Saturday, January 25, 2014

ལྷུང་བཟེད་དང་། ཆོལ་ཟངས།


ཉེ་ཆར་བོད་ཀྱི་དུས་བབ་གསར་ཤོག་ཏུ། ཤཱཀྱ་ཐུབ་པའི་ལྷུང་བཟེད་རྙེད་པ། ཞེས་པའི་ཁ་བྱང་ཅན་གྱི་གསར་འགྱུར་ཞིག་མཐོང་། ག་ལེར་མར་བཀླག་སྐབས་རྒྱ་གར་གྱི་ཞིབ་འཇུག་པས་ཟླ་ངོ་དུ་མའི་རིང་དུ་བརྟག་དཔྱད་བྱས་ནས་སྟོན་པའི་ལྷུང་བཟེད་ཡིན་པར་ངོ་འཕྲོད་པ་དང་། དེ་ཡང་རྒྱ་ཡི་བཙུན་པ་སྔ་ཕྱིའི་ལམ་ཡིག་སོགས་ལ་ཁུངས་སུ་མཛད་པ་སོགས་ལ་བརྟེན་ནས་ངེས་ཤེས་བརྙེད་པ་སོགས་གསལ། མཉམ་དུ་འདྲ་པར་ཞིག་མཉམ་སྦྱར་བྱས་འདུག་ཅིང་། དེ་ལ་བལྟས་སྐབས་ཧ་ལས་སོང་། འདི་ནི་དབྱིབས་དང་ཆ་ཚད་གང་ལ་བལྟས་ཀྱང་། ཨུ་ཚུགས་ཇི་ལྟར་བྱས་ཀྱང་། ལྷུང་བཟེད་ཅིག་ཡིན་པའི་སྣང་བ་གཏན་ནས་བསྐྱེད་དུ་མ་བཏུབ། འདི་ནི་ཁ་ར་མེད་པའི་ཟངས་མཁར་ཞིག་མིག་ལམ་དུ་ཤར་འོང་བ་དེ་རེད། འདི་ནི་སྟོན་པའི་ལྷུང་བཟེད་ཡིན་པའི་དཔང་རྟགས་གང་ཡང་མེད་པ་མ་ཟད། དགེ་སློང་ཕ་ཡི་ལྷུང་བཟེད་ཆེ་འབྲིང་ཆུང་གསུམ་གང་ཡང་མ་ཡིན་པའི་སྟོན་པའི་ལྷུང་བཟེད་ཅིག་ཇི་ལྟར་ཡིན་ནམ་སྙམ་པའི་དོགས་པ་ཞིག་གིས་དྲངས་ནས་དེའི་སྐོར་ལ་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཅུང་ཙམ་ཁུངས་ལུང་བཙལ་འཚོལ་གྱིས་རང་གི་བསམ་ཚུལ་དེ་བརྗོད་འདོད་བྱུང་།

འོ་ན། འདི་ཅི་རེད་ཅེས་འདྲི་སྲིད་པས་དེ་ལ། འདི་ནི་ཆོལ་ཟངས་ཤིག་རེད་ཅེས་སྨྲོས་ཤིག འོ་ན་ཆོལ་ཟངས་ཟེར་བ་ཅི་རེད། ཅེས་ད་དུང་འདྲི་སྲིད་པས་དེ་ལ་མདོ་རྒྱུད་བསྟན་བཅོས་འདི་དག་ཁུངས་སུ་བཅོལ་ནས་གསལ་བཤད་ནན་པོ་ཞིག་དགོས་སོ། སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་བ་ལས། ཆོལ་ཟངས་ས་ལས་བྱས་པ་གཞག་པར་བྱའོ། །ཞབས་གླང་པོ་ཆེའི་རྨིག་མཐིལ་འདྲ་བ་སྙིང་པོ་ཅན་ནོ། །དབུས་ན་ཡོད་པ་ཀ་དམ་པའི་མེ་ཏོག་འདྲ་ལ་རྩུབ་པ་དང་ངོ་། །བཀྲུས་ནས་ཁས་བུབ་ཏུ་གཞག་གོ །དགེ་འདུན་གྱི་ནི་ཁང་ཐོག་ཏུའོ། །གང་ཟག་གི་ནི་གནས་ཁང་གི་སྒོ་གླེགས་ཀྱི་ཕག་ཏུའོ།
དེའི་འགྲེལ་བ་རྒྱ་ཆེར་འགྲེལ་ལས། བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་ཆོལ་ཟངས་ས་ལས་བྱས་པ་གཞག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཆོལ་ ཟངས་ཞེས་བྱ་བ་ནི་རྐང་ལག་བཀྲུ་བའི་སྣོད་དོ། །ཅི་ལས་བྱས་པ་ཞེ་ན། དེའི་ཕྱིར་ས་ལས་བྱས་པ་ཞེས་བྱ་བ་སྨྲས་ཏེ། གཞག་པར་བྱའོ་ཞེས་བྱ་བའི་ཐ་ཚིག གོ། །འདིར་གཞུང་ནི་གསེར་དང་དངུལ་དང་བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་ཆོལ་ཟངས་དག་བཞག་པར་མི་བྱའི་ས་ལས་བྱས་པ་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྒྱ་ཆེར་འགྲེལ་པ་བྱེད་ པ་ལ་ལ་འདི་སྐད་ཅེས་ས་ལས་བྱས་པ་ཞེས་གཉིས་པ་སྨོས་པ་ལས་ན། ཟངས་ལས་བྱས་པ་ལ་སོགས་པ་ ཡང་བཀག་པར་ཤེས་སོ་ཞེས་ཟེར་ཏེ། དེ་ལྟ་ཡིན་ན་ཤིང་ལ་སོགས་པ ཡང་བཀག་པར་ཐལ་བར་འགྱུར་རོ། །ས་ལས་བྱས་པ་ཞེས་གཉིས་པ སྨོས་པ་ལས་ནི་དེ་ལྟར་མི་འགྱུར་ཏེ། ས་ལས་བྱས་པ་ཁོ་ནའོ་ཞེས་དམིགས་ཀྱིས་བསལ་བ་དང་བཅས་པར་བྱས་པའི་རིགས་སོ། །གསེར་ལ་སོགས་པ་ནི་བཀག་པར་གྲུབ་པ་ཡིན་ནོ། །དེ་ལྟ་བས་ན་གཙོ་བོ་གསེར་ལ་སོགས་པ་བཀག་པའི་ཚིག་གིས་ནི་ཟངས་ལས་བྱས་པ་ལ་སོགས་པ་ནི་བྱ་བར་ཤེས་པ་ཡིན་ནོ། །དབྱིབས་ཇི་ལྟར་ཞེ་ན། དེའི་ཕྱིར། ཞབས་གླང་པོ་ཆེའི རྨིག་མཐིལ་འདྲ་བ་སྙིང་པོ་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། ཆོལ་ཟངས་གང་གི་ཞབས་གླ་པོ་ཆེའི་རྨིག་མཐིལ་འདྲ་བ་དེ་ནི། ཞབས་གླང་པོ ཆེའི་རྨིག་མཐིལ་འདྲ་བའོ། །དེ་ལྟར་བྱེད་དུ་གཞུག་གོ་ཞེས་བྱ་བར་སྦྱར་ཏེ། མི་ལྡེག་པར་གནས་པར་བྱ་བའི་ཕྱིར་རོ། །ཞབས་ཞེས་བྱ་བ་ནི་འོག་གི་མཐིལ་ལོ། །སྙིང་པོ་ཅན་ཞེས་བྱ་བ་ནི། ཆོལ་ཟངས་གང་ལ་སྙིང་པོ་ཡོད་པ་དེ་ནི་སྙིང པོ་ཅན་ཏེ། དབྱིབས་དེ་ལྟ་བུ་དང་ལྡན་པ་དེ་བྱེད་དུ་གཞུག་གོ་ཞེས བྱ་བར་སྦྱར་རོ། །སྙིང་པོ་ཅན་ཞེས་སྨྲས་ན། དེ་ཕྱོགས་གང་ན་ཡོད་པའི་སྙིང་པོ་དང་ལྡན་པ་མི་ཤེས་པས་དེའི་ཕྱིར། དབུས་ན་ཡོད་པ་ཀ་དམ་པའི་མེ་ཏོག་འདྲ་ལ་རྩུབ་པའོ། དང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་དབུས་ཀྱི་ཕྱོགས་ན་ཡོད པའི་སྙིང་པོ་དང་ལྡན་པར་བྱེད་དུ་གཞུག་གོ་ཞེས་བྱ་བའི་ཐ ཚིག་གོ། །རྣམ་པ་ཅི་འདྲ་ཞེ་ན། དེའི་ཕྱིར། ཀ་དམ་པའི་མེ་ཏོག་འདྲ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤིང་ཀ་དམ་པའི་མེ་ཏོག་ལྟར་དབྱིབས་ལྕོག་ལྕོག་པོར་འདུག་ལ། རྩུབ་པ་རུད་རུད་པ་དང་ལྡན་པའི་ཆོལ་ཟངས་བཅངས་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་གཞག་པར་བྱ་ཞེ་ན། དེའི་ཕྱིར་བཀྲུས་ནས་ཁ་བུབ་ཏུ་གཞག་གོ་ཞེས་བྱ་བ་སྨྲས་ཏེ། ཆོལ་ཟངས་ཁས་བུབ་ཏུ་གཞག་གོ། །ཇི་ལྟར་བྱས་ནས་ཤེ་ན། བཀྲུས་ནས་ཏེ་ཆུ་གཞན་གྱིས་བཀྲུའི་རྐང་པ་བཀྲུས་པའི་ཆུས་ནི་མ་ཡིན་ནོ། །འདིར་གཞུང་ནི་རྐང་པ་གཉིས་བཀྲུས་ནས་རྐང་པ་བཀྲུས་པའི་ཆུ་གཙུག་ལག་ཁང་གི་ཕྱི་རོལ་ལམ་ཝ་ཁར་འབོར་བཅུག་སྟེ། ཡང་འཁྲུར་བཅུག་ནསསོ་ཞེས་གསུངས་པ་ཡིན་ནོ། །གང་དུ་གཞག་པར་བྱ་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་ནི་ཁང་ཐོག དུའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་ཆོལ་ཟངས་ནི་ཁང་ཐོག་ཁང་བའི་སྟེང་དུ་གཞག་གོ། །གང་ཟག་གི་ནི་གནས་ཁང་དུ་སྒོ་ གླེགས་ཀྱི་ཕག་ཏུའོ་ཞེས་བྱ་བ་སྨྲས་ཏེ། གནས་ཁང་དེར་སྒོ གླེགས་ཀྱི་ཕག་ཏུའོ་ཞེས་བྱ་བ་ནི། གང་ཟག་གི་ཆོལ་ཟངས་ནི་སྒོ གླེགས་དང་རྩིག་པའི་བར་དེར་གཞག་པར་བྱའོ། །

ཆོལ་ཟངས་ཞེས་པ་ནི་ཆུ་སྣོད་དེ་ཆུ་ཟངས་ཟེར་ནའང་འགྲིག་ངེས། དེའི་གཙོ་བོ་ནི་དགེ་སློང་རྣམས་ཀྱིས་རྐང་པ་འཁྲུ་བའི་ཆེད་དུ་རྐང་ཁྲུས་ཀྱི་གཞི་བྱ་ལ་དེ་ན་ཆོལ་ཟངས་བཞག་སྟེ། དེའི་ནང་དུ་ཆུས་བཀང་ནས་ཆུ་དེ་ཡིས་རྐང་པ་འཁྲུས་དགོས་སོ། གོང་གི་རྒྱ་ཆེར་འགྲེལ་ལས། ཆོལ་ཟངས་ཞེས་བྱ་བ་ནི་རྐང་ལག་བཀྲུ་བའི་སྣོད་དོ། ། ཞེས་གསུངས་པ་ཡང་རྐང་པ་དེའི་ནང་དུ་སྣུབས་ནས་རྐང་པ་འཁྲུ་བ་མ་ཡིན་པར་དེའི་ནང་གི་ཆུ་བླངས་ནས་རྐང་པ་འཁྲུད་དགོས་པ་ཡིན་སྟེ། ལུང་ལས། དགེ་སློང་གར་བབ་བབ་ཏུ་རྐང་པ་འཁྲུ་བ་དེར་སྦྲང་བུས་གང་བ་ཁྱིམ་པ་དག་གིས་མཐོང་ནས། འཕགས་པ། སྦྲང་བུ་ཟི་ཟི་བས་གང་བའི་ཕྱོགས་འདི་ནི་ཅི་ཡིན། འདིར་རྐང་པ་བཀྲུས་སོ། དེ་དག་གིས་འཕྱ་སྟེ། དགེ་སྦྱོང་རྣམས་ནི་གཙང་སྒྲ་མེད་པ། གར་བབ་བབ་ཏུ་རྐང་པ་འཁྲུའོ། དེ་གསོལ་བ་དང་། གར་བབ་བབ་ཏུ་རྐང་པ་མི་འཁྲུ་ཡི་གཙུག་ལག་ཁང་གི་སྟེང་གི་ཤར་ལྷོའི་མཚམས་སུ་རྐང་ཁྲུས་ཀྱི་གཞི་བྱའོ། དེ་ཇི་ལྟ་བུ་བྱ་མ་ཤེས་ནས། རུས་སྦལ་ལྟ་བུར་བྱ་བའོ། རབ་ཏུ་འཇམ་པ་བྱེད་པ་དང་། རྩུབ་པར་བྱའོ། ཉམ་ཆུང་བ་དག་གིས་ཕྱོགས་དེར་འགྲོ་མ་ནུས་པ་དང་། དེ་དག་གིས་གྱོ་མོ་བཞག་གོ གྱོ་མོར་འཁྲུ་བ་ཆག་ནས་མ་རུང་པ་གྱུར་པ་དང་། ཆོལ་ཟངས་ཉེ་བར་བཞག་པར་བྱའོ། ཞེས་གསུངས་པ་ལྟར་དགེ་སློང་རྣམས་རྐང་པ་འཁྲུད་པའི་ཆེད་དུ་གཙུག་ལག་ཁང་གི་འགྲམ་དུ་རྐང་པ་འཁྲུད་ས་བཟོ་ནས་དེའི་འཁྲིས་སུ་རྐང་པའི་དྲེགས་པ་བརྡར་བྱེད་རུས་སྦལ་གྱི་རྒྱབ་ལྟ་བུ་སོ་ཕག་རྩུབ་མོའི་རིགས་དང་། རྩུབ་བདར་ཚར་རྗེས་འཇམ་པོ་བཟོ་བྱེད་དང་། དེ་ནས་གཙང་མ་བཟོ་བྱེད་ཀྱི་ཆུ་དགོས་པས་དེའི་ཆེད་དུ་ཆོལ་ཟངས་ཉེ་བར་བཞག་དགོས་པ་གསུངས་པ་ཡིན་ནོ། ད་དུང་ཆུ་ནི་འཐུང་རྒྱུ་དང་། འཁྲུད་སྤྱད་གཞན་ཡང་བེད་སྤྱོད་ངེས་ཡིན་དེ། གོང་དུ་རྒྱ་ཆེར་འགྲེལ་ལས་ཆུ་གཙང་མ་ཉར་དགོས་པ་གསུངས་པའི་ཤུགས་ཀྱིས་གོ་ནུས་སོ། འདི་ནི་རྒྱ་གར་ཚ་བ་ལུང་པ་ཆུ་རྫ་ཆེན་པོ་དེ་འདྲ་སྒོ་འགྲམ་དང་གྲིབ་བསིལ་དེ་འདྲ་བཞག་ནས་ཡོད་པ་ད་ལྟ་ཡང་མཐོང་རྒྱུ་ཡོད་པ་ཡིན་ཞིང་། བེད་སྤྱོད་ཡང་རྐང་པ་དང་། ཁ་ལག་འཁྲུད་སྤྱད་སོགས་ཅི་དགོས་བེད་སྤྱོད་བྱེད་བཞིན་ཡོད་པ་འདི་དག་གིས་གོ་བ་ཆེན་པོ་རེ་བརྙེད་རྒྱུ་ཡོད་པར་སེམས། 

མེ་ཏོག་ཀ་དམ་པའི་དཔེར་གསུངས་པ་ནི། འཇམ་རྩུབ་དང་དབྱིབས་གཟུགས་གཉིས་ཀྱི་སྒོ་ནས་མེ་ཏོག་ཀ་དམ་པ་དཔེ་རུ་མཛད་པ་གསལ་ཞིང་། ཕྱི་ངོས་སུ་ཅུང་ཙམ་རྩུབ་མོ་ཡོད་ན་འདྲེད་གདར་མི་ཤོར་བརྟན་པོ་ཡོང་བ་དང་། དབྱིབས་ཟླུམ་པོའི་ཁྱད་པར་ནི་ནང་གི་ཆུ་ཕྱི་རོལ་དུ་གང་བྱུང་དུ་མི་འབོར་བའི་གནད་ཀ་ཡིན་པར་སེམས། མདོར་ན་གོང་གི་མདོ་དང་བསྟན་བཅོས་དེ་དག་གིས་དགོངས་པ་བསྡུས་ན་ཆོལ་ཟངས་ནི་དགེ་སློང་ལ་ཉེ་བར་མཁོ་བའི་ཆུ་ཟངས་སམ་ཆུ་རྫ་ཆེན་པོ་ཞིག་ཡིན་པར་གསལ་ལོ། འོ་ན་ཆོལ་ཟངས་དང་ལྷུང་བཟེད་གཉིས་ཀྱི་འཁྲུལ་གཞི་དེ་གང་ཡིན་ཞེ་ན། འདི་ནི་ལྷུང་བཟེད་དང་། དེ་དང་འདྲ་བའི་རིགས་ཡོངས་ལ་དབྱིན་སྐད་དུ་(Bowl)ཞེས་སུ་བོས་པ་ལས་འཁྲུལ་སོང་བ་མིན་ནམ་སྙམ། (Bowl)ཞེས་པ་བོད་སྐད་དུ་ཕོར་པ་ཞེས་བྱ་བ་འགྱུར་བ་ཡིན་ཞིང་། ཞེ་ས་དང་ལྷན་དུ་ལྷུང་བཟེད་ལའང་སྦྱར་བཞིན་ཡོད་པ་རེད། སྤྱིར་ན་ལེགས་སྦྱར་རང་དུ་ལྷུང་བཟེད་ལ་(པཱཏྲཾ་)དང་། ཆོལ་ཟངས་(པྲཏིགྲཧ༔)ཞེས་འདི་གཉིས་ཀྱི་དངོས་མིང་སོ་སོ་ནས་ཡོད་འདུག་ཀྱང་། ནང་ཆོས་དང་འབྲེལ་བའི་སྲོལ་རྒྱུན་གྱི་ཅ་དངོས་འདི་དག་དབྱིན་སྐད་དུ་སོ་སོར་མེད་པས་ཕོར་པ་དབྱིབས་གཟུགས་མཚུངས་པའི་ལྷུང་བཟེད་དང་། ཆོལ་ཟངས་ཡོངས་ལ་(Bowl)ཞེས་སྦྱར་བཞག་པས་དེ་རིང་མགོ་རྙོག་གི་རྒྱུ་ཞིག་སོང་བ་མིན་ནམ་སེམས། རྒྱའི་བཙུན་པ་ཧྥ་ཤན་དང་། ཐང་ཟན་གཉིས་ཀྱི་ལམ་ཡིག་དུ་འདིའི་སྐོར་ཡིན་ནམ་སྙམ་པའི་གླང་ཆེན་གྱིས་མི་ཐེག་པའི་ལྷུང་བཟེད་ཀྱི་སྐད་ཆ་ཞིག་ཡོད་པ་རེད། དེ་དག་ཀྱང་ཐོག་མའི་རྒྱ་ནག་གི་སྐད་དུ་ལྷུང་བཟེད་དང་། ཆོལ་ཟངས་གཉིས་སོ་སོ་མེད་པར་དེ་གཉིས་ཀ་ལ་ལྷུང་བཟེད་དུ་བོས་ཡོད་སྲིད་པ་དང་། ཡང་ན། རྒྱ་སྐད་དུ་དེ་གཉིས་སོ་སོ་ནས་ཡོད་ཀྱང་། སྒྲ་སྒྱུར་གྱི་སྐབས་སུ་གཉིས་ཀ་ལྷུང་བཟེད་དུ་བསྒྱུར་བ་སོགས་ཡིན་སྲིད་པ་རེད། གང་ལྟར་ཐང་གི་བཙུན་པ་གཉིས་ཀྱིས་གཟིགས་པའི་ལྷུང་བཟེད་དེ་ཡང་ཆོལ་ཟངས་ཡིན་ངེས་སུ་སྙམ། རྒྱ་སྐད་ཀྱི་མ་ཡིག་རང་ལ་གཟིིགས་ཐུབ་ན་གནས་ཚུལ་གསལ་པོར་འབྱུང་ངེས།

འོ་ན། ད་ཐེངས་ཀྱི་རྒྱ་སྤྱི་གསར་ལམ་ཁག་ཏུ་རིག་དངོས་རྙིང་པ་འདི་ལྷུང་བཟེད་ཡིན་པར་ཞིབ་འཇུག་པ་རྣམས་ཀྱིས་ཐག་བཅད་ཟིན་པ་དོན་ལ་གནས་དགོས་ཤིང་། གལ་ཏེ་ཆུ་རྫ་དང་ཕོར་པ་གཉིས་ནོར་སོང་ན་ཧ་ཅང་གི་ཧེ་བག་ཆེན་པོ་མ་ཡིན་ནམ། དེ་གཉིས་ནོར་བ་མི་སྲིད་པས་འདི་ནི་ལྷུང་བཟེད་ཆེན་པོ་ཞིག་ཡིན་པར་བཞག་ནས་ཀླན་ཀ་ཆུང་བར་སེམས་མཁན་ཡོད་སྲིད་པས། དེ་ནི་ཁྱོད་ཀྱིས་ཅི་བདེར་མཛོད་ཅེས་གསོལ་ཞུ་འདོད་བྱུང་ཞིང་། འདི་ནི་གཞན་གྱིས་བཤད་ཚད་ལ་ལེགས་སོ་སྟེར་བ་མི་ནུས་པའི་གོམས་གཤིས་ཅན་གྱི་རྟོག་གེ་བ་ཞིག་གི་སེམས་ཀྱི་འགྱུར་འགྲོས་ཤིག་ཏུ་ངོས་འཛིན་གྱིས་གཡོལ་ཏེ་སོང་ན་འཐུས་པར་འགྱུར་རོ། 

Thursday, August 29, 2013

འབྲོང་གཡག་དར་མའི་རང་གཤིས་བརྗོད་པ།




ལས་དང་རྟེན་འབྲེལ་མེ་ཆུ་འཐབ་པའི་སྲིད་པའི་སྒོ་ང་འཐོར་བའི་ཁྲོད།།
ཉལ་ཉིལ་ལྗན་ལྗིན་ཐུར་དུ་ལུད་པའི་གླིང་ཆེན་ཕལ་དང་མི་མཉམ་པར།།
ལྷ་དང་ལྷ་མིན་ཕོ་བྲང་དཀྲུགས་པའི་སྒང་དྲུག་རི་བོའི་རྩེ་མོ་ན།།
སད་དང་སེར་བ་གདན་དུ་བཏིང་ནས་མགོ་བོ་ཉི་མའི་མཐོངས་སུ་སྙེགས།།

ཅིན་དང་ཇིང་གུར་ཧིན་དང་དབྱི་ལང་ཤར་ནུབ་འགྲོ་བའི་སེམས་ངོགས་སུ།།
དྲན་པ་ཙམ་གྱིས་སྒྱིད་པ་འདར་བའི་མཐོ་སྒང་དྲེགས་པའི་སྡེ་དཔོན་ཆེ།།
གནོད་སྦྱིན་ནག་པོའི་ཞགས་པས་མ་ཁུགས་གངས་དཀར་རི་བོའི་ངོགས་སུ་ཤོར།།
མིག་རྩ་དམར་མོའི་གློག་ཞགས་བསྐྱིལ་བཞིན་ལྷུན་སྟུགས་རྫ་རིའི་རྩེ་ན་འགྱིང་།།

འཕར་སྤྱང་གཏུམ་པོའི་མཐའ་ནས་བསྐོར་བའི་སྨག་གི་མཚན་མོ་རྭ་རྩེས་གཤགས།།
བུ་ཡུག་འཚུབ་མས་གནམ་ས་སྦྲེལ་དུས་ནང་གི་ཁྲག་རྩ་ཤེད་ཀྱིས་བརྡབས།།
སྣ་ཚོགས་དཀའ་སྡུག་མུན་པའི་འཇིག་རྟེན་ཞུམས་མེད་སྙིང་སྟོབས་ཐོང་གིས་བསུས།།
ཕ་མཐའ་མི་མངོན་ཡངས་པའི་རྩྭ་ཐང་ཁྱོད་ཀྱིས་རང་དབང་སྒེར་བདག་བྱས།།

སྒ་དང་སྣ་ཐག་གྲིབ་མས་མ་ཕོག་རྫ་ལུང་རོག་པོའི་ཁ་འཛིན་མཛད།།
ཚྭ་དང་ཉུངས་མའི་དོས་པོ་མ་ཁུར་སྤུ་རྩིད་རྔ་མས་ས་གཞི་མནན།།
ཆས་དང་ཁེབས་མའི་གཡོ་འོག་མ་ཚུད་རང་དབང་ཆེད་དུ་རྭ་རྩེ་བདར།།
རང་བྱུང་རྩྭ་ཐང་རང་དབང་བསྒྱུར་བ་ཁྱོད་ཀྱིས་གདམས་པའི་ལས་དབང་རེད།།

རྡོ་རྗེའི་རྭ་དང་རྨིག་པ་དག་ལས་དགྲ་ལྷ་ཝེར་མའི་མེ་སྟག་འཕྲོ།།
ཟེ་དང་རྔ་མའི་ཉག་མ་དག་ལས་ཕྱྭ་གཡང་མར་ཁུའི་ཆར་པ་འབེབས།།
ཆར་སྤྲིན་ནག་པོ་ལྷོ་རུ་བསྐྱོད་བཞིན་རྫ་ལུང་སྨུག་པོ་དལ་གྱིས་འགྲིམས།།
ཉམས་ཆུང་གཞན་ལ་འཚེ་བ་མེད་པར་རྩི་ཐོག་སྣུམ་པོའི་མགྲོན་དུ་ཕེབས།།

གངས་རི་དཀར་མོའི་ཁོངས་སུ་འཁྲུངས་པས་གངས་ཀྱི་སེམས་ཞིག་ཁྱོད་ལ་མངའ།།
གངས་ཆབ་སིལ་མ་སྐོམ་དུ་བྱས་པས་དྭངས་གཙང་ཁྲག་ཞིག་ཁྱོད་ལ་རྒྱུ།།
གངས་རིས་བསྐོར་བའི་གནམ་མཐའ་བསྲུངས་པས་ཡངས་པའི་བློ་ཞིག་ཁྱོད་ལ་མངའ།།
གངས་ཅན་པ་ཡི་བླ་འབྲོང་སྨུག་པོ་གངས་ལྗོངས་མཛེས་པའི་རྒྱན་དུ་ཆེ།།





Monday, July 1, 2013

ལྕུམ་རིགས་གསུམ་གྱི་ངོ་སྤྲོད།

རྣམ་དཔྱོད་ལྡན་པའི་དྲ་གྲོགས་སྐོར་ཞིག་གིས་ལྕུམ་རིགས་གསུམ་གྱི་སྐོར་ལ་རྩོད་སྒྲུབ་གནང་བར་ལེགས། ང་རང་རྩྭ་སྨན་ལ་རྒྱུས་ཕྲན་བུ་ཡོད་པ་དེ་དང་། སྨན་གཞུང་ཁུངས་མ་རྣམས་ནས་གསུངས་པ་རྣམས་བསྡོམ་ནས་ལྕུམ་རིགས་གསུམ་གྱི་ངོ་སྤྲོད་ཕྲན་བུ་བྱས་ན་དུས་ལ་བབ་འདུག་བསམ།




ལྕུམ་རིགས་དང་པོ། ལྕུམ། འདི་ལ་ལྕུམ་ནག་དང་ལྕུམ་དཀར་གཉིས་ཡོད། ལྕུམ་ནག་གི་རིགས་འདི་རོང་ས་རི་བྲག་གི་གསེབ་སོགས་ས་མཐོ་སར་སྐྱེ་བའི་རིགས་དང་། སྡོང་པོ་(ཡུལ་སྐད་དུ་ཁོག་ཕུད་ཟེར)ཡོད་པ་དེ་ཡིན། འཁྲུངས་དཔེར། ལྕུམ་ནི་རྫ་བྲག་དག་ལས་སྐྱེ།། ཆེ་འབྲིང་ཆུང་གསུམ་ཡོད་པ་ཡིན།། ལོ་མས་ས་གཞི་མནན་པ་འདྲ།། སྡོང་པོ་ཁོག་སྟོང་དམར་སྨུག་རིང་།། མེ་ཏོག་དམར་པོ་སྤུངས་པར་སྐྱེ།། འབྲས་བུ་ཟུར་གསུམ་རབ་ཏུ་མང་།། རོ་ནི་སྐར་རྩུབ་བད་ཀན་སེལ།། ཞེས་གསལ་བ་འདི་ནི་ལྕུམ་རིགས་གསུམ་ལས་ལྕུམ་ཆེན་གྱི་འཁྲུངས་དཔེ་དང་དེ་ལས་ཀྱང་ཕོ་ལྕུམ་མམ་ཡང་ན། ལྕུམ་ནག་གི་སྐྱེ་སྟངས་དང་འཁྲུངས་དཔེ་དེ་གསལ་བ་ཡིན། འདི་ནི་ང་ཚོ་གཞོན་ནུའི་དུས་སུ་ཡང་ཡང་ཟོས་ཤིང་ཡང་ཡང་སྤྱད་པའི་བོད་ཀྱི་སྔོ་ལྡུམ་དམིགས་བསལ་བ་དེ་རེད། འདིའི་ལོ་མ་ཆེ་བ་དང་། སྲ་བ་སོགས་ཀྱིས་འཕྲལ་སེལ་དུ་བེད་སྤྱོད་མང་ཙམ་ཡོད་པ་སོགས་མང་མང་ལ་ངོ་སྤྲོད་མི་དགོས་པ་རེད། ལྕུམ་ཆེན་འདིའི་རིགས་ལའང་ནང་གསེས་ཀྱི་གཉིས་སྟེ། ལྕུམ་དཀར་ལྕུམ་ནག་དང་། ཕོ་ལྕུམ་དང་མོ་ལྕུམ། ར་ལྕུམ་དང་ལུག་ལྕུམ་སོགས་མིང་གདགས་སྟངས་ཀྱང་མི་འདྲ་བ་ཡིན། གོང་དུ་བཤད་པ་དེ་ནི་ཕོ་ལྕུམ་དང་། ར་ལྕུམ། ལྕུམ་ནག་ཟེར་བ་དེ་རེད།
 


མོ་ལྕུམ་དང་། ར་ལྕུམ་དཀར་མོ་འདི་ནི་སྤྱིར་ལོ་མས་ས་གཞི་མནན་པ་སོགས་ལྕུམ་ཆེན་གྱི་སྐྱེ་སྟངས་མཚུངས་ནའང་སྐྱེ་ས་ཅུང་མི་འདྲ་བ་འདི་ནི་ས་ཁོད་དམའ་ས་དང་། ནོར་ལྷས་སོགས་ཀྱི་འདབས་སུ་མཐོང་རྒྱུ་ཡོད་པ་མ་ཟད། འབྱེད་ཆོས་གཙོ་བོ་དེ་ནི་འདིའི་རིགས་ལ་ནམ་ཡང་སྡོང་པོ་(ཁོག་ཕུད།) མི་འབྱུང་བ་དེ་རེད། ད་དུང་འདབ་མ་དཀར་ཤས་དང་། ངར་བ་གཉོམ་པ་སོགས་ཀྱིས་འབྱེད་ཀྱང་རུང་བ་ཡིན། སྨན་དུ་གཏོང་རྒྱུ་ནི། ལྕུམ་རིགས་འདི་དག་གི་རྩ་བ་དེ་ཡིན་པ་རེད། དེ་ནི་སྟོན་ཁའི་དུས་སུ་འབྱུང་བ་དང་སྐྱེ་ཁམས་ཀྱི་ནུས་པ་རྣམས་ཐུར་དུ་བསྡུ་བའི་སྐབས་སུ་རྩ་བ་བཀོག་ནས་སྐེམས་པོ་བཟོ་ནས་སྨན་དུ་བཀོལ་བ་ཡིན། ཕན་ཡོན་ནི། ལྕུམ་རྩས་དུག་ཚད་སྣོད་ཚད་བད་ཀན་སྦྱོང་།། ཞེས་སོ།

 

ལྕུམ་རིགས་གཉིས་པ། ལ་ཆུ། རྫ་ལ་ཆུ། ཨ་ཆུ་ལ་ཆུ། ཆུ་རྩ། ལྕུམ་དམར་སོགས་སུ་འབོད་པ་ཡིན། རྒྱུན་དུ་ང་ཚོས་ལོངས་སྤྱོད་མྱོང་བའི་རྩ་ལྡུམ་འདི་ནི་རྫ་མགོ་དང་བྲག་བར་སོགས་སུ་སྐྱེས་ཤིང་། ལོ་མ་སྐྱེས་སྟངས་སོགས་ལྕུམ་ཆེན་དང་འདྲ་ནའང་། ལོ་མའི་དབྱིབས་གཟུགས་སོགས་ཅུང་ཙམ་མི་འདྲ་ཞིང་། ལྕུམ་ཆེན་གྱི་ལོ་མ་རྣམས་མཚོན་ཆའི་འཁོར་ལོ་ལྟ་བུ་རྣོ་ངར་ཅན་དུ་ཡོད་ནའང་། འདིའི་ལོ་རྣམས་དེ་ཙམ་ལོ་མའི་མཐའ་རྣམས་རྣོ་དབལ་དེ་ཙམ་མེད་པར་ཟླུམ་གཟུགས་སུ་ཡོད་པ་ཡིན། རྐང་པ་རྣམས་ཤིན་ཏུ་དམར་ཞིང་འདི་ལའང་སྡོང་པོ་དམར་སྐྱ་སྐྱེ་བ་ཡིན། འཁྲུངས་དཔེར། ཆུ་རྩ་ལོ་མ་སྒོར་ཆེན་རྩུབ།། ས་གཞི་མནན་ལ་རྐང་པ་དམར།། སྡོང་པོ་ལོ་མ་མེ་ཏོག་སོགས།། ཆེ་ཆུང་མ་གཏོགས་ལྕུམ་བཞིན་སྐྱེ།། ཞེས་སོ། འདི་ལའང་འཇམ་རྩུབ་གཉིས་ཡོད་ཅིང་། རྫ་མགོ་དང་བྲག་བར་སོགས་སུ་སྐྱེས་པ་གཅིག་དང་། ཆུ་གཞུང་གྲམ་ཐང་། ལམ་ཟུར་སོགས་སུ་སྐྱེས་པའི་རིགས་གཉིས་ཡོད།

 


ལ་ཆུ་གཉིས་པ་རྙོང་མ་ལ་ཆུ་ནི། སྐྱེ་སྟངས་སོགས་རྫ་ལ་ཆུ་སོགས་འདྲ་ནའང་འདི་ནི་ཅུང་ཙམ་ཆུང་བ་ཡིན། འདི་ལ་སྡོང་པོ་རིགས་མེད་པ་ཕལ་ཆེར་མེད་པའི་ཚོད་དུ་ཡོད། ཕྱི་མ་འདི་རྙོང་མ་ལ་ཆུ་ཞེས་འབོད་པ་ཡིན། དེ་ལྟར་ཐོགས་དོན་ཡང་འདི་ཉིད་མང་དུ་ཟོས་ན་རྙོང་ཡོང་བས་རེད། སྤྱིར་ན་ལྕུམ་རིགས་གང་ཡིན་ཡང་ཐུར་དུ་འདེད་པའི་ནུས་པ་ཅན་ཤ་སྟག་ཡིན་པས་ཀུན་གྱིས་སྦྱོང་བ་བྱེད་ནའང་འདི་ནི་སྦྱོང་བའི་ནུས་པ་མྱུར་དུ་སྨིན་པའི་རིགས་ཤིག་རེད། དེས་ན་ཡུལ་མི་རྣམས་ཀྱིས་དེ་ཙམ་ཟ་གི་མ་རེད་ལ་ཟོས་ཀྱང་དེ་ཙམ་ཞིམ་པོ་མེད་པ་རེད། ཕན་ཡོན། ཆུ་རྩས་གཉན་སྦྱོང་རྨ་ཡི་སྐོམ་རྩི་བྱེད།། ཅེས་སོ།
 
ལྕུམ་རིགས་གསུམ་པ། ཆུ་མ་རྩི། མཁའ་འགྲོའི་ལ་ཕུག་སོགས་སུ་འབོད། འདི་ལའང་རིགས་གཉིས་ཡོད། རིགས་འདི་གཉིས་ཧ་ཅང་གི་དབྱེ་བག་ཆེ་བ་ཡིན། དང་པོ་མཁའ་འགྲོ་ལ་ཕུག་ཏུ་གྲགས་པའི་ཆུ་མ་རྩི་ནི། འཁྲུངས་དཔེར། ཆུ་མ་རྩི་ཞེས་བྱ་བ་ནི། ལྕུམ་རིགས་གསུམ་གྱི་ཆུང་བར་གཏོགས།། སྟོད་སྨད་སྐྱེ་གནས་རྒོད་གཡུང་མང་།། འོན་ཀྱང་སྐྱེ་སྟབས་གཅིག་ལས་མེད།། སྡོང་པོ་ཕྲ་ལ་རོ་ཡང་སྐྱུར།། མེ་ཏོག་བྱ་དཀར་གདང་ཞུགས་འདྲ།། རྩ་བ་ཟངས་ཁབ་གཤིབས་པ་འདྲ།། ཞེས་གསུངས་ཡོད། འདི་ནི་གངས་ཆགས་དང་གཡའ་རིའི་འདབས་རོལ་དུ་མ་གཏོགས་དེ་ཙམ་མི་འབྱུང་ཞིང་། སྡོང་བུའམ་མེ་ཏོག་དཀར་སེར་ཤིན་ཏུ་མིག་ལ་མཛེས་པ་ཞིག་འབྱུང་བ་ཡིན། འདི་ཉིད་ཡོང་ཁུངས་གཙོ་བོ་བོད་ཀྱི་མངའ་རིས་སྐོར་གསུམ་གྱིས་མཚོན་པའི་བོད་ཀྱི་སྟོད་ཕྱོགས་མཁའ་དབུགས་དང་ས་གཤིས་རྩུབ་ཅིང་། རྩི་ཤིང་རིགས་སྐྱེ་དཀོན་སའི་གངས་དང་གཡའ་མཚམས་དག་ལས་འབྱུང་བ་དེང་དུས་བལ་ཡུལ་གྱི་ས་ཁོངས་སོགས་སུ་ཡོད་པ་ཡིན།  འགའ་ཞིག་འདི་ཉིད་བྱ་རྒོད་སུག་པ་འཁྲུལ་མཁན་འབྱུང་བཞིན་ཡོད་པ་རེད། འདི་ནི་རྫ་རི་དང་སྲིད་པའི་གངས་ཆག་གི་ཐོད་དུ་སྐྱེས་པའི་ཆུ་མ་རྩི་རེད། འདི་དང་ཅུང་ཙམ་སྐྱེ་ཚུལ་མཚུངས་པར་སྤང་ཐང་དང་། ན་ཁུགས་སོགས་སུ་ཡོད་ཀྱང་ཆེ་ཆུང་དང་། ཁ་དོག་སོགས་ཀྱི་ཆ་ནས་ཧ་ཅང་ཧེ་བག་ཆེ། ཡུལ་མིས་མིང་ལ་མྱི་རྒན་བྲང་ཀོ་ཟེར་ཞིང་སྨན་དུ་གཏོང་འོས་མིན་བཤད་པའི་གཞུང་ལུགས་མ་མཐོང་།

 

ཆུ་མ་རྩི། ཨ་སྐྱུར་འགྲམ་སྐྱུར། འགྲམ་སྐྱུར་སོགས་སུ་འབོད། ཆུ་མ་རྩི་ཞེས་བྱ་བ་ནི།། སྐྱེ་གནས་འདམ་དང་ཞིང་གསེབ་སྐྱེ།། ལོ་མ་སྔོན་པོ་རལ་གྲི་འདྲ།། སྡོང་པོ་རྩ་རིས་དམར་པོ་ཡོད།། སྙེ་མ་ཟོར་བ་དག་པ་འདྲ།། ཞེས་ཟེར་ཞིང་། འདི་ནི་འདམ་ཁུགས་དང་ཆུ་རྒྱུད་སོགས་ལ་རྒྱུན་དུ་མཐོང་རྒྱུ་ཡོད་པ་ཡིན། འདི་ལ་སྡོང་པོ་(ཁོག་ཕུད)ཆུང་ཆུང་སྐྱེས་ཡོད་ལ་ལོ་མ་སྒོར་དབྱིབས་རྩེ་མོ་རལ་གྲི་འདྲ་བ་ཡོད། འབྲོག་ཕྱོགས་ཀྱི་བྱིས་པ་རྣམས་ཀྱིས་ལུག་རྫིའི་ཞོར་དུ་བཤད་མ་ཐག་པའི་ལྕུམ་རིགས་གསུམ་པོ་རྒྱུན་དུ་རོལ་མྱོང་བྱེད། ཕན་ཡོན། ཆུ་མ་རྩི་ཡིས་ཆུ་སེར་རྨུ་ཆུ་སྦྱོང་།། ཞེས་གསུངས།
སྤྱིར་ན་ལྡུམ་བུའི་རིགས་འདི་དག་ས་ཁད་མཐོ་དམན་དང་། བྱང་རོང་གི་ཁྱད་པར་སོགས་ཀྱི་དབང་གིས་ངོ་བོ་སྨན་རྫས་དེ་དང་དེ་ཉིད་ཡིན་ནའང་། རྣམ་པ་སྐྱེས་སྟོབས་ཆེ་ཆུང་མི་འདྲ་བ་དབང་གིས་སྐབས་སྐབས་སུ་ངོས་ཟིན་དཀའ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་མ་ཟད་རོ་ནུས་ཞུ་རྗེས་སོགས་ལའང་དེ་མཚུངས་གི་འགྱུར་བ་འགྲོ་བཞིན་ཡོད་པ་རེད། སྨན་ལྡུམ་གཅིག་རང་ཡིན་ནའང་ལུང་པ་ཉིན་སྲིབ་ཁ་སྐོར་སྟངས་དབང་གིས་ཕན་ནུས་མི་འདྲ་བར་རྒྱུད་ནས་ཡང་ཡང་གསུངས་ཡོད་པ་རེད། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སུ་ཇི་ལྟར་ངོས་འཛིན་བྱེད་ཚུལ་ཙམ་ལས་དེང་སང་རྒྱལ་སྤྱིའི་ངོས་འཛིན་ལྟར་ན་འདི་དག་རིགས་མི་འདྲ་ཆེས་མང་པོ་ཞིག་དབྱེ་བཞིན་ཡོད་པ་རེད། འོན་ཀྱང་བསྡུ་ན་འདི་གསུམ་གྱི་ཁོངས་སུ་མ་འདུས་པ་ཞིག་མེད་ངེས་སུ་སྙམ།  ལྕུམ་རིགས་གསུམ་པོ་འདི་དག་ལ་སྨན་གཞུང་ཁོ་ནར་སྤྱོད་པའི་མིང་གི་རྣམ་གྲངས་རྣམས་དང་། བྱེད་ལས། རོ་ནུས། ངོ་བོ། ཞུ་རྗེས། ལག་ལེན་དུ་བཀོལ་སྟངས་སོགས་རྒྱས་པར་བསྙད་དུ་ཡོད་ཀྱང་། དེ་རིང་ལྕུམ་རིགས་འདི་དག་ནང་ཕན་ཚུན་འཛིང་པའི་འཆིང་བ་ལས་ཐར་ཐབས་བྱེད་རྒྱུ་ནི་རྩོམ་དུམ་འདིའི་ཉིང་དགོས་ཡིན་པས་དེ་རིང་ངའི་རེས་གཟའ་ཉི་མའི་གུང་གསེང་དང་ལྷན་དུ་མཇུག་འདི་ནས་བསྡུ་རྒྱུ་ཡིན།
འཁྲུངས་དཔེའི་ཚིག་རིས་རྣམས་དེའུ་དམར་དགེ་བཤེས་ཀྱི་ཤེལ་ཕྲེང་ལས་བཤུས་པ་ཡིན།
ཞུ་དག་མ་སོང་བས་ཡིག་ནོར་ཅི་མཆིས་བཟོད་པར་གསོལ།
འདྲ་པར་རྣམས་དྲ་ངོས་གང་ཞིག་ནས་རྐུ་ཁྱེར་བྱས་ཡོང་བ་ཤ་སྟག་ཡིན་པས་དགོངས་སེལ་ཞུ། ད་དུང་བོད་ཡུལ་རང་དུ་སྐྱེས་པའི་ལྡུམ་བུ་འདི་རིགས་ཀྱི་འདྲ་པར་དངོས་མ་རྣམས་འབྱོར་ཚེ་འཁྲུངས་དཔེ་དང་མཐུན་ཚབས་ཆེ་ངེས་ཡིན། འོན་ཀྱང་་་་།

Monday, January 28, 2013

སེམས་ཁོང་གི་ཟླ་བ་དཀར་པོ། པཎ་ཆེན་ལགས། རིན་པོ་ཆེ།་







མུ་གེ་བྱུང་དུས་རྩམ་པ་དྲན།། 
མྱ་ངམ་ཐང་ནས་ཆུ་བོ་དྲན།། 
སྔུག་བསྔལ་མྱོང་དུས་མགོན་སྐྱབས་དྲན།། 
ངས་ནི་དེ་རིང་ཁྱོད་ཉིད་དྲན།། 


ཉི་ཟླ་མེད་པའི་མཐོ་སྒང་འདིར།། 
གནམ་ཕུགས་སྔར་ལས་གནག་གིན་འདུག།
སྦྲ་ནག་ཆོན་ཐག་ཤོར་ལ་ཉེ།། 
ངས་ནི་དེ་རིང་ཁྱོད་ཉིད་དྲན།། 

རི་ལྟར་བརྗིད་པའི་སྐུ་གཟུགས་དང་།། 
མེ་ལྟར་དམར་བའི་མིག་རྩ་དང་།། 
གངས་ལྟར་དཀར་པའི་ལྷག་བསམ་ཅན།། 
ངས་ནི་དེ་རིང་ཁྱོད་ཉིད་དྲན།། 

ཕར་ལ་འཁོར་དུས་གཤིན་རྗེའི་གཟུགས།། 
ཚུར་ལ་འཁོར་དུས་ཕ་མའི་འཛུམ།། 
ཞི་རྒྱས་དབང་གི་འཁོར་ལོ་ཅན།། 
ངས་ནི་དེ་རིང་ཁྱོད་ཉིད་དྲན།། 

ཁྱོད་ནི་དཔའ་བོ་ཁེར་འགྲོས་རེད།། 
ཁྱོད་ནི་རྒོད་པོ་ཁེར་རྒྱུགས་རེད།། 
གཡུལ་དུ་ཤི་ཡང་ར་མདའ་མེད།། 
ངས་ནི་དེ་རིང་ཁྱོད་ཉིད་དྲན།། 

ཨར་ལ་གཏད་དུས་ཁྱོད་ཉིད་དྲན།། 
འོན་ཀྱང་དེ་ནི་སྤྲང་རྟགས་ཙམ།། 
ཁྱོད་ཉིད་གཤེགས་པའི་ཉི་མ་འདིར།། 
མིག་ཆུ་ཞིག་གིས་དགོངས་རྫོགས་ཞུ།། 

ཐམས་ཅད་ཤོར་བའི་མཐོ་སྒང་འདིར།། 
ཡོད་ཚད་འཐོར་བའི་མཐོ་སྒང་འདིར།། 
དེ་རིང་ཕྱི་མིག་མ་གཟིགས་རོགས།། 
ཞི་བར་མནོལ་དང་བདེ་བ་ཆེ།། །།

Wednesday, October 31, 2012

འཚམས་འཕྲིན་ངག་གི་ངང་མོ།



ངག་གི་རང་གཟུགས་དབྱངས་ཅན་ལུས་ཕྲ་མ།།  
སྐྱེངས་དང་ཞུམ་པའི་ཟོལ་ལ་མ་བརྟེན་པར།།  
རིང་ནས་དུངས་པའི་རྒྱལ་ཁམས་རིག་པ་བའི།། 
སྙན་པའི་འདེགས་འཇོག་མགྲོན་ལ་བྱོན་པར་མཛོད།། 

འཁོར་འདས་མི་རྟག་གློག་གི་དོ་ར་ན།། 
མཛའ་བཤེས་འབྲེལ་ཐག་ཆུ་ཡི་ལྦུ་བ་བཞིན།། 
སྐད་ཅིག་ཡལ་བའི་དུས་ཀྱི་ཁུགས་སོ་ན།། 
མི་འགྱུར་གསེར་གྱི་ཕ་བོང་ཁྱོད་ཉིད་དྲུང༌།། 

ལྟེ་ཁྲག་དྭངས་མ་བྱོ་བའི་འདབས་དེ་ནས།། 
ཁོ་བོས་གོམ་ཁ་གཞན་དུ་བསྒྱུར་རྗེས་སུ།། 
ཁྭ་དང་འུག་པ་འགའ་ཡིས་གཡུལ་གཤམས་ཏེ།། 
ཉམས་ཆུང་འདབ་ཆགས་བདེ་བའི་སྐབས་མེད་སྐད།། 

དེ་ལྟར་ན་ཡང་མཁྱེན་རབ་རྩལ་རྫོགས་པའི།། 
སྒོ་ངའི་སྦུབས་ཀྱི་མཁའ་ལྡིང་ཕྲུ་གུ་ཁྱེད།། 
སྡེར་ཆགས་རྒྱལ་པོས་སྟེགས་པའི་ཆོས་ཀྱི་ཁྲིར།། 
སྟལ་གྱིས་འཁོད་པའི་རྟེན་འབྲེལ་དེ་རིང་ཞུ།། 

བཙན་པོས་རལ་གྲི་སོ་ཡིས་བསྡུས་པའི་ཆེན་པོའི་རྒྱལ་ཁམས་རླུང་གིས་ཁུར།། 
ལོ་པཎ་རིན་ཆེན་སྲོག་གིས་བླུས་པའི་ཐུབ་པའི་བསྟན་པ་ནང་ནས་རུལ།། 
སློབ་དཔོན་མཆོག་གིས་ལེགས་པར་བཅོས་པའི་ཀ་མད་སུམ་ཅུའི་དུང་ཕྲེང་འཐོར།། 
མདོར་ན་རང་ཅག་ལས་དབང་ཐམས་ཅད་ཐུར་དུ་འབབ་པའི་ཡུར་ཆུ་བཞིན།།

 དེས་ན་བློ་གྲོས་ནམ་མཁའི་མཐོངས་མཉམ་ཞིང༌།། 
རང་གི་རིགས་ལ་སེམས་ཁམས་དྭངས་མ་ཁྱོད།། 
སྨག་གི་གླིང་དུ་སྒྲོན་མེ་སྦར་དགོས་ཀྱི།། 
གཞན་དུ་ཤེས་རིག་སྒྲོན་མེ་ཨ་དགོས་ཆུང༌།། 

ལྷག་པར་རག་ཤུལ་གཡང་གི་ར་བ་ན།། 
ཐན་གྱིས་བཅོམ་པའི་ན་གཞོན་རྐང་འཐུང་འབུམ།། 
རིག་གཞུང་བདུད་རྩི་མངར་མོ་ལྷ་ཡི་ཆར།། 
ད་ལྟ་འབེབ་པར་སྙིང་གི་དཀྱིལ་ནས་རེམ།། 

གློ་སྙིང་བྲང་གསུམ་གྱེན་དུ་གཏོད་པའི་རག་ཤུལ་སུང་ཅང་ནག་རིལ་ང༌།། 
རང་གི་སྒོ་གསུམ་ལེགས་ཚོགས་ཅི་མཆིས་འབྱུང་འགྱུར་ཆོས་སྡེ་འདི་ཉིད་ཀྱི།། 
བཤད་སྒྲུབ་རླབས་ཕྲེང་གསོས་སུ་འགྱུར་བའི་རྨི་ལམ་དག་པའི་ཞིང་ཁམས་ན།། 
ཡོད་ཚད་བདེན་པའི་ལྷ་རུ་སྒོམ་ཏེ་ད་ཀོ་འདི་ན་བདེ་བར་བདོག །

དེ་སྐད་འཚམས་འཕྲིན་ངང་མོ་དཀར།། 
ཤེས་རིག་རྦ་རླབས་ཆེར་འཁྲུགས་པའི།། 
འབྲས་སྤུངས་ཆོས་ཀྱི་རྒྱ་མཚོ་ནས།། 
གངས་ཅན་རི་ཡི་ངོགས་སུ་འཕུར།།   །།
 ༢༠༠༧།༩ ༡༨ ཉིན།། 

Monday, October 29, 2012

རྒྱལ་སྤྱིའི་བོད་སྨན་བགྲོ་གླེང་། ཉིན་གསུམ་པ།


དེ་རིང་ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ནས་ལངས་ཏེ་ཁྲུས་དང་གཙང་སྦྲ་བྱས། གོས་གསར་པ་གྱོན། ཁ་དར་དང་མཎྜལ་རྟེན་དོད་གྲ་སྒྲིག་བྱས་ནས་དྲུག་དང་ཕྱེད་ཀའི་ཐོག་ཏུ་ཕོ་བྲང་གི་རྒྱལ་སྒོ་རུ་འཛོམས། དེ་ནས་ལུས་གཤེར་དང་ལྟ་རྟོགས་བྱས་རྗེས་ནང་དུ་འཛུལ་ནས། ཆུ་ཚོད་བདུན་པ་ལྷག་ཙམ་བྱིན་འདུག ཚང་མ་གདན་ལ་འཁོད་ཅིང་། གྲྭ་པ་རྣམས་སྔོན་གྲལ་གྱི་ཕྱོགས་སུ་རེད། དེ་ནས་༸རྒྱལ་བ་རིན་པོ་ཆེ་ཞལ་འཛུམ་མདངས་དང་དགྱེས་ཚོར་ཆེན་པོས་ཞིབ་གཟིགས་མཛད། གོ་སྒྲིག་ཚོགས་པས་ལས་བསྡོམ་གྱི་ཚོད་ལྟ་བུའི་སྙན་ཞུ་ཞིག་ཕུལ་བར་གཟིགས་རྗེས། སྨན་པའི་འདུ་འཛོམས་ཆེ་ཤོས་སུ་གྱུར་པ་་་་་་་་་་་་་་་སོགས་ཀྱི་ཐད་དུས་རབས་གསར་པའི་ནང་དུ་བོད་ཀྱི་སྨན་པའི་འདུ་འཛོམས་ཆེ་ཆོས་སུ་བྱས་ཏེ་བྲིས་ན་དོན་ལ་གནས། འདི་སུས་བྲིས་པ་སོགས་དྲི་བ་གནང་།  དེ་ནས་རྒྱལ་ཁབ་ག་ཚོད་ཀྱི་སྨན་པ་སོགས་འདུག་མིན་གཟིགས་ཤིང་། ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་འབྲུག་དང་། ལ་དྭགས་སོགས་ཀྱི་སྨན་པ་ལ་འཚམས་འདྲི་གནང་། དེ་རྗེས་རྒྱ་གར་དང་། རྒྱ་ནག་པེ་ཅིན་ནས་ཐོན་པའི་སྨན་པ་ལ་དམིགས་བསལ་འཚམས་འདྲི་ཡོད་གསུངས། དེ་ནས་དངུལ་ཆུའི་སྐོར་ལ་བཀའ་འདྲི་གནང་བར་རྒྱ་གར་ལྷོ་ཕྱོགས་ནས་ཡིན་ཞིང་དྷེ་ར་དྷུན་དུ་ཚེའི་རིག་བྱེད་ཀྱི་སྨན་པས་དངུལ་ཆུའི་འདུལ་སྦྱོང་སྐོར་གྱི་བཀའ་ལན་ཕུལ། དེ་ནས་སོག་པོའི་སྨན་པར་འཚམས་འདྲི་མཛད། དེ་ནས་བཀའ་སློབ་ཕེབས་དོན། བོད་ཀྱི་གསོ་བ་རིག་པ་འདི་གནའ་བོའི་ཞང་ཞུང་གི་གསོ་རིག་ལ་རྒྱ་དཀར་ནག ཏག་ཟིག་སོགས་མཐའ་ཡི་རྒྱལ་ཕྲན་རྣམས་ཀྱི་སྨན་གྱི་ལེགས་ཆ་བླངས་ནས་གདོད་ཕུན་སུམ་ཚོགས་པའི་བོད་ཀྱི་གསོ་བ་རིག་པ་འདི་ཉིད་བྱུང་བར་གསུངས།
དེ་ནས་དུས་ཟིང་གི་རྗེས་སུ་སྨན་པ་ཡེ་ཤེས་དོན་ལྡན་དང་། སྨན་པ་འཇམ་དབྱངས་བཀྲ་ཤིས་སོགས་ཀྱི་དཀའ་ལས་རྒྱབ་ནས་སྨན་རྩིས་རིག་གནས་འདི་ཉིད་རྒྱ་གར་དུ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཐུབ་པར་གསུངས། འོན་ཀྱང་ད་ལྟ་སྔ་མ་ལྟར་སྨན་ཉུང་ངུ་ཞིག་བསྡུས་སྦྱོར་བྱས་ན་འགྲིག་གིན་མེད་ཅིང་། སྨན་གྱི་ཁོར་ཡུག་ཆེ་བའི་དབང་གིས་རྒྱ་སྐྱེད་གང་འཚམས་བྱས་ཡོད་ཀྱང་། ད་ཐེངས་བོངས་ཆེན་པོ་གཟོ་དགོས་པས་འདིའི་ཐོག་ཏུ་བསམ་གཞིག་དགོས།
ཡང་རྩྭ་སྨན་གྱི་རིགས་རྣམས་ཀྱང་གཅིག་གིས་གསུངས་བཞག་པ་ཙམ་མ་ཡིན་པར་དོན་ལ་རྒྱུད་དང་མཐུན་མིན་དབྱེ་ཞིབ་དགོས་ཤིང་། དཔེར་ན་ཨུདྤལ་ཟེར་བའི་སྨན་དེ་འབྲས་སྤུངས་དགེ་འཕེལ་རིའི་ངོས་སུ་སྐྱེས་པ་དེ་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། རྩྭ་སྨན་དེ་རྒྱ་གར་ཡུལ་དེ་སྐྱེ་དཀའ་བས་ཨུདྤལ་དེ་ཡང་རྒྱ་གར་ཡུལ་དུ་སྐྱེས་པ་ཞིག་ཡིན་དགོས་པས་འདིས་འཚོན་པའི་སྨན་ངོས་འཛིན་གྱི་སྐོར་ལའང་ཏན་ཏན་བསམ་བློ་གཏོང་དགོས་པར་སོགས་བཀའ་སློབ་ཟབ་རྒྱས་སྩལ།
དེ་རྗེས་ད་ཐེངས་ཚོགས་འདུ་ག་འདྲ་བྱུང་བའི་སྐོར་ལ་སྨན་རྩིས་ཁང་གི་འགན་འཛིན་གྱིས་དྲི་ལན་ཕུལ། དེ་ནས་འདྲ་པར་སྒྲོན་ཞིང་ཐམས་ཅད་བདེ་དགའི་ངང་ནས་གྲོལ།
ཆུ་ཚོད་དགུ་པ་གསུང་ཆོས་ཀྱི་ཆེད་དུ་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་རིན་སོང་། ང་ཚོའང་ས་རཱ་རིག་གནས་མཐོ་སློབ་ཏུ་ཚོགས་འདུའི་ཆེད་དུ་འགྲུལ་འཁོར་ལ་བསྡད་དེ་སོང་། དེ་ནས་གསོལ་ཇ་དང་ངལ་བ་ཅུང་ཞིག་བསོས་ནས།
བགྲོ་གླེང་མགོ་འཛུགས་ཞུས། སྨན་པ་པདྨ་འགྱུར་མེད་ཀྱིས་ལ་དྭགས་ནང་དུ་བོད་ཀྱི་གསོ་བ་རིག་པའི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་བྱས།
དེ་རྗེས་ཧོའོི་ལན་ནས་འབྱོར་བའི་སྨན་པ་བློ་བཟང་ཚུལ་ཁྲིམས་ཀྱིས་རྩ་དཀར་མ་ལག་གི་ནད་བཅོས་ཐབས་ཞེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་བྱས་ཤིང་། རྩ་དཀར་གྱི་ནད་ངོས་འཛིན་དང་། དབྱེ་བ། བཅོས་ཐབས་སོགས་དང་། ད་དུང་རྒྱུན་དུ་ནད་པར་སེམས་ཤུགས་སྤར་གཏང་། བྱམས་པོ་བྱེད་ནས་སེམས་པ་ལྷོད་ལ་ཕབ་སྟངས། འཕྲོད་བསྟེན་སྐོར་ལ་བསླབ་བྱ། སྨན་གཅིག་པུ་མ་ཡིན་པར་སྤྱོད་ལམ་དབུགས་སྦྱོང་སོགས་ཀྱིས་མདོར་ན་ནད་པ་དེ་ཉིད་ནད་ལས་གྲོལ་ཐབས་ཀྱི་སྒོ་ལ་བསམ་གཞིག་དགོས་པའི་ལེགས་བཤད་མང་དུ་གསུངས།
དེ་ནས་ཉིན་གུང་གསོལ་ཚིགས་ལ་རོལ།
དེ་ནས་སྨན་པ་ཟླ་བ་ལགས་ཀྱིས་སྔོ་སྨན་དང་ཁྲོག་སྨན་ངོ་སྤྲོད་ཞེས་པའི་དཔྱད་རྩོམ་སྒྲོག་སྦྱོང་གནང་། དེ་ཡང་ཁོང་གིས་དེང་དུ་བོད་ཕྱི་ནང་གཉིས་སུ་སྔོ་སྨན་ངོས་འཛིན་སྟངས་མི་འདྲ་བའི་སྐོར་དང་ལྷག་པར་ལྷ་ས་སྨན་རྩིས་ཁང་དང་། དྷ་ས་སྨན་རྩིས་ཁང་སོགས་ཕལ་མོ་ཆེར་གཅིག་མཚུངས་སུ་ཡོད་ཀྱང་། ཆབ་མདོ་ནས་སྔོ་སྨན་འཁྲུངས་དཔེར་ཤེལ་གྱི་མེ་ལོང་ཞེས་པའི་འདྲ་པར་མཉམ་སྦྱར་ཅན་གྱི་སྨན་དེབ་དེའི་ནང་དུ་རྒྱུད་དང་འགལ་ངེས་པའི་སྔོ་སྨན་མང་དུ་འདུག་ནའང་། དེ་རིང་བཅུ་བདུན་ཐམས་པ་ཚོགས་ཐོག་འདིར་ཐེར་འདོན་བྱས། གཙོ་བོ་ཤེལ་ཕྲེང་ལས་ནུས་པ་དགུ་ལ་ལྟོས་ནས་ངོས་འཛིན་དགོས་པ་སོགས་དཔྱད་གཞི་ཅན་དང་། དོགས་སློང་ངར་མ་ཞིག་བྱས།
དེ་རྗེས་སྨན་པ་འཇམ་དབྱངས་བཀྲ་ཤིས་ཀྱིས་བཙོ་ཐལ་ལག་ལེན་གྱི་སྐོར་ཞེས་པའི་ཐོག་ཏུ་དང་པོ་དངུལ་ཆུ་འདུལ་སྦྱོང་གི་སྨན་གཡོག་ནས་དངོས་སུ་དངུལ་ཆུ་བཙོ་བསྲེག་གི་གཙོ་འཛིན་བར་གྱི་ཉམས་་མྱོང་པར་རིས་དང་བཅས་པའི་སྒོ་ནས་དཔྱད་རྩོམ་རིན་ཐང་ཅན་སྒྲོག་སྦྱོང་བྱས། དེ་རིང་གི་དཔྱད་རྩོམ་རྣམས་རིན་ཐང་ཅན་ཤ་སྟག་རེད་ཅེས་ཞུས་ན་ཆོག་ཅིང་། སྡེ་ཚན་གཉིས་ལས་གཅིག་མ་གཏོགས་གོ་སྐབས་མེད་པས་གཞན་དེར་དཔྱད་རྩོམ་རིན་ཐང་ཅན་མང་པོ་ཞིག་སྒྲོག་སྦྱོང་བྱས་ཡོད་པ་གོར་མ་ཆག
དེ་ནས་གསོལ་ཇའི་བར་གསེང་དང་། ཕྱོགས་མཐའ་ཁག་ནས་ཕེབས་པ་རྣམས་ལ་ལེགས་སྐྱེས་ཕུལ་བ་མཛད་སྒོ་ཚོགས་ཤིང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་ལེགས་སྐྱེས་འབུལ་བ་དང་། མཛད་སྒོ་གཙོ་སྐྱོང་གནང་བ་སོགས་མཛད། དེ་ནས་ཆུ་ཚོད་དྲུག་པ་ཙམ་དུ་ས་རཱ་ནས་ཐོན་ཞིང་རྡ་སྟེང་ཟློས་གར་ཁང་དུ་སྲོལ་རྒྱུན་གྱི་གཞས་སྣ་དུ་མ་གཟིགས་འབུལ་ཞུས།
དེ་རྗེས་དགུང་ཟས་གྱ་ནོམ་པ་ཞིག་གིས་སྨན་པའི་ལྷན་ཚོགས་ཐེངས་གཉིས་པའི་འདུ་འཛོམས་དེ་ཉིད་བདེ་ལེགས་ངང་ཡོངས་སུ་གྲུབ་པ་རེད། 

Sunday, October 28, 2012

རྒྱལ་སྤྱིའི་བོད་སྨན་བགྲོ་གླེང་།། ཉིན་གཉིས་པ།


དེ་རིང་ཞོག་པ་ཆུ་ཚོད་བདུན་པའི་ཐོག་ཏུ་ལངས་ཤིང་། བདུན་དང་ཕྱེད་ཀའི་ཐོག་ནས་མེཀལོ་ལྟེ་གནས་རླངས་འཁོར་འབབ་ཚིགས་སུ་འཛོམས་དགོས་པའི་བརྡ་ཁྱབ་ལྟར་སོང་། དེ་རང་གི་གྲོགས་པོ་རྣམས་འཛོམས་ཟིན་ཞིང་ལམ་དུ་ཆས། ཆུ་ཚོད་དགུ་པའི་ཐོག་ས་རཱ་བོད་ཀྱི་རིག་གནས་མཐོ་སློབ་ཁང་གི་རིག་གནས་སློབ་ཁང་དུ་འགྲོ་གླེང་དབུ་འཛུགས་གནང་། ཀ་ཁ་གཉིས་སུ་བགོས། ཐོག་མར་སོག་པོའི་སྨན་པ་སྣ་ཚོགས་རྡོ་རྗེ་མཆོིག་གིས་རུ་སོག་ནང་གི་གསོ་བ་རིག་པའི་གནས་བབ་ཅེས་པའི་ཐོག་ཏུ་གཏམ་བཤད་དང་དྲི་བ་དྲིས་ལན་བྱས། དེ་རྗེས་རྒྱ་གར་མུམ་བྷེས་ནས་ཐོན་པའི་སྨན་པ། R M Pandey མཆོག་གིས་བོད་སྨན་དང་དེང་དུས་དབྱེ་ཞིབ་རིག་པ་ཞེས་པའི་བརྗོད་གཞི་ཐོག་ཏུ་གཏམ་བཤད་བྱས།
དེ་རྗེས་ཝར་ཎ་མཐོ་སློབ་ཀྱི་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན་མཆོག་གིས་རྩ་རླུང་ཐིག་ལེའི་རྣམ་གཞག་ཅེས་པའི་བརྗོད་གཞི་ཐོག་ཏུ་བོད་སྐད་ཀྱིས་གཏམ་བཤད་བྱས། ཁོང་གིས་རྩ་རླུང་ཐིག་ལེ་སྒོམ་པ་ལ་དུས་འཁོར་ལྟ་བུའི་བསྐྱེད་རྫོགས་སྒོམ་དགོས་པ་དང་། དེ་བསྒོམ་པ་ལ་ཐོག་མར་ཐུན་མོང་ལམ་སྦྱོང་སྔོན་དུ་འགྲོ་དགོས་པ་སོགས་གསོ་བ་རིག་པའི་སྲོག་སྐྱོབས་སྨན་བཅོས་དང་དེ་ཙམ་མ་འབྲེལ་བའི་གཏམ་བཤད་བྱས། མཇུག་ཏུ་དྲི་བ་ཞིག་འདྲི་འདོད་ཀྱིས་ལག་པ་མང་དུ་བསྲིངས་ཀྱང་ལས་ཁང་གི་སྨན་པ་ཞིག་དང་། དགེ་བཤེས་ཤིག་གི་དྲི་བ་གཉིས་ལ་ལན་སྐྱོན་སོང་།
དེ་ནས་ཇའི་བར་གསེང་བྱས།
དེ་རྗེས་སླར་ཡང་རག་རྡོ་མཆོག་གིས་སྨན་དཔྱད་ཟླ་བའི་རྒྱལ་པོའི་གཞུང་ལ་དཔྱད་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་བྱས། གཞུང་འདི་རང་རེའི་ལོ་རྒྱུས་རྣམས་སུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་ཡིན་མིན་སོགས་རྙོག་གླེང་ཡོད་ཀྱང་། དེ་དག་འདི་ཡིན་སོགས་ཀྱི་དོགས་གཅོིད་མཐའ་སྡོམ་གང་ཡང་གནང་མ་བྱུང་།
ཝར་ཎའི་སྨན་པ་དགེ་སློང་རྡོ་རྗེ་དགྲ་འདུལ་མཆོག་གིས་རྒྱུད་བཞི་དང་ཡན་ལག་བརྒྱད་པའི་ཁྱད་པར་ཞེས་པའི་བརྗོད་གཞི་ཐོག་ཏུ་རྒྱ་གར་ཚེའི་རིག་བྱེད་ཀྱི་གཞུང་གང་ལ་བརྟེན་པ་དང་། དུས་རབས་ཀྱི་དབྱེ་མཚམས་སོགས་དང་། ཡན་ལག་བརྒྱད་པ་དུ་མ་ཞིག་ཡོད་པའི་ནང་ནས་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པ་བསྡུས་པ་དང་རྒྱུད་གཞི་གཉིས་གནས་དང་། ལེའུ། ནང་དོན། གྲུབ་ཆ་སོགས་སྒོ་དུ་མ་ནས་དབྱེ་ཞིབ་དང་། གཤིབ་བསྡུར་བྱས་པའི་དཔྱད་རྩོམ་ཡིན་ཐང་ཅན་ཞིག་སྒྲོག་སྦྱོང་བྱས།
དེ་ནས་ཉིན་གུང་གསོལ་ཚིགས་བང་རིང་པོ་ཞིག་སྒྲིག་མཐར་དཀར་ཟས་དམར་ཟས་གང་དགོས་ཀྱིས་མཉེས་པོ་བྱས།
དེ་ནས་ཆུ་ཚོད་གཉིས་པའི་ཐོིག་དུ་སྨན་པ་ཆོས་ལྡན་གྱིས་གཏར་སྲེག་་ལག་ལེན་དམར་ཁྲིད་ཅེས་པའི་བརྗོད་གཞི་ཐོག་ཏུ་གཏམ་བཤད་བྱས། ཞེ་ས་དང་ཁ་བདེ་སོགས་དེ་ཙམ་མེད་ནའང་ཕན་ཚུན་བསམ་ཚུལ་བརྗེ་ལེན་མངོན་གསལ་ཅན་གྱི་བགྲོ་གླེང་བྱས་པའི་སྣང་བ་བྱུང་། ཐོག་མར་གཏར་ཁའི་སྐོར་ནས་གཏར་དགོས་མིན་དང་། སུ་གཏར། ག་དུས་གཏར། ཅིའི་ཕྱིར། ཇི་ལྟར་གཏར་བ་སོགས་རྒྱུད་དང་མཐུན་པའི་བཤད་པ་བྱས། དེ་ནས་རྒྱུན་དུ་ལག་ལེན་དུ་བཀོལ་བའི་གཏར་ཆས་རྣམས་ཀྱང་མིག་བསྟན་དང་གསང་གནས་བཙལ་ཚུལ་སོགས་ཞིབ་བཤད་བྱས། ད་དུང་ཚོགས་འདུ་གཙོ་སྐྱོང་པས་དམར་ཁྲིད་ཀྱི་ཆེད་དུ་དང་བླངས་ཀྱིས་མི་ཞིག་བྱུང་ན་གཏར་ཁ་གདབ་དགོས་པའི་འབོད་སྐུལ་བྱས་པས། སྨན་པར་སྦྱོང་བཞིན་པའི་གྲྭ་པ་ཞིག་གིས་དང་བླངས་བྱས་ཤིང་། སྨན་པ་ཆོས་ལྡན་གྱིས། འཚོག་གསང་དུ་གཏར་ཁ་བདབ་ཅིང་དམར་ཁྲིད་བྱས། ཕྱི་རྒྱལ་བ་རྣམས་དོགས་མ་བདེ་བ་དང་། ཐལ་ཆེ་བའི་སྣང་ཚུལ་མངོན། དེ་ནས་ཁོང་གིས་ཉམས་མྱོང་གིས་སྒོ་ནས་གཏར་ཁ་སུ་ལ་གདབ་ན་ཕན་ཐོག་དངོས་སུ་བྱུང་བ་འགའ་ཞིག་གླེངས། ད་དུང་ཁོང་གིས་བློ་ཁོག་མེད་པ་དང་། མིའི་ཁ་ལ་བལྟས་ནས་བསྡད་ན་ལག་ལེན་རྣམས་ཉམས་འགྲོ་བས་རྒྱུད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་གཏར་དཔྱད་འདི་ལག་ལེན་དགོས་པ་དང་། དེས་ཕྱོགས་གཅིག་ནས་སྨན་བཅོས་སྲོག་སྐྱོབས་ཀྱི་ནུས་པ་འདོན་ཐུབ་པ་དང་། ཕྱོགས་ཅིག་ནས་བོད་ཀྱི་ཐུན་མིན་གྱི་རྒྱུད་ཀྱི་ལག་ལེན་འདི་དག་མི་ཉམས་རྒྱུན་འཛིན་ཐུབ་པའི་དགོས་པ་ཡོད་པར་གསུངས། ངས་སེམས་གཏིང་ནས་ཁོང་ལ་རྒྱབ་སྐྱོར་ཞུས།
དེ་རྗེས་བླ་སྨན་ཚེ་དབང་རྟ་མགྲིན་གྱིས་སྨན་པའི་སྒོ་གསུམ་གྱི་བཟང་སྤྱོད་ཅེས་པའི་བརྗོད་གཞི་ཐོག་ཏུ་དབྱིན་སྐད་ཀྱིས་གཏམ་བཤད་བྱས།
དེ་ནས་ཆུ་ཚོད་གསུམ་དང་སྐར་མ་ཉི་ཤུ་ནས་གསོལ་ཇ་བར་གསེང་སྐར་མ་བཅུ་ཡི་ཡུན་དུ་སྨན་པ་ཆོས་ལྡན་ལ་ཁ་བརྡ་བྱས། ཁོང་གིས་སྨན་པ་ཟེར་བ་དེ་ཤེས་དང་མ་ཤེས། ཕན་དང་མི་ཕན་ལ་མི་ལྟོས་པར་སུས་བོས་ན་ཁ་ཡ་དང་། ནད་པ་སུ་འདྲ་བ་ཐུག་ཀྱང་ཕན་སེམས་ཆེན་པོས་སྨན་བཅོས་བྱེད་དགོས་ཚུལ་སོགས་ཡ་རབས་དྲ་མའི་ལུགས་ཀྱི་བསླབ་བྱ་གནང་།
དེ་རྗེས་བླ་སྨན་ཚེ་དབང་རྟ་མགྲིན་གྱིས་རེག་པ་རྩ་ལ་བརྟགས་པའི་ཉམས་མྱོང་ཞེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་བྱས།
དེ་ནས་ཨ་རི་ཝ་ཤིན་ཀྲོན་ནས་འབྱོར་བའི་སྨན་པ་Daniel Winklerམཆོག་གིས། དབྱར་རྩྭ་དགུན་འབུའི་ཐོག་གི་ཉམས་ཞིབ། ཅེས་པའི་བརྗོད་གཞིའི་ཐོག་ཏུ་གཏམ་བཤད་བྱས། ཁོང་ནི་བོད་ཡུལ་སྟོད་སྨད་བར་གསུམ་གང་སར་སོང་ཞིང་བོད་ཀྱི་འཚོ་བ་དངོས་དང་རྒྱུས་ལོན་བྱས་ཤིང་། རྒྱ་བོད་དབྱིན་གསུམ་གྱི་སྒོ་ནས་དབྱར་རྩ་དགུན་འབུ་ལ་ཉམས་ཞིབ་གནང་འདུག དེ་ཡང་དབྱར་རྩྭ་དགུན་འབུའི་སྐྱེ་འཕེལ་དང་། བཟང་ངན། གོང་ཚད་འཕར་ཆག ཕན་ནུས་སོགས་ཀྱིས་ཞིབ་འཇུག་གི་གཏམ་གཤད་སྣང་བ་འགྲོ་བ་ཞིག་བྱས།
དེ་ནས་སྨན་པ་རྡོ་རྗེ་རབ་བརྟན་གྱིས་ཁྲག་རླུང་སྟོད་འཚངས་ཞེས་པའི་ཐོག་ཏུ་གཏམ་བཤད་བྱས། དེ་ལ་སྨན་པ་ཕན་ཚུན་བར་དུ་ཁྲག་རླུང་སྟོད་འཚངས་ཞེས་པ་ནུབ་ལུགས་ལྟར་ན་གང་ལ་ངོས་འཛིན་དགོས་མིན་བསམ་ཚུལ་སྣ་ཚོགས་ཡོད་པའི་དྲི་ལན་བྱས།
ས་གནས་སོ་སོར་ནས་ཐོན་པའི་སྨན་པ་རྣམས་ཀྱིས་སྒྲོག་སྦྱང་གནང་ཞིང་འདི་ལ་དྲི་བ་དྲི་ལན་སོགས་བྱེད་ས་མི་འདུག་ཅིང་། སྐར་མ་ཟིན་སོང་དེ་མཚམས་སུ་འཇོག་རྒྱུ་རེད་འདུག
མེ་བཙའ་གཏབ་ཚུལ། མོ་ནད་བཅོས་སྟངས། ཁྲག་རླུང་བཅོས་སྟངས་སོགས་ལ་དཔྱད་པའི་རྩོམ་ཡིག་སྒྲོག་སྦྱང་བྱས། དགོང་མོ་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ཏུ་གྲོལ།
དགུང་ཟས་ཟོས་རྗེས། རླངས་འཁོར་དུ་བསྡད་ནས་མེཀ་ལོར་བར་དུ་ཆུ་ཚོད་གཅིག་ཙམ་སོང་། ཤག་ཏུ་སླེབས་སྐབས་ཆུ་ཚོད་དགུ་དང་ཕྱེད་ཀ་རེད་འདུག་ཅིང་། ཉིན་ཐོ་འདི་བྲི་མགོ་བཙུགས།