Tuesday, August 10, 2010

འབྲུག་ཆུ་རྫོང་དུ་རི་ལུད་པ།


ཁ་སང་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་གྱི་འབྲུག་ཆུ་རྫོང་དུ་རི་བོ་ལུད་ནས་རྫོང་མཁར་དེ་ཉིད་ཀྱི་ཕྱེད་གཤགས་བྱས་ནས་གྲོང་ཁྱེར་དེའི་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་ཐེབས་པའི་གནས་ཚུལ་གང་སར་ཁྱབ་ཡོད་པ་རེད། གསར་ལམ་ཁག་ཏུ་མི་ཤི་གྲངས་༡༢༧ཙམ་དང་། རྨས་མ་བརྒྱ་ཕྲག་ལས་བརྒལ་བ། གར་སོང་མེད་པའི་གྲངས་འབོར་སྟོང་ཕྲག་ལས་བརྒལ་ཚུལ་བཤད་བཞིན་པ་འདུག་པས་ཤི་བའི་གྲངས་ཀ་ཕལ་ཆེར་སྟོང་དུ་ལོན་ངེས་སྙམ། དེ་ནི་ངའི་ཚོད་དཔག་ཙམ་ཡིན་པས་ཁ་ངན་པ་མ་གསུང་རོགས། ཉིན་དེའི་ཕྱི་དྲོ་དེར་རྒྱ་ནག་གི་སྲིད་བློན་དབུན་ཇ་པུས་འབྲུག་ཆུ་རྫོང་དུ་དངོས་སུ་འབྱོར་ནས་ལས་དོན་བཀོད་སྒྲིག་དང་རྨས་མ་སོགས་ལ་འཚམས་འདྲི་བྱས་པར་གསར་ལམ་ཁག་ཏུ་བཤད། དེ་རིང་ནི་མྱུར་སྐྱོབས་དང་། གནས་སྤོ་རས་གུར་སོགས་གཞུང་ནས་མཐུན་རྐྱེན་འབྱོར་བཞིན་ཡོད་འདུག དེ་དང་མཚུངས་པར་བྱེས་ནས་ཀྱང་བཀའ་ཤག་གིས་ཐུགས་གསོ་འཚམས་འཕྲིན་དང་ཤི་བོ་ལ་བསྔོ་སྨོན་གནང་ཡོད་པ་རེད། ད་དུང་ཡང་འབྲེལ་ཡོད་རྣམ་པས་གསོན་པོ་རྣམས་ལ་རོགས་རམ་དང་འཚམས་འདྲི་ཤི་བོ་རྣམས་ལ་མ་ཎི་རེ་ཚ་འདོན་བྱེད་རྒྱུ་བརྗེད་མི་རུང་།
ད་ལོ་ང་ཚོ་བོད་མི་རྣམས་ཀྱི་མགོ་ལ་རང་བྱུང་ཁམས་ཀྱི་ཆག་སྒོ་ཆེན་པོ་ཡང་ཡང་འབྱུང་གིན་འདུག་པས་འདི་ཉིད་ཐན་ལྟས་ཤིག་གམ་ཡང་ན་གཞན་ཞིག དེ་སྔོན་ཁམས་སྐྱེ་དགུ་མདོ་རུ་ས་གཡོས་པའི་འཇིག་པ་དང་། ཁ་སང་ལ་དྭགས་སུ་གནམ་རལ་བའི་འཇིག་པ། དེ་རིང་འབྲུག་ཆུ་རུ་རི་ཉིལ་བའི་འཇིག་པ་འདི་དག་ཉམ་ཆུང་མི་རིགས་འདིའི་མགོ་ལ་ཚོགས་སྤུངས་སྤུངས་བྱེད་པ་འདི་ལས་རྒྱུ་འབྲས་ལ་འོས་སམ། ལྷ་དང་བླ་མའི་མངོན་ཤེས་ཀྱིས་གཟིགས་རྒྱུ་དང་། རྩིས་དང་མོ། པྲ་དང་ཇུ་ཐིག་སོགས་ཀྱིས་ང་ཚོས་འདི་དག་ལྟས་ཅི་ཞིག་ཡིན་པ་དཔྱད་པ་བྱེད་རིན་འདྲ་འདུག་གམ། ང་ནི་རྣམ་རྟོག་འདྲ་སློང་ཡོང་གིན་འདུག

ད་ཐེངས་རི་བོ་ལུད་པ་འདི་ལ་རྒྱུ་རྐྱེན་ཆེན་པོ་གསུམ་ལ་ངོས་འཛིན་བྱས་ཡོད་འདུག
༡༽ སྤྱིར་ན་འབྲུག་ཆུ་རྫོང་མཁར་ཉེ་འདབས་ཀྱི་ས་གཤིས་གྲུབ་སྟངས་ལ་འོག་གི་བྲག་རྡོ་རྣམས་བརྟན་པོ་མིན་པ་དང་།
༢༽ རྫོང་མཁར་འདི་ན་ནིང་བུན་ཁྲོན་ས་འགུལ་གྱིས་གནོད་ཐེབས་ས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན་པས། ས་འགུལ་བྱུང་བ་དེ་ལས་འབྲུག་ཆུ་རྫོང་མཁར་མཐའ་མཁོར་གྱི་རི་བོ་རྣམས་སྒུལ་ཟིན་པས་འོག་གི་བྲག་རྡོ་རྣམས་གས་ཆགས་ཤོར་བ་དང་། ས་འགུལ་གྱིས་གས་ཆག་གཏོང་བ་རྣམས་སླར་སོས་པ་ལ་ལོ་ངོ་གསུམ་ནས་ལྔ་བར་གྱི་དུས་ཡུན་དགོས་པས་ས་འགུལ་བྱུང་ནས་ལོ་ངོ་གཉིས་ལས་སོང་མེད་པས་སྲ་བརྟན་ཅན་དུ་གྱུར་མེད་པ་དང་།
༣༽ འབྲུག་ཆུ་ས་ཁུལ་ལ་ན་ནིང་གི་དུས་ཚིགས་བཞི་བ་ནས་ད་ལོའི་ལོ་སྟོད་བར་བསྟུད་མར་ཐན་པ་བྱུང་ནས། རྫོང་མཁར་མཐའ་འཁོར་གྱི་བྲག་ངོས་ལ་གས་སྲུབས་བྱུང་བའི་དབང་གིས་ཆར་ཆེན་འབབ་སྐབས་རི་ཉིལ་སླ་བ་དེ་རེད།
ཅེས་ས་གཤིས་རིག་པ་བ་རྣམས་ཀྱིས་དབྱེ་ཞིབ་བྱས་ཡོད་འདུག

4 comments:

Anonymous said...

རི་ལུད་པ་དང་རི་ཉིལ་བ་རི་ལུག་པ་གསུམ་པོ་གང་ཞིག་འཚམས་པ་ཡོད། ལུད་ནི་གང་ཞིག་མང་དུ་སོང་ནས་ཕྱིར་ལུད་པ་སྟེ། འོ་མ་བཀོལ་ནས་ཁ་ལུད། དབྱར་ཆུ་རྒྱས་ནས་ཡུར་བ་ཁ་ལུད་ལྟ་བུ་དང༌། ཉིལ་ནི་སྟེང་ནས་མར་འགྲིལ་བའམ་རིལ་བ་སྟེ། བྲག་ཉིལ། བྱེ་མ་ཉིལ་ལྟ་བུ་དང་། ལུག་ནི་གང་ཞིག་ནང་ནས་ཕྱིར་དོན་པའམ་ནུར་ཡོང་བ་སྟེ། རྒྱུ་མ་ལུག །མིག་ལྤགས་ལུག་ལྟ་བུའོ།

ངས་བལྟས་ན། གད་པ་ཉིལ་དང་ཆད་དང་རུད་གསུམ་ནས་གད་པ་རུད་དང༌། ཁང་པ་ཉིལ་དང་ལོག་དང་ཞིག་གསུམ་ནས་སྐབས་སྟོབས་ཀྱིས་ཕྱི་མ་གཉིས་དང༌། ས་རུད་དང་ཉིལ་དང་ལུག་གསུམ་ལས་ཚབས་ཆེ་བ་ལ་སྔ་མ་དང༌། རི་ལུད་དང་ཉིལ་དང་ལུག་གསུམ་ལས་ཕྱི་མ་གཉིས་འཚམས་པ་ལྟར་མཐོང་བས་དེ་ལྟར་ཡིན་ནམ།

ཤེས་རབ།

མི་རྐང་གླིང་བུ། said...

རེད། བརྡ་སྤྲོད་འདི་འདི་ལྟར་ཕུན་སུམ་ཚོགས་པ་ཞིག་རེད། ཁྱོད་ཀྱི་དགོངས་འཆར་གསུང་པ་བཞིན་རེད། རི་ཉིལ་བ། རི་ལུག་པ། རི་ལུད་པ་གསུམ་ལ་སྤྱི་ཡོངས་ནས་གོ་དོན་འདྲ་བོ་ཞིག་འདུག་ཀྱང་ཞིབ་ཏུ་ཕྱེས་ན་གོ་དོན་དམིགས་བསལ་བ་རེ་ཡོད་པ་རེད། ལུད་ཟེར་བ་འདི་གང་ཞིག་ནང་དུ་མ་ཁོག་ནས་ཕྱིར་རང་དབང་མེད་པར་ཤོར་སོང་བ་འདྲ་ཞིག་བསྟན་ཡོང་བ་དང་། དཔེར་ན་སྐྱུགས་པ་ཁར་ལུད། རྒྱ་མཚོ་ཁར་ལུད་སོགས་མཚོན། ཁྱོད་ཀྱིས་གསུངས་པ་བཞིན་སྐབས་སྟབས་རི་ལུག་པ་ཟེར་ན་གོ་དོན་བསྟན་ཚབས་ཆེ་ཤོས་དེ་ཡིན་པ་འདྲ་ཡང་སྣང་མེད་ཤོར་འདུག མཇུག་ཏུ་གཟབ་གཟབ་བྱེད་ངེས་ཡིན།
ཨོ། མཎི་རེ་བགྲངས་རྒྱུ་བརྗེད་མི་རུང་ཨ་གྲོགས་པོ།

མི་རྐང་གླིང་བུ། said...

ཨོ་དེ་རིང་ཅིག་དྲན་སོང་། གངས་རི་ཞུ་ནས་ལུད་ཅེས་དང་། མར་ཞུ་ལུད་བརྒྱབས་ཞེས་པ་ལྟ་བུ་ཡང་སྦྱོར་ཚུལ་ཞིག་ཡོད་པས་དེ་ལྟར་ན་ལུད་ཅེས་པ་དེ་མཐའ་གཅིག་ཏུ་ནང་དུ་མ་ཤོང་སྟེ། ཁ་ནས་ཕྱིར་ཐོན་པ་ལ་གོ་མི་དགོས་པ་ཨེ་ཡིན།

མི་རྐང་གླིང་བུ། said...

ཀན་སུའུ་ཞིང་ཆེན་འབྲུག་ཆུའི་ཆུ་ལོག་ཉེན་སེལ་བཀོད་འདོམས་པུའུ་ཡིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་གསར་དུ་བསྒྲགས་པ་ལྟར་ན། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་གྱི་དུས་ཚོད་བཅུ་དྲུག་བར་དུ། འབྲུག་ཆུའི་ཆུ་ལོག་ཆེན་པོའི་གནོད་འཚེའི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་སྟོང་གཅིག་དང་ཉིས་བརྒྱ་སོ་དགུ་ལ་བུད་པ་དང་། མི་ལྔ་བརྒྱ་དང་ལྔ་གར་སོང་མ་ཤེས།

ལོ་ཙཱ་བ། ཕྱུག་ལོ།