྷོག་རྒོད་འདུལ།། ཞེས་གསུངས་སོ།།
དེ་ལྟ་བུའི་བོད་ཀྱི་བདུད་རྩི་ཕོན་པོ་འདི་ཉིད་ཡུལ་ལུང་གཞན་དུ་ཡོད་ཚོད་མི་འདུག གལ་སྲིད་ཡུལ་གྲུ་གཞན་དུ་རིག་དངོས་འདི་ཉིད་མེད་ན་མིང་རང་སོར་བཞག་ནས་བྱ་རྒོད་སུག་པ་ཞེས་འབོད་པ་དང་དབྱིན་ཡིག་སོགས་སུ་བྲི་སྐབས་ཀྱང་བོད་མིང་འདི་ཉིད་སྒྲ་གདངས་གང་དང་ཐག་ཉེར་བསྟུན་ནས་བྲིས་ན་དགེ་མཚན་ཆེའམ་མཁས་པ་རྣམས་ཀྱི་དགོངས་པ་མཛོད་ཅིག

2 comments:

གཤེན་རུ་མ། said...

འདྲ་པར་འདི་དྲ་ངོས་གཞན་ཞིག་ནས་ཁུར་ཡོང་བ་ཡིན་པས་བདག་པོ་སུ་ཡིན་ནའང་བཟོད་པ་མཛད་རོགས།

གཤེན་རུ་མ། said...
This comment has been removed by the author.